logo

བོད་ཡིག་ཚན་རྩལ་མིང་བརྡ་ཞུས་གཏན་བྱ་བའི་རྩ་དོན་ལ་དཔྱད་པ་གཟུར་གནས་དགྱེས་པའི་གཏམ །

རྩོམ་པ་པོ།:རྩེ་གཞུང་སྐལ་བཟང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-29 ཀློག་གྲངས།:
  ནང་དོན་གཙོ་བཏུས།  འདིར་བོད་ཡིག་ཚན་རྩལ་མིང་བརྡ་ཚད་ལྡན་དང་གཅིག་གྱུར་བྱ་དགོས་པའི་དོན་སྙིང་དང་ཁྱད་ཆོས། བོད་ཡིག་ཚན་རྩལ་མིང་བརྡ་ཚད་ལྡན་དང་གཅིག་གྱུར་བྱས་པའི་ལོ་རྒྱུས་དང་ད་ལྟའི་གྲུབ་འབྲས། དེང་རབས་བོད་ཡིག་གི་ཚན་རྩལ་མིང་བརྡ་ཞུས་གཏན་བྱ་བའི་རྩ་དོན་གལ་ཆེ་བ་དགུ་དང་ཞུས་གཏན་སྐབས་ཀྱི་་མཉམ་འཇོག་བྱ་དགོས་པའི་གནས་བཅས་ལ་རང་གི་ལག་ལེན་བརྒྱུད་པའི་ལྟ་བ་ཙམ་བརྗོད་ཁུལ་བྱས་ཡོད།
  གནད་འགག་མིང་བརྡ། ཚན་རྩལ་མིང་བརྡ། མིང་བརྡ་ཞུས་གཏན།  རྩ་དོན། གཅིག་གྱུར།

       གླེང་གཞི།

  བོད་མི་རིགས་ནི་འཛམ་གླིང་སྟེང་སྐད་ཡིག་དང་རིག་གནས་ཀྱི་ལོ་རྒྱུས་ཆེས་རིང་བའི་མི་རིགས་ཤིག་ཡིན་ལ། ད་ལྟའི་བར་རང་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ཡར་རྒྱས་སུ་གཏོང་བ་དང་།  མི་རིགས་གཞན་གྱི་རིག་གནས་གསར་བ་ནང་འདྲེན་དང་ལག་རྩལ་གསར་བ་བརྗེ་རེས་བྱེད་པའི་ཁྲོད་དུ་སྐད་ཡིག་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བའི་བྱ་གཞག་དེ་དུས་དང་རྣམ་པ་ཀུན་ཏུ་དམ་པོར་འཛིན་དགོས་པའི་ལས་གཞི་རླབས་ཆེན་ཞིག་ཏུ་འཁུམས།  སྐབས་སུ་བབས་པའི་བོད་ཡིག་ཚན་རྩལ་མིང་བརྡ་ནི་དེང་རབས་ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཤིག་ཡིན་པ་དང་། དེ་ལ་ཞུས་གཏན་བྱེད་པ་དང་ཚད་ལྡན་དུ་གཏོང་བ་ནི་བོད་ཀྱི་རིག་གནས་གསར་གཏོད་བྱེད་པའི་བྱ་གཞག་ཅིག་ཡིན་ལ་དེང་རབས་ཚན་རྩལ་རིག་གནས་དར་སྤེལ་དུ་གཏོང་བའི་བྱ་གཞག་ཅིག་ཀྱང་ཡིན ། དེང་རབས་བརྡ་ཆད་གསར་བ་དང་མིང་བརྡ་གསར་བའི་གྲུབ་ལུགས་ཆོས་ཉིད་ལ་གཟབ་ནན་གྱིས་ཞིབ་འཇུག་བྱས་ནས་དེ་དག་ཚད་ལྡན་གྱི་ལམ་དུ་བཟོ་བཅོས་བྱས་ཏེ་རིག་གནས་གསར་བ་གསར་གཏོད་ཀྱི་ལས་ལ་འབུངས་པ་དང་། དེ་དང་བསྟུན་ནས་ཞུས་གཏན་དང་ཁྱབ་བསྒྲགས་སོགས་ཀྱི་ཐབས་ལམ་བརྒྱུད་དེ་མིང་བརྡ་གསར་བ་དེ་དག་བོད་ཀྱི་སྤྱི་ཚོགས་དང་འབྲེལ་འདྲིས་དམ་ཟབ་ཆགས་པར་བྱས་ཏེ། བརྡ་ཆད་དང་མིང་བརྡ་གསར་བ་དེ་དག་བོད་མི་ཡོངས་ཀྱིས་ལོངས་སུ་སྤྱོད་ཆོག་པའི་ཤེས་བྱའི་རྒྱུ་ནོར་ཞིག་ཏུ་འགྱུར་དགོས ། དེར་བརྟེན ། ཚན་རྩལ་མིང་བརྡར་ཞུས་གཏན་བྱེད་པ་དང་ཚད་ལྡན་དུ་གཏོང་རྒྱུ་ནི་རང་ཅག་བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་བྱ་གཞག་དར་སྤེལ་དུ་གཏོང་བའི་ཆེས་རྨང་གཞི་དང་ལས་གཞི་གཙོ་བོ་ཞིག་ཡིན ། ད་ལྟ་དེང་རབས་ཀྱི་བོད་ཡིག་ཚན་རྩལ་མིང་བརྡ་དེ་དག་ལྗོངས་ཞིང་ལྔའི་ཁོངས་སུ་འཆར་གཞི་དང་རྩ་འཛུགས་ཡོད་པའི་སྒོ་ནས་རིམ་བཞིན་ཚད་ལྡན་དང་གཅིག་གྱུར་གྱི་ལམ་ལ་དངོས་འབེབས་བྱེད་བཞིན་ཡོད་པས་ན་དེང་རབས་བོད་ཀྱི་སྐད་དང་ཡི་གེའི་འཕེལ་རྒྱས་ལའང་སྔར་མེད་ཀྱི་ཟུངས་ཁྲག་དྲོན་མོ་ཞིག་སྦྱིན་དང་སྦྱིན་བཞིན་ཡོད ། གཤམ་ནས་ཕྲན་ཉིད་ལོ་ངོ་བཅུ་ཤས་ཀྱི་རིང་ལ་ལྗོངས་ཞིང་ལྔའི་བོད་ཡིག་ཚན་རྩལ་མིང་བརྡ་ཞུས་དག་དང་གཏན་འབེབས་ཀྱི་ལས་ལ་དོ་ཁུར་ལས་ཞུགས་བྱས་པའི་ལག་ལེན་དང་ཉམས་མྱོང་འགའ་རེ་ཡོད་པ་ཕན་ཚུན་བགྲོ་གླེང་གི་ཚུལ་དུ་བརྗོད་པ་ལ།
  དང་པོ། བོད་ཡིག་ཚན་རྩལ་མིང་བརྡ་ཚད་ལྡན་དང་གཅིག་གྱུར་བྱ་དགོས་པའི་དོན་སྙིང་དང་ཁྱད་ཆོས།

  ༡  དོན་སྙིང་།  
  སྤྱིར་ཚན་རྩལ་མིང་བརྡ་ནི་ཚན་རིག་ལག་རྩལ་འཕེལ་རྒྱས་སུ་གཏོང་བ་དང་བརྗེ་སྤེལ་བྱེད་པའི་བར་སྨྱན་ཕོ་ཉ་ལྟ་བུ་ཞིག་ཡིན་ལ། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས་བྱུང་ཞིང་འགྱུར་ལྡོག་འབྱུང་བཞིན་ཡོད། ཚན་རྩལ་མིང་བརྡ་ཡིས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མཚོན་པར་བྱེད་པ་མ་ཟད། མིའི་རིགས་ཀྱི་བློ་གྲོས་ལས་བྱུང་བའི་ཚན་རིག་ཤེས་བྱ་དག་སྐད་ཡིག་ནང་བྱུང་བའི་ཐ་སྙད་ཀྱི་ཉིང་བཅུད་ཅིག་ཡིན། ཚན་རྩལ་མིང་བརྡ་ཞུས་གཏན་དང་གཅིག་གྱུར་བྱས་ན་ཚན་རྩལ་མིང་བརྡ་ཚད་ལྡན་དུ་གཏོང་བ་མངོན་འགྱུར་བྱ་ཐུབ་པ་དང་། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་ཚན་རྩལ་འཕེལ་རྒྱས་ལ་མཚོན་ན་ཆེས་གལ་ཆེ་བའི་རྨང་གཞིའི་བྱ་བ་ཞིག་དང་དེང་རབས་རིག་ཚན་གསར་བའི་སྒྲོམ་གཞི་འདེགས་བྱེད་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན། གལ་ཏེ་ཆ་ཚང་ཞིང་ཚད་ལྡན་ཅན་གྱི་མིང་བརྡའི་སྲོག་ཤིང་གི་ཆ་རྐྱེན་ཞིག་མེད་ཚེ་དེང་རབས་ཚན་རྩལ་གྱི་འཕེལ་རྒྱས་ནི་ཆེས་དཀའ་ཚེགས་ཆེ་བའི་གནས་སུ་ལྷུང་ཡོད་ངེས་ཡིན། དཔེར་ན། དེང་སྐབས་བོད་ཡིག་ཏུ་བསྒྱུར་ཟིན་པའི་དེང་རབས་རྫས་འགྱུར་རིག་པའི་ནང་། རྫས་འགྱུར་གྱི་གཞི་རྒྱུ་རེ་རེ་ལ་གལ་ཏེ་བོད་ཡིག་རང་གི་ཚད་ལྡན་དང་གཅིག་གྱུར་གྱི་མིང་བརྡ་ཞིག་མེད་ཚེ་ད་དུང་གོ་རིམ་མེད་ལ་རྙོག་འཛིང་གི་གནས་སུ་ལྷུང་ངེས་པ་མ་ཟད་ཚན་རིག་གི་ཆོས་ཉིད་ལེགས་པོ་ཞིག་ཀྱང་རྙེད་དཀའ་བའི་གནས་སུ་ལྷུང་ནས་ད་ལྟའི་རྫས་འགྱུར་རིག་པའི་འཕེལ་རྒྱས་འདི་ལྟ་བུ་ཞིག་འབྱུང་མི་སྲིད་དོ ། །དེ་བཞིན་དུ་རིག་ཚན་གཞན་དག་ཀྱང་དེ་བཞིན་ཡིན་ནོ།།
  ང་ཚོ་རང་མི་རིགས་ཀྱི་སློབ་གསོའི་འཕེལ་རྒྱས་ཁྲོད། བོད་ཡིག་ཚན་རྩལ་མིང་བརྡ་གཅིག་གྱུར་བྱ་དགོས་པའི་བྱ་བ་གཙོ་བོ་ནི་མིང་བརྡ་དེ་དག་ཚད་ལྡན་དུ་གཏོང་རྒྱུ་དེ་ཡིན་པ་དང་། བོད་ཡིག་རང་ངོས་ལ་མཚོན་ནའང་འཛམ་གླིང་སྟེང་མི་རིགས་སོ་སོའི་སྐད་ཡིག་གཞན་དང་བསྡུར་ན་ལོ་རྒྱུས་རིང་ཞིང་གྲུབ་འབྲས་ཕུན་སུམ་ཚོགས་པ། བཀོལ་སྤྱོད་ཀྱི་མི་གྲངས་ཀྱང་ཅུང་མི་དམན་པའི་ཡི་གེ་ཞིག་ཡིན། ད་དུང་དེ་ལས་གྲུབ་པའི་རིག་གནས་རིན་པོ་ཆེ་དག་ནི་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། དེའི་དགེ་སྟོབས་ནི་བོད་ཁམས་ཡོངས་དང་ཀྲུང་གོའི་རྒྱལ་མཚམས་ལས་བརྒལ་ཡོད། ད་ལྟ་ཚན་རིག་དང་། དཔལ་འབྱོར་དང་ ། རིག་གནས་སོགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་དང་བོད་ཁམས་སྤྱིའི་སྟོབས་ཤུགས་ཇེ་རྒྱས་སུ་འགྲོ་བ་དང་བསྟུན་ནས་བོད་ཡིག་གི་ཚན་རྩལ་མིང་བརྡའི་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་རྒྱུན་མི་ཆད་པར་ཇེ་ཆེ་ཇེ་ལེགས་སུ་འགྲོ་ངེས་ཡིན་ལ། དེའི་ཕན་ནུས་ཀྱང་བརྗོད་ཀྱིས་མི་ལངས། དེར་བརྟེན ། བོད་ཡིག་ཚན་རྩལ་མིང་བརྡ་གཅིག་གྱུར་བྱ་རྒྱུ་ནི་རང་མི་རིགས་ཀྱི་དགོས་མཁོ་དང་ ། རྒྱལ་ཁབ་ཀྱི་གཟི་བརྗིད་ཅིག་ཡིན་པ་མ་ཟད ། ཐ་ན་ཨེ་ཤ་ཡ་གླིང་དང་འཛམ་གླིང་གི་བྱས་རྗེས་རླབས་ཆེ་བ་ཞིག་ཏུ་གྱུར་ཡོད་དོ།། ཡང་བྱེ་བྲག་ཏུ་བཤད་ན ། བོད་ཡིག་ཚན་རྩལ་མིང་བརྡ་གཅིག་གྱུར་བྱས་ན་དེང་རབས་ཀྱི་ཚན་རིག་ཤེས་བྱ་ཁྱབ་བསྒྲགས་དང་བསམ་བློ་བརྗེ་རེས་བྱེད་པ ། རིག་གནས་གསར་བ་འཛིན་སྐྱོང་བྱེད་པ ། རིག་ཚན་གསར་བ་དང་གཞུང་ལུགས་གསར་བ་འདོན་སྤེལ་བྱེད་པ ། འཕྲིན་གསར་བརྗེ་སྤེལ་དང་འཚོལ་བསྡུ་བྱེད་པ ། ཚན་རྩལ་གྲུབ་འབྲས་ཁྱབ་སྤེལ་བྱེད་པ། དཔེ་ཆ་དང་དུས་དེབ་དཔེ་སྐྲུན་བྱེད་པ། ཡིག་ཚགས་སྣ་ཚོགས་འཚོལ་ཞིབ་དང་། གསོག་ཉར ། ལེགས་སྒྲིག་བྱེད་པ ། ལྷག་པར་མིག་སྔར་བོད་ཀྱི་སློབ་གྲྭ་ཆུང་འབྲིང་དང་སློབ་ཆེན་བསླབ་དེབ་རྩོམ་སྒྲིག་བྱེད་པ་བཅས་མིའི་རིགས་ཀྱི་རིག་གནས་ཀྱི་ཐོན་ཁུངས་མཉམ་དུ་ལོངས་སྤྱོད་པར་དོན་སྙིང་ཕུན་སུམ་ཚོགས་པ་ཡོད་དོ ། །
  ༢  ཁྱད་ཆོས ། 
  འཛམ་གླིང་གི་མི་རིགས་སོ་སོར་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སྐད་དང་ཡི་གེ་རེ་ཡོད་པ་ནང་བཞིན་རང་མི་རིགས་ལའང་རང་གི་ཁྱད་ཆོས་ལྡན་པའི་སྐད་ཡིག་ཅིག་ཡོད་དེ། བརྡ་ཆད་ཚད་ལྡན་དུ་གཏོང་བའི་བྱ་རིམ་དུ་ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྟེང་བརྡ་ཆད་ཚད་ལྡན་གཏོང་བའི་ཁ་ཕྱོགས་དང་མཐུན་དགོས་པ་མ་ཟད ། ཕྱོགས་གཞན་ཞིག་ནས་རང་མི་རིགས་ཀྱི་སྐད་ཡིག་གི་ཁྱད་ཆོས་ལྡན་ལ་ཚན་རྩལ་འཕེལ་རྒྱས་ཀྱི་གནས་བབ་དང་འཚམ་དགོས། དེང་རབས་བོད་ཀྱི་སྐད་ཡིག་རིག་གནས་ནི་བཅུ་ཕྲག་རིག་གནས་ཙམ་མ་ཡིན་པར་དེ་ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པ། ཐ་སྙད་བགྲང་ལས་འདས་པ། སྒྲའི་གདངས་ཕུན་སུམ་ཚོགས་པ། བསྟན་དོན་ཞིབ་ཅིང་གཏན་ཚིགས་ཚགས་དམ་པའི་སྐད་ཡིག་ཅིག་ཡིན། འོ་ན་དེའི་ཁྱད་ཆོས་ཞིབ་ཏུ་ བརྗོད་ན ། གཅིག་ནས་བོད་སྐད་ཡིག་ནི་ཁྱད་པར་ཅན་གྱི་སྒྲ་སྦྱོར་ཡི་གེ་ཞིག་ཡིན་པའི་ཆ་ནས་སྒྲའི་གདངས་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ཡིག་རིགས་གཞན་གྱི་སྒྲ་དོད་འབེབས་པར་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་ཁྱད་ཆོས་ཡོད་པ་དང་ ། གཉིས་ནས་བོད་སྐད་ཡིག་ལ་རང་གི་ཁྱད་ཆོས་ལྡན་པའི་ཐ་སྙད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་སྟེ། མཁས་དབང་ཆེན་མོ་ཚེ་ཏན་ཞབས་དྲུང་མཆོག་གི་བྱིས་པ་ཀློག་ལ་འཇུག་པའི་ཀ་དཔེ་ཐོན་མིའི་བཞད་སྒྲ་ཞེས་བྱ་བར“འདིར་རང་རེ་བོད་ཀྱི་ཡི་གེ་ལ་བཀླག་པར་བྱར་ཡོད་པའམ་བརྗོད་དུ་རུང་ཚད་ཀྱི་ཡིག་གྲངས་ནི་ས་སྐྱ་བསོད་ནམས་རྩེ་མོས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བའི་ཡི་གེའི་བཀླག་ཐབས་སུ་བརྩིས་པ་ལྟར་ན་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཞེ་ལྔ་དང་།”ཞེས་པ་ལྟར།བོད་སྐད་ཡིག་གི་མིང་ཚིག་ལ་ད་ལྟ་བེད་སྤྱོད་བྱེད་བཞིན་པའང་སྟོང་ཕྲག་བརྒྱད་ཙམ་ལས་འདས་མེད་པར་གསུངས་ཡོད། དེ་ལྟ་ན་ད་དུང་བཀླག་ཏུ་རུང་ལ་སྤྱད་དུ་རུང་བ ། དམིགས་བསལ་གྱི་དོན་མི་སྟོན་ཡང་བསྟན་དུ་རུང་པ་སྟེ། དཔེར་ན ། ཀིམ་ཁིམ་གིམ་ངིམ །  རྟི་རྟུ་རྟེ་རྟོ ། དབྱིན། དབྱི ། ཁཱི་ཁཱུ་ཁཱེ་ཁཱོ། རྐྱེ་རྒྱེ་སོགས་ལྟ་བུའི་ཐ་སྙད་ཆིག་ཁྲི་ལྷག་ཡོད་པས་ན་མིང་བརྡ་གསར་བ་སྔོག་འདོན་གྱི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་ཞིང་སྐད་ཡིག་གི་འཕེལ་རྒྱས་ལ་དོན་སྙིང་བརྗོད་ཀྱིས་མི་ལངས་པ་ཞིག་ཡོད་དོ།།  གསུམ་ནས་ད་ལྟ་བོད་ནང་ཁུལ་དུ་དངོས་སུ་ཞུས་གཏན་པར་བསྐྲུན་བྱས་ཟིན་པའི་རིག་ཚན་ཏེ ། གྲངས་རིག་པ་དང་། དངོས་ལུགས་རིག་པ ། རྫས་འགྱུར་རིག་པ ། རྩིས་འཁོར་རིག་པ ། དེང་རབས་ནུབ་ཕྱོགས་གསོ་བ་རིག་པ་སོགས་རིག་ཚན་ཁ་ཤས་ཀྱི་ཆེད་ལས་མིང་བརྡ་ཁྲི་ཕྲག་བཅོ་བརྒྱད་ལྷག་གི་ལོ་ཙཱའི་ཉམས་མྱོང་ལས་བདེན་དཔང་བྱས་པ་ནི། བོད་ཀྱི་སྐད་ཡིག་གིས་དེང་རབས་ནུབ་ཕྱོགས་རྒྱལ་ཁབ་ཏུ་དར་བའི་རིག་གཞུང་ཚན་རིག་གང་འདྲ་ཞིག་ཇི་ལྟར་ལྐོག་གྱུར་དང་གཏིང་ཟབ་པ་ཞིག་ཡིན་ནའང་བོད་རང་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་བོད་ཡིག་གི་ཚན་རྩལ་མིང་བརྡ་ཚད་ལྡན་འདོན་སྤེལ་བྱེད་ཐུབ།  དེར་བརྟེན ། རང་མི་རིགས་ཀྱི་བོད་ཡིག་ཚན་རྩལ་མིང་བརྡ་གཅིག་གྱུར་བྱེད་པ་ལ་བོད་སྐད་ཡིག་གི་ཕུན་སུམ་ཚོགས་པའི་རྒྱུ་སྣ་ཚོགས་ལ་རྟེན་ཅིང་འབྲེལ་ནས་ཚན་རྩལ་གྱི་གོ་དོན་དང་དགོངས་དོན་ལ་བསྙེགས་ཏེ། ཚན་རིག་གི་ཆོས་ཉིད་དང་མཐུན་ཞིང་བོད་ཡིག་ཐ་སྙད་གྲུབ་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་མིང་བརྡ་མང་བོ་གསར་གཏོད་དང་ཚད་ལྡན་སྒོས་འདོན་སྤེལ་བྱས་ན་ད་གཟོད་བོད་ཡིག་ཚན་རྩལ་མིང་བརྡའི་ཁྱད་ཆོས་དང་དགེ་མཚན་དངོས་ཡིན་ནོ །

  གཉིས་པ ། བོད་ཡིག་ཚན་རྩལ་མིང་བརྡ་ཚད་ལྡན་དང་གཅིག་གྱུར་བྱས་པའི་ལོ་རྒྱུས་དང་ད་ལྟའི་གྲུབ་འབྲས།

  ༡  འདས་པའི་ལོ་རྒྱུས །
  བོད་མི་རིགས་ནི་འཛམ་གླིང་སྟེང་ཆེས་གནའ་རབས་ཀྱི་མི་རིགས་ཤིག་ཡིན་པས་ན་དེའི་ཐ་སྙད་དང་མིང་བརྡའི་བྱུང་བ་ཡང་འཛམ་གླིང་སྟེང་ཆེས་སྔ་བ་ཞིག་ཡིན ། དེ་སྔ་སྤྱི་ལོ ༧༦༣ ལོར ། བོད་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཀྱི་རིང་ལ་མཁན་སློབ་ཆོས་གསུམ་ལྷན་འཛོམས་ཐོག་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་མཛད ། བཙན་པོ་འདིའི་རིང་ལ་ལོ་ཙཱའི་བྱ་གཞག་གོང་འཕེལ་གཏོང་ཆེད་མཁན་སློབ་རྣམ་གཉིས་ཀྱི་ཁྲིད་སྟོན་ལ་བརྟེན་ནས། བོད་མི་ལོ་ཆུང་ཤེས་རབ་ཅན་མང་བོ་བསྡུས་ནས་ལོ་ཙཱ་བསླབས ། རྒྱ་གར་དང་། རྒྱ་ནག  ཁ་ཆེ ། བལ་ཡུལ་སོགས་ཡུལ་ཕྱོགས་ཀུན་ནས་ལོ་པཎ་མང་པོ་གདན་དྲངས་ཏེ “སྒྲ་སྒྱུར་རྒྱ་གར་གླིང” སོགས་བསྒྱུར་གྲྭ་བཙུགས་ཤིང་་སྐབས་དེར་བོད་ཡུལ་དུ་འཛམ་གླིང་རང་བཞིན་གྱི་མཁས་དབང་ལོ་པཎ་ལྷན་རྒྱས་ཀྱི་རིག་གཞུང་བགྲོ་གླེང་ལྟེ་གནས་ཤིག་ཚུགས་ཡོད་པ་དང་བོད་ཀྱི་ལོ་ཙཱ་བ་གསོ་སྐྱོང་ལྟེ་གནས་ཤིག་ཀྱང་ཚུགས་ཡོད་པ་དེ་ནི་རྒྱལ་ནང་ཙམ་མ་ཟད་འཛམ་གླིང་འཛིན་མའི་ཁྱོན་དུ་རིག་གཞུང་བགྲོ་གླེང་འདུ་གནས་བཙུགས་པ་ཆེས་སྔ་ཤོས་ཡིན། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་བཙན་པོའི་ཁྲི་ཐོག་རིམ་བྱོན་ལ་ཕྱོགས་བཞིའི་ལོ་པཎ་མང་པོ་གདན་དྲངས་པ་དང་། བོད་རང་གི་ལོ་ཙཱ་བ་དུ་མས་ཆོས་དང་རིག་གནས་ཀྱི་བསྟན་བཅོས་སྣ་ཚོགས་བསྒྱུར་ཅིང་བསྒྱུར་ཡིག་གོ་དཀའ་ཞིང་བསྒྱུར་མི་བདེ་བ་སོགས་སྐྱོན་ཅི་རིགས་མཆིས་པ་རྣམས་ཕྱི་ནང་གི་མཁས་དབང་ལོ་པཎ་ལྷན་འཛོམས་ཀྱིས་གཞི་རྒྱ་ཆེན་པོའི་སྒོ་ནས་ཞུས་དག་དང་བཀས་བཅད་གཏན་ལ་ཕབ། སྐབས་དེར་ཆོས་གཞུང་ལས་གཞན་ད་དུང་ཚན་རྩལ་གྱི་སྐོར་ལ་ཡང་སྐར་རྩིས་དང་སྨན་དཔྱད་ལག་རྩལ་བརྒྱུད་སྤེལ་དང་གཞུང་ལུགས་བོད་འགྱུར་སྔ་ན་མ་གྲགས་པ་མང་པོ་མཛད་ཡོད་དོ །།
  ཀྲུང་གོ་གསར་བ་དབུ་བརྙེས་རྗེས།རང་རྒྱལ་གྱིས་ཚན་རྩལ་མིང་བརྡ་ཚད་ལྡན་དང་གཅིག་གྱུར་ཡོང་བར་གཙིགས་ཆེན་གནང་བ་དང་། ལྷག་པར་དེང་གི་ཆར་བོད་ཁུལ་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་ཡོང་ཆེད ། རྒྱལ་ཁབ་སློབ་གསོ་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས ༡༩༨༢ ལོའི་ཟླ ༣ པའི་ནང་ ། བོད་ལྗོངས་དང་མཚོ་སྔོན ། སི་ཁྲོན ། ཀན་སུའུ ། ཡུན་ནན་བཅས་ལྗོངས་ཞིང་ལྔའི་འབྲེལ་ཡོད་ཕྱོགས་ཀྱི་མཐུས་ཚབ་རྩ་འཛུགས་གནང་སྟེ ། མཚོ་སྔོན་ཟི་ལིང་དུ་བོད་ཡིག་སློབ་གཞི་མཉམ་ལས་གྲོས་ཚོགས་བསྡུས་ནས་ལྗོངས་ཞིང་ལྔའི་བོད་ཡིག་སློབ་གཞི་མཉམ་ལས་མགོ་ཁྲིད་ཚན་ཆུང་དངོས་སུ་བཙུགས ། ༡༩༨༦  ལོར ། བོད་ཡིག་ཐ་སྙད་གཅིག་གྱུར་ཚད་ལྡན་ཡོང་བ་དང་སློབ་གཞིའི་སྤུས་ཚད་ཇེ་མཐོར་གཏོང་ཆེད ། རྒྱལ་ཡོངས་བོད་ཡིག་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས ། ༡༩༩༤ ལོར །  ལྗོངས་ཞིང་ལྔའི་བོད་ཡིག་སློབ་གཞི་མཉམ་ལས་མགོ་ཁྲིད་ཚན་ཆུང་གི་མིང་དེ་ལྗོངས་ཞིང་ལྔའི་བོད་རིགས་སློབ་གསོ་མཉམ་སྒྲུབ་མགོ་ཁྲིད་ཚན་ཆུང་དུ་བསྒྱུར ། དེར་བརྟེན ། ལས་རིམ་དང་རྩ་འཛུགས་དེ་དག་གིས་བོད་ཡིག་ཚན་རྩལ་མིང་བརྡ་ཚད་ལྡན་དང་གཅིག་གྱུར་ཡོང་བར་སྔ་ན་མེད་པའི་རྨང་གཞི་བརྟན་པོ་བསྐྲུན་ཏེ་ཆེད་ལས་མིང་བརྡའི་རྙོག་འཛིང་གི་རྣམ་པ་དེ་རིམ་བཞིན་བསལ་དང་སེལ་བཞིན་ཡོད་པ་མ་ཟད ། རང་ཅག་བོད་མི་རིགས་ཀྱི་ཤེས་ལྡན་མི་སྣ་དག་གིས་ཚན་རིག་ཞིབ་འཇུག་བྱེད་པ་དང་། སློབ་ཁྲིད་བྱེད་པ ། རིག་གཞུང་བགྲོ་གླེང་བྱེད་པ་སོགས་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་དོ །
  ༢  ད་ལྟའི་གྲུབ་འབྲས །
  ལོ་ངོ་ཉི་ཤུ་ནས་སུམ་ཅུའི་རིང་ལ ། གཅིག་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གིས་མཚོ་སྔོན་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན ། ཀན་སུའུ་ཞིང་ཆེན་སོགས་བོད་ཀྱི་ས་གནས་ཁག་ལ་རང་བྱུང་ཚན་རིག་སྐོར་གྱི་སྐད་གཉིས་དགེ་རྒན་ཚད་ལྡན་གང་མང་གསོ་སྐྱོང་བྱས་པ་དང་། གཉིས་ནས་ལྗོངས་ཞིང་ལྔའི་བོད་རིགས་སློབ་གསོ་མཉམ་སྒྲུབ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ བོད་ཡོངས་ནས་ཆེད་ལས་མཁས་པ་གང་མང་གདན་ཞུ་གནང་སྟེ་དེང་རབས་རང་བྱུང་ཚན་རིག་སྐོར་གྱི་རིག་ཚན་སོ་སོའི་ཆེད་ལས་ཐ་སྙད་ཁྲི་ཚོ་ཉི་ཤུ་ལྷག་གཅིག་གྱུར་དང་དཔེ་སྐྲུན་བྱས། གསུམ་ནས་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་གཉིས་ཀྱི་མཉམ་འབྲེལ་སྟོབས་ཤུགས་ལ་བརྟེན་ནས་ད་ལྟའི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་དང་དཔྱད་གཞི་སྟོང་ཕྲག་ལྷག་རྩོམ་སྒྱུར་དང་དཔེ་སྐྲུན་བྱས། བཞི་ནས་བོད་ཡིག་དུས་དེབ་གཙོ་གྲས་ཁག་ཅིག་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ཀྱིས་གཙོ་བྱས་ཏེ་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་རང་བྱུང་ཚན་རིག་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ་དང་བརྩམས་ཆོས་ཚད་ལྡན་གང་མང་དཔེ་སྐྲུན་བྱས་དང་བྱེད་བཞིན་ཡོད་པ་སོགས་ཚན་རིག་ལག་རྩལ་སྐོར་གྱི་གཞུང་ལུགས་དང་ལག་ལེན་འཕེལ་རྒྱས་ཐད་སྔོན་མེད་ཀྱི་བྱས་རྗེས་བླ་ན་མེད་པ་བཞག་ཡོད་དོ །།

  གསུམ་པ། དེང་རབས་བོད་ཡིག་གི་ཚན་རྩལ་མིང་བརྡ་ཞུས་གཏན་བྱ་བའི་རྩ་དོན་གལ་ཆེ་བ་དགུ།

  བོད་ཡིག་གི་ཚན་རྩལ་མིང་བརྡ་ཞུས་དག་དང་གཏན་འབེབས་བྱ་དུས་གཅིག་ནས་དེང་རབས་ཚན་རིག་ལག་རྩལ་གྱི་རིག་པའི་དགོངས་དོན་དང་མཐུན་དགོས་པ་དང་། གཉིས་ནས་དེང་རབས་བརྡ་ཆད་རིག་པའི་གཞུང་ལུགས་ལ་ཁུངས་བརྟེན་པ་དང་། གསུམ་ནས་བོད་ཀྱི་སྐད་དང་ཡི་གེའི་བརྡ་སྤྲོད་ལུགས་དང་བསྟུན་པ། བ ཞི་ནས་ཚན་རྩལ་མིང་བརྡ་ཞུས་གཏན་གྱི་བྱ་བའི་ལག་ལེན་དང་ཉམས་མྱོང་ལ་བརྩི་སྲུང་བྱ་དགོས། གཤམ་ནས་ཕྲན་གྱི་ལག་ལེན་དང་ཉམས་མྱོང་ལས་བོད་ཡིག་ཚན་རྩལ་མིང་བརྡ་ཞུས་དག་དང་གཏན་འབེབས་ཀྱི་རྩ་དོན་གལ་ཆེ་བ་འགའ་བརྗོད་པ་ལ །
  ༡  དོན་རྐྱང་སྟོན་པའི་རྩ་དོན །
  ཚན་རྩལ་མིང་བརྡ་ནི་དོན་རྐྱང་སྟོན་ལ་དམིགས་བསལ་གྱི་ཁྱབ་ཁོངས་སུ་ཆེད་དུ་སྤྱོད་པ་ཞིག་ཡིན་དགོས་པས་སྤྱིར་བཏང་གི་ཐ་སྙད་དང་མི་འདྲ ། གཞུང་ལུགས་ནང “ མིང་གཅིག་ལ་དོན་གཅིག ”ཏུ་བརྗོད་པ་སྟེ་གོ་དོན་གཅིག་ལ་མིང་བརྡ་གཅིག་གིས་མཚོན་པར་བྱ་དགོས་པས “དོན་གཅིག་ལ་མིང་གཅིག” ཅེས་བརྗོད་ཀྱང་ཆོག་ལ་དེ་ནི་ཆེད་ལས་མིང་བརྡ་ཚད་ལྡན་ཅན་དུ་འགྱུར་བའི་བླང་བྱ་གཙོ་བོ་ཞིག་ཡིན ། དཔེར་ན ། “SARS”  ལ་“གློ་བའི་ཚ་ནད །   མ་ངེས་གློ་ཚད །  ཚད་ལྡན་མིན་པའི་གློ་ཚད །  ས་སི་གློ་ཚད ། སཱར་སི་གློ་ཚད ། ” བཅས་སྒྱུར་སྟངས་ལྔ་ཙམ་ཡོད་པར་མཚོན་ན་ཆེད་ལས་ཀྱི་མཁས་པ་མང་པོ་རྩ་འཛུགས་བྱས་ཏེ་དེའི་གོ་དོན་ལ་ཞིབ་འཇུག་བགྲོ་གླེང་བྱས་མཐར “སཱར་སི་གློ་ཚད ” དང་ཡང་ན “SARS གློ་ཚད” ཞེས་ཞུས་དག་གཏན་ཕབ་བྱས་པ་ཡིན ། གལ་ཏེ་གོ་དོན་གཅིག་ལ་མིང་འགའ་རེ་ཡོད་དུས་ཚད་ལྡན་གྱི་གཞུང་མིང་ཞིག་གཏན་འབེབས་བྱ་དགོས་པ་དང་། དམིགས་བསལ་གྱི་གནས་ཚུལ་འོག་དོན་མཐུན་གྱི་མིང་གི་རྣམ་གྲངས་གཉིས་གཞག་ཆོག ད་དུང་ཕྱི་ཡིག་ལས་མིང་གཅིག་དོན་མང་སྟོན་པ་སྟེ་ དཔེར་ན  །  དབྱིན་ཡིག་མིང་བརྡ  plasma  等离子体 、血浆 ནི་དངོས་ལུགས་རིག་པའི་ནང “གྱེས་རྡུལ་མཉམ་གཟུགས” དང་ཕྱི་ལུགས་གསོ་བ་རིག་པའི་ནང “ ཁྲག་སྐྱོ ” ཞེས་གཏན་ལ་འབེབས་དགོས ། “ ”
  དེས་ན་གཤམ་དུ་ཚན་རྩལ་ལོ་ཙཱ་བ་ཞིག་དང་འགྱུར་ཞུས་པ་ཞིག་ཡིན་ཕྱིན་ངེས་པར་ངེས་དགོས་པའི་ཐ་སྙད་འགའ་ཡོད་ཅིང་།ཐ་སྙད་དེ་དག་གི་གཙོ་ཕལ་སྒྲིག་རིམ་ལའང་དོ་སྣང་གཟབ་ནན་བྱ་དགོས་ཏེ ། ཐོག་མར “གཞུང་མིང ” ཞེས་པ་ནི་རིག་གཞུང་ལས་བྱུང་བའི་མིང་དངོས་ཡིན་ཏེ་སྤྱི་བསྒྲགས་བྱས་ཟིན་པའི་ཚད་ལྡན་གྱི་མིང་བརྡ་ཞིག་ལ་བསྟན་པ་དང་། “བསྡུས་མིང་དང་མིང་ཆ་ཚང” ཞེས་པ་གཉིས་ནི་གཞུང་མིང་དང་ནུས་པ་གཅིག་མཚུངས་སུ་བཀོལ་བའི་མིང་བརྡ་ལ་བསྟན་པ་དང་ ། “མིང་གཞན” ཞེས་པ་ནི་མིག་སྔར་བཀོལ་སྤྱོད་བྱས་ཆོག་ཀྱང་ཚད་ལྡན་མ་ཡིན་པའི་མིང་བརྡ་སྟེ ། སྤྱིར་བཏང་དུ་ཆེས་མང་ནའང་མིང་གཅིག་མ་གཏོགས་ཡོད་མི་ཆོག  ད་དུང “རྒྱུན་གོམས་ཀྱི་མིང ” ཞེས་པ་ནི་རྒྱུན་ལྡན་གྱི་འཚོ་བའི་ནང་སྤྱོད་ནའང་རིག་གཞུང་དུ་མི་སྤྱོད་པའི་མིང་བརྡ་ལ་བསྟན་པ་ཡིན ། “སྔོན་ཆད་ཀྱི་མིང”ཞེས་པ་ནི་ད་ལྟ་དོར་ཟིན་པའམ་སོར་གཞག་གི་རིན་ཐང་མེད་པའི་མིང་བརྡ་རྙིང་པ་ལ་བསྟན་པ་ཡིན ། དཔེར་ན །
    信息   information  ཆ་འཕྲིན །   བརྡ་འཕྲིན །   འཕྲིན་ཆ །
    基因   gene         རྒྱུད་རྒྱུ །    འགྱེན །      གཞི་རྐྱེན །   རྨང་རྐྱེན །
    生态   ecological    སྐྱེ་ཁམས །   རྟེན་འཚོ །    སྣོད་བཅུད།
  དེ་ལྟར་གོང་གི་སྐོར་ཁག་གསུམ་ལས་འགྱུར་མིང་སྔ་མ་ཆ་འཕྲིན་དང་། རྒྱུད་རྒྱུ ། སྐྱེ་ཁམས་བཅས་གསུམ་ནི་གོང་གི་རྩ་དོན་ལས་བསྟན་པ་ལྟར་གཞུང་མིང་དུ་གཏན་ཕབ་བྱ་ཆོག་སྟེ ། དེ་གསུམ་ག་དེང་སྐབས་བོད་ཡིག་རྩིས་ཚན་གཞུང་ལུགས་ལས་ཡང་དག་པ་དང་། ཚད་ལྡན་ཡིན་པ། ནོར་འཁྲུལ་མི་འབྱུང་བ ། རྒྱ་ཆེ་བའི་སྒོ་ནས་སྤྱོད་པ་ཞིག་ཡིན་ལ ། རྗེས་མ་དག་ནི་དེ་དག་གི་འགྱུར་སྔ་མ་ཡིན་མོད། འོན་ཀྱང་མིང་བརྡ་ཞུས་གཏན་གྱི་རྩ་དོན་གཞིར་བཟུང་ན་མིང་གཞན་ནམ་ཡང་ན་དེང་སྐབས་རིམ་བཞིན་འདོར་བཞིན་པའམ་སོར་གཞག་གི་རིན་ཐང་མེད་པའི་མིང་བརྡ་རྙིང་པར་གྱུར་ཡོད་དོ །།
  ༢  ཚན་རིག་གི་བརྗོད་དོན་སྟོན་པའི་རྩ་དོན །
  ཚན་རྩལ་མིང་བརྡ་ལ་ཞུས་དག་གཏན་འབེབས་བྱ་དུས་བསྒྱུར་བྱ་དེའི་ཚན་རིག་གི་གོ་དོན་ཟབ་མོ་ལ་ཁུངས་གཏུགས་ནས་བསྟན་བྱའི་བྱ་དངོས་ཀྱི་ཁྱད་ཆོས་དང་ངོ་བོ་ལ་ལེགས་པར་གཞིགས་ཏེ་ཆད་ལྷག་ནོར་འཛོལ་མེད་པར་ཡང་དག་པར་མཚོན་ཐུབ་པའི་ཚད་ལྡན་གྱི་མིང་གདགས་རྒྱུ་དང་གཏན་ཕབ་བྱ་དགོས ། མིང་བརྡ་ལ་རིག་གཞུང་གི་དགོངས་དོན་ཇི་བཞིན་མཚོན་པར་བྱ་དགོས་པའམ་གཞུང་ལས་བསྟན་པའི་དོན་སྙིང་འདུས་པར་མཉམ་འཇོག་དགོས་ཤིང་རྒྱུན་སྤྱོད་འཚོ་བའི་མིང་བརྡ་གཡོར་བ་ལ་ཚད་བཀག་ཡོད་དགོས།  དཔེར་ན ། དེང་རབས་གསོ་རིག་མིང་བརྡ “心肌梗死”ལ “སྙིང་ཤའི་ཁེགས་ཤི” ཞེས་བསྒྱུར་ཡོད་མོད ། མི་ལུས་གཤགས་འབྱེད་རིག་པའི་གཞུང་གི་གོ་དོན་ལྟར་འགྲེལ་ན་ཁྲག་རྩར་འགག་པ་ཡོད་ལ་ཤ་གནད་ལ་འགག་པ་མེད་པས་ན་དེའི་བསྟན་དོན་ནི་སྙིང་གི་ཤ་གནད་རེངས་ནས་ཁྲག་རྒྱུག་མ་ཐུབ་པའི་ནད་ཅིག་ལ་བརྗོད་པས “སྙིང་ཤ་རེངས་ཤི”¬ ཞེས་བསྒྱུར་ན་བསྟན་དོན་མཚོན་ཐུབ་པ་ཡིན ། ད་དུང་གལ་ཏེ་རྒྱུན་འབྱམས་ཀྱི་ཚན་རྩལ་མིང་བརྡ་ཁ་ཤས་ལ་མིང་དོན་གཉིས་ཀ་མི་ལྡན་པའམ་ཚན་རིག་གི་རང་བཞིན་དང་འགལ་བ་ཞིག་ཡིན་ཚེ་དུས་ཐོག་ཏུ་དག་བཅོས་ཡོ་བསྲང་བྱ་དགོས་པའམ་དེའི་ཚན་རིག་རང་བཞིན་གྱི་བསྟན་དོན་གཙོ་རུ་གཞག་དགོས  ། དཔེར་ན །
    细菌          ཕྲ་སྲིན ། ནད་འབུ་ཕྲ་མོ ། འབུ་ཕྲ །
    霉菌           རླམ་སྲིན །མའེ་འབུ ། རུལ་འབུ །
    螺旋菌       འཁྱིལ་སྲིན ། དུང་འབུ །
  ལྟ་བུར་མཚོན་ན། སྐོར་ཁག་གསུམ་ལས་མིང་བརྡ་སྔ་མ་ཕྲ་སྲིན ། རླམ་སྲིན ། འཁྱིལ་སྲིན་བཅས་གསུམ་ནི་ཚན་རིག་གི་དགོངས་དོན་དང་ཅུང་མཐུན་ལ་ཐ་སྙད་ཀྱི་གྲུབ་ལུགས་ཀྱང་ཅུང་ཚད་ལྡན་ཡིན་ཞིང་ཞུས་གཏན་ཡང་བྱས་ཟིན་པས་དེང་སྐབས་བོད་ཡིག་སྐྱེ་དངོས་རིག་པའི་གཞུང་ལུགས་ནང་རྒྱ་ཆེ་བར་སྤྱོད་བཞིན་ཡོད ། མིང་བརྡ་རྗེས་མ་དག་ནི་དེ་དག་གི་འགྱུར་སྔ་མའམ་དེ་སྔའི་རྒྱུན་འབྱམས་ཀྱི་མིང་འགའ་ཡིན་ལ་མིང་གི་བརྗོད་དོན་མི་གསལ་ཞིང་མིང་གི་གྲུབ་སྟངས་སོགས་ཀྱི་ཆ་ནས་འགྱུར་སྐྱོན་རེ་འགའ་ཡོད་པས་ན་དེང་སྐབས་རིམ་བཞིན་འདོར་བཞིན་ཡོད་དོ །།
  ༣  རྒྱུད་ཁོངས་མ་ལག་དང་མཐུན་པའི་རྩ་དོན །
  ཚན་རྩལ་མིང་བརྡ་ནི་རིག་ཚན་གང་ཞིག་དང་འབྲེལ་ཡོད་རིག་གཞུང་གང་དུ་སྤྱད་ཀྱང་གྲོགས་མེད་ཁེར་རྐྱང་གི་ཚུལ་དུ་ཡོད་པ་ཞིག་མ་ཡིན་པར་གང་དགར་དུ་སྤྱོད་ཆོག་ལ །    སྤྱད་ན་གོ་རིམ་ཡོད་ལ་སྤྱོད་ཡུལ་གཞུང་ལུགས་ཀྱི་མ་ལག་ཏུ་འགྱུར་ཐུབ་དགོས །
  སྤྱིར་མིང་བརྡ་ཞིག་ལ་མཚོན་ན་དེའི་གོ་དོན་དང་འབྲེལ་བའི་མ་ལག་དང་། གཏན་ཚིགས་ཀྱི་འབྲེལ་བ ། མིང་ཚིག་གི་གྲུབ་ནུས་བཅས་ཆ་ཚང་བ་ཞིག་ཡིན་དགོས ། དཔེར་ན ། ས་ཁམས་རིག་པ་དང་སྐྱེ་དངོས་རིག་པའི་མིང་བརྡའི་ཁྲོད་ཀྱི་མིང་མཐའི་ཚིག་གྲོགས 圈 ལ “དཀྱིལ་འཁོར” ཞེས་བསྒྱུར་ཡོད་པ་དང་། རིག་ཚན་དེ་གཉིས་ཀྱི་ནང་སྐྱེ་དངོས་དཀྱིལ་འཁོར་དང་། ཆུའི་དཀྱིལ་འཁོར ། བྲག་རྡོའི་དཀྱིལ་འཁོར ། རླུང་ཁམས་ཆེན་པོའི་དཀྱིལ་འཁོར་ཞེས་རྒྱ་ཆེར་སྤྱོད་ཅིང་མིང་གི་གྲུབ་སྟངས་དང་དོན་གྱི་མཚོན་སྟངས་སོགས་རིག་ཚན་བར་དུ་བརྡ་སྤྲོད་པར་ཕན་ཚུན་གྲོགས་སུ་འགྱུར་བ་ལས་འགལ་ཟླར་གྱུར་མེད ། དེར་བརྟེན་ཞུས་གཏན་བྱ་དུས་མིང་དེའི་གོ་དོན་དང་ཚིག་གྲོགས་སྔ་ཕྱི་དང་། དུས་གསུམ་གྱི་དབྱེ་བ། སྤྱི་དང་བྱེ་བྲག  ཡུལ་དང་དུས ། རྒྱུ་དང་འབྲས་བུ་སོགས་ལ་ལེགས་པར་གཞིགས་ནས་སྡོང་པོ་དང་ཡལ་ག་ལྟ་བུར་མཐུན་པ་ཞིག་ཡོང་དགོས ། དཔེར་ན །
    子    རྡུལ །
    原子མ་རྡུལ ། 分子ཆ་རྡུལ །核子ཉིང་རྡུལ ། 电子གློག་རྡུལ།配子སྡེབ་རྡུལ ། 孢子ཐུམ་རྡུལ །
    界ཁམས །门སྒོ །纲སྐོར །目སྡེ །科ཚན །属ཁོངས །种 རིགས །
    类 “རྫས་འགྱུར་དུ”  རིགས།   “ སྐྱེ་དངོས་སུ ” སྐོར ། རྗེས་མཐུན ། 
    组 སྐོར །  “ སྐྱེ་དངོས་སུ ” ཚོ ། ལྟ་བུའོ།།
  གོང་གི་ཚིག་གྲོགས་སྔ་ཕྱིའི་གྲུབ་ཚུལ་ལས “ རྡུལ ” ལྟ་བུའི་ཚིག་གྲོགས་ལ་མཚོན་ན་དངོས་ལུགས་རིག་པ་དང་། རྫས་འགྱུར་རིག་པ ། སྐྱེ་དངོས་རིག་པ་སོགས་རིག་ཚན་གང་ལ་སྦྱར་ཀྱང་གཞུང་དེའི་སྲོག་ཤིང་དང་ཡན་ལག་ཏུ་གྱུར་པས་ན་དེ་འདྲའི་མིང་དང་ཚིག་གི་གྲུབ་ནུས་ལ་དཔྱད་པ་ཡང་ཡང་གཏོང་རྒྱུ་ཧ་ཅང་གལ་ཆེ།
  ༤  བསྡུས་གསལ་གོ་བདེ་བའི་རྩ་དོན །
  ཚན་རྩལ་མིང་བརྡ་གང་ཞིག་ཞུས་གཏན་བྱ་དུས་ཚིག་བསྡུས་ཤིང་དོན་གསལ་བའི་ཁྱད་ཆོས་ལྡན་དགོས་ཏེ། ཚེག་ཁྱིམ་ཉུང་ཞིང་བསྡུས་པ ། དོན་གསལ་བ ། གོ་བདེ་བ ། ཡིད་ལ་འཛིན་སླ་བ ། ཀློག་བདེ་བ ། འབྲི་སླ་བ། བཀོལ་བདེ་བ་ཞིག་ཡིན་དགོས་པ་ནི་མིང་གདགས་པ་དང་ཞུས་གཏན་གྱི་རྩ་དོན་གཙོ་བོ་ཞིག་ཡིན། དཔེར་ན ། ‘AIDS’ ཞེས་པ་དབྱིན་ཡིག་གི་མིང་ཆ་ཚང་ལ‘Acquired Immune Defciency Syndrome ’ དང་། རྒྱ་ཡིག་གི་མིང་ཆ་ཚང་ལ “获得性免疫缺陷综合征”  དང་། བོད་ཡིག་ལ “རྗེས་ཐོབ་རང་བཞིན་གྱི་རིམས་ཐར་ཆད་ཞན་རྟགས་འདུས་ནད” ཅེས་པར་འགྱུར ། ‘AIDS’ནི་དབྱིན་ཡིག་གི་ཐ་སྙད་རེ་རེའི་ཡིག་འབྲུ་ཐོག་མ་བསྡུས་ནས་གྲུབ་ཡོད ། དབྱིན་བོད་རྒྱ་གསུམ་གྱི་མིང་བརྡ་གང་ལ་མཚོན་ནའང་མིང་སྣ་རིང་དྲགས་པ་དང་བརྗོད་མི་བདེ་བས་བོད་སྐད་ལ་ ‘ ཨེ་ཙི་ནད ’དམ་ཡང་ན ‘AIDS ནད ’ ཅེས་བསྒྱུར་ན་གོང་གི་རྩ་དོན་དང་མཐུན་ཞིང་འཛམ་གླིང་སྤྱི་སྐད་ལ་ཉེ་བའི་ཁྱད་ཆོས་ཡོད་དོ ། དེར་བརྟེན་ཞུས་གཏན་སྐབས་སུ་ཐ་སྙད་ཀྱི་ཕྲེང་བར་གྲུབ་པའི་མིང་བརྡ་ཞིག་ཡིན་ཕྱིན ། ཆེས་ཐོག་མའི་གོ་དོན་མི་འགྱུར་བའི་ཆ་རྐྱེན་འོག་ཚེག་ཁྱིམ་དང་ཡིག་འབྲུ་ཉུང་འཕྲི་བྱ་རྒྱུ་དང་། ཡང་ན་ཐ་སྙད་གང་ཞིག་ཁོར་ཡུག་གང་གི་ཁྱབ་ཁོངས་ངེས་གཏན་དུ་བཀོལ་བ་དང་ཀུན་ལ་རྒྱུས་མངའ་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བསྡུས་འབྲིའམ་སྐུང་འབྲི་བྱེད་པ་དང་། ཆེས་བསྡུས་གསལ་གྱི་དོན་སྒྱུར་དང་སྒྲ་སྒྱུར་ཐབས་ལ་བརྟེན་པ་ལས་མིང་མིན་ཚིག་མིན་གྱི་ཡ་མ་ཟུང་དུ་འགྱུར་མི་རུང་། གཞན་ཡང་ཚན་རྩལ་ཡིག་ཆ་སྒྱུར་སྐབས་བོད་ཀྱི་བརྡ་སྤྲོད་དག་ཡིག་དག་ལས་ཆེས་རྨང་གཞིའི་མིང་དང་རྒྱུན་བཀོལ་བྱ་ཚིག་བཀོལ་བ་ལས་ཀུན་ལ་རྒྱུས་མངའ་མེད་ལ་ཚིག་མཛོད་དག་ལས་ཀྱང་འཚོལ་དཀའ་བའི་མིང་ཚིག་་ཁ་དམ་པོ་ལ་བརྟེན་ན་ཡིག་བསྒྱུར་གྱི་ཆུ་ཚད་མཐོ་བས་མ་ཡིན་ཏེ་རང་མགོ་རང་གིས་རྡུང་བའི་ལོ་ཙཱའི་བླུན་ཚུགས་ཙམ་ལས་མ་འདས་པས་མཉམ་འཇོག་བྱ་དགོས །
    དཔེར་ན །
    电褥子       གློག་གདན །            གློག་བསྐྱེད་ཚ་གདན །
    鼠标          ཙིག་རྟགས །             ཙི་གུ །
    野外实习 རི་ཐང་དངོས་སྦྱོང་།    བྱེས་སུ་དངོས་སྦྱོང །
    纤维          ཚི་སྣ །        བསྡུས་ན “ཚིན”                   肌纤维       ཤ་ཚིན །    
    蛋白          སྤྲི་དཀར །  བསྡུས་ན  “སྤྲིར”              糖蛋白           ཧྭགས་སྤྲིར །
    蝴蝶          ཕྱེ་མ་ལེབ ། བསྡུས་ན  “ཕྱེབ །  ཕྱེ་ལེབ །”     蝶形花           ཕྱེབ་དབྱིབས་མེ་ཏོག   ལྟ་བུའོ །
  གོང་གི་དཔེར་མཚོན་མིང་བརྡ་དག་ལས་གློག་གདན་ནི་གློག་བསྐྱེད་ཚ་གདན་ལས་བསྡུས་གསལ་བརྗོད་བདེ་ཡིན་པ་དང་། ཙིག་རྟགས་ནི་ཙི་གུ་ལས་ཀློག་བདེ་ཞིང་ནོར་འཛོལ་མི་འོང་བ་དང་། རི་ཐང་དངོས་སྦྱོང་ནི་བྱེས་སུ་དངོས་སྦྱོང་ལས་ཁ་གསལ་གོ་བདེ་ཡིན་པ ། ད་དུང་ཚི་སྣ་དང་། སྤྲི་དཀར ། ཕྱེ་མ་ལེབ་སོགས་སོ་སོར་ཚིན་དང་། སྤྲིར ། ཕྱེབ་སོགས་སུ་བསྡུས་པ་འདི་ལྟ་བུའང་དེང་རབས་ཀྱི་ཚན་རྩལ་མིང་བརྡའི་གྲུབ་ལུགས་ནང་ཧ་ཅང་མང་པོ་འབྱུང་བཞིན་ཡོད་པས་ན་མིང་ཚིག་གི་ཚེག་ཁྱིམ་གྲུབ་སྟངས་དང་དོན་སྟོན་པའི་དགོས་པ་དམིགས་གསལ་ཅན་ལ་གཞིགས་ནས་གཏན་ལ་ཕབ་པ་ཡིན་པས་ཞིབ་ཏུ་རིག་ཚན་སོ་སོ་ལས་རིགས་བསྒྲེ་ནས་རྟོགས་པར་བྱའོ །།
  ༥   རྒྱལ་སྤྱི་ཅན་དང་དེང་རབས་ཅན་གྱི་རྩ་དོན །
  ཚན་རྩལ་མིང་བརྡ་ཞུས་གཏན་བྱ་དུས་རྒྱལ་སྤྱིའི་སྟེང་གཅིག་མཐུན་དུ་སྤྱོད་པའི་མིང་བརྡའི་གོ་དོན་དང་འོས་མཐུན་འབྱུང་རྒྱུར་བསམ་གཞིགས་གཏོང་བ་དང་། ལྷག་པར་སྒྲ་གདངས་དང་བརྡ་རྟགས། ཨང་གྲངས་ཀྱི་སྒྲ་གཟུགས་འབེབས་ཚུལ་དག་ཅི་ནུས་ཀྱིས་རྒྱལ་སྤྱིའི་འགྲོ་ལུགས་དང་དེང་རབས་ཀྱི་སྲོལ་ལུགས་ལྟར་འགོད་ཐུབ་པ་བྱ་དགོས ། དེ་ལྟར་བྱ་དགོས་པའི་དམིགས་ཡུལ་ཡང་བོད་སྐད་ཡིག་དང་རྒྱལ་སྤྱིའི་བར་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པར་དགེ་མཚན་མི་དམན་པ་ཞིག་ཡོད་པའི་ཆེད་ཡིན་ལ ། གཞན་ཡང་ཀེ་རེ་སིའི་ཡི་གེ་དང་ ། རོ་མའི་ཨང་གྲངས ། ལ་ཏིང་ཡི་གེ་སོགས་ཀྱིས་གྲུབ་པའི་ཡིག་འབྲུའི་བསྡུས་མིང་གང་མང་འབྱུང་བཞིན་ཡོད་པས་ན་རྒྱལ་སྤྱིའི་སྟེང་གཅིག་མཐུན་དུ་སྤྱོད་པ་དག་སོར་གཞག་བྱས་ན་སྐད་ཡིག་གཞན་པར་བག་ཆགས་འཇོག་པ་དང་། རང་སྐད་རྒྱལ་སྤྱི་ཅན་དང་དེང་རབས་ཅན་དུ་འགྱུར་བར་སྔོན་འགྲོའི་གོམ་ཁ་བསྒྱུར་ཐུབ་བོ །།
དཔེར་ན །  X འཕྲོ་ཐིག  α རིལ་རྡུལ།    β འཕྲོ་ཐིག     AIDZ ནད །   BASIC、DNA、DVD、NBA、GDP  ལྟ་བུའོ །
  ༦   མ་དག་རྒྱུན་གོམས་སོར་བཞག་བྱེད་པའི་རྩ་དོན །
  མ་དག་རྒྱུན་གོམས་ཏེ ། ཚན་རྩལ་མིང་བརྡ་ཁ་ཤས་ནི་མིང་དོན་ཉིས་ལྡན་གྱི་སྒོ་ནས་མིང་ཐོགས་པ་ཞིག་མིན་ཡང་སྤྱད་ཡུན་རིང་ལ་སྤྱོད་ཡུལ་ཁྱབ་རྒྱ་ཆེ་བས་ཚང་མས་གོམས་ཤུགས་ཆེ་བར་གྱུར་ཡོད ། དེར་བརྟེན། མིང་དེ་དག་ལ་ཚན་རིག་གི་རང་བཞིན་དེ་འདྲ་མི་ལྡན་ཡང་སོར་གཞག་དང་དག་བཅོས་ཆེན་པོ་མི་བྱ་བར་རྒྱུན་འཁྱོངས་བྱ་དགོས ། གལ་ཏེ་ཐད་ཀར་འགྱུར་བཅོས་བྱས་ན་རྙོག་དྲ་གསར་བ་བཟོ་ངེས་ཤིང་ཐ་སྙད་གཅིག་གྱུར་ལ་གནོད་པ་ཧ་ཅང་ཆེ ། འོན་ཀྱང་གོང་གི་རྩ་དོན་དག་དང་ཕན་ཚུན་འགལ་བ་ཡོད་དུས་ཕྱོགས་ཡོངས་ནས་བསམ་གཞིག་ལེགས་པར་བཏང་སྟེ་འོས་མཐུན་གྱི་འགྱུར་བཅོས་བྱ་དགོས་སོ ། །
    དཔེར་ན །    糖        ཧྭགས ། མངར །   མངར་ཆ །    青霉素   སྔོ་རླམ་རྒྱུ །  ཆིན་མའེ་སུའུ །  ལྟ་བུར་མཚོན་ན།
  མིང་བརྡ་གཉིས་ལས་མཚོན་པའི་མངར་དང་། མངར་ཆ ། ཆིན་མའེ་སུའུ་ལྟ་བུ་ནི་ཚད་ལྡན་གྱི་ཚན་རྩལ་མིང་བརྡ་ཞིག་མིན་མོད ། དེ་སྔ་ནས་སྤྱད་ཡུན་ཆེས་རིང་བའི་མིང་བརྡ་ཞིག་ཡིན་པས་སྤྱིར་བཏང་དུ་སོར་གཞག་བྱས་པ་ཡིན ། འོན་ཀྱང་ཉེ་བའི་ལོ་འགའི་སྔོན་ལ་རིག་ཚན་འདིའི་སྐོར་གྱི་ཆེད་ལས་མཁས་པ་དང་ཆེད་ལས་དགེ་རྒན་དག་གིས་ཡང་དང་བསྐྱར་དུ་འགྱུར་བཅོས་བྱ་དགོས་པའི་རེ་འདུན་བཏོན་ཞིང་ཚན་རིག་རང་བཞིན་གྱི་སྒྲུབ་བྱེད་དང་རྒྱུ་མཚན་གང་མང་བཀོད་པས་ན་ད་ལྟ “ཧྭགས”དང “སྔོ་རླམ་རྒྱུ” རུ་འགྱུར་བཅོས་བྱས་རྗེས་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། ད་དུང  光盘或光碟 ལ“འོད་སྡེར”ཞེས་རྒྱུན་གོམས་སུ་གྱུར་ཡོད་ན་ཡང་མི་ལ་ལས “ཟེར་སྡེར” དུ་བསྒྱུར་དགོས་པར་འདོད་པ་ལྟ་བུ་ནི་དགོས་མེད་ཀྱི་རྙོག་དྲ་བཟོ་བར་འཁུམས་སོ །
  ༧  བོད་སྐད་ཡིག་གི་ཁྱད་ཆོས་འདོན་པའི་རྩ་དོན  །
  ཞུས་གཏན་བྱ་དུས་བོད་རང་གི་སྐད་དང་ཡི་གེའི་ཁྱད་ཆོས་དང་བསྟུན་དགོས་པ་སྟེ་བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་མི་འགལ་ཞིང་སྐད་ཆའི་སྲོལ་ལུགས་དང་མཐུན་པ་ཞིག་ཡིན་དགོས། ལྷག་པར་མི་རིགས་རང་ལ་ཡོད་པ་སྔོག་འདོན་བྱ་དགོས་པ་དང་།  མེད་པ་གསར་གཏོད་བྱ་དགོས། གལ་ཏེ་སྔོག་འདོན་བྱ་རྒྱུའང་མེད་ལ་གསར་གཏོད་བྱ་རྒྱུའང་དཀའ་དུས་གཞན་ལས་གཡར་དགོས ། རྩ་དོན་འདིའི་ཐབས་ལམ་ལག་བསྟར་བྱ་དུས་སྔ་གཞུག་ཀུན་ཏུ་བོད་ཡིག་རང་གི་ཁྱད་ཆོས་མངོན་རྒྱུ་ནི་ཧ་ཅང་གལ་ཆེ།  དཔེར་ན །
    火星  མིག་དམར །          水星 ལྷག་པ །   木星ཕུར་བུ །
    金星   པ་སངས །         土星  སྤེན་པ །  慧星སྐར་མ་དུ་བ་མཇུག་རིང་ །
  ལྟ་བུ་དང་། གཞན་ཡང་མིང་གི་ཐོག་མཐའ་བར་གསུམ་ལ་བོད་ཡིག་གི་ཁྱད་ཆོས་ལྡན་པའི་ཚིག་གྲོགས་སྦྱར་ཏེ་མིང་གདགས་པ་སྟེ ། དཔེར་ན། ཕོ་དྲེས ། མོ་དྲེས ། མ་ནིང་དྲེས་ལྟ་བུ་ཕོ་མོ་མ་ནིང་གི་སྒོ་ནས་མིང་བཏགས་པ་དང་ ། རྒྱ་གར་ཏིག་ཏ །  ཁ་ཆེ་གུར་ཀུམ ། བལ་བོ་གུར་ཀུམ་ལྟ་བུ་རྒྱ་གར་རྒྱ་ནག་རྒྱ་སེར་བལ་བོ་སོགས་འབྱུང་སའི་གནས་དང་ཡུལ་གྱི་སྒོ་ནས་མིང་བཏགས་པ ། གསེར་ཏིག་དང་། དངུལ་ཏིག  ཟངས་ཏིག ལྕགས་ཏིག་སོགས་གསེར་དངུལ་ཟངས་ལྕགས་ཀྱི་སྒོ་ནས་མིང་བཏགས་པ ། གཅིག་ནས་བརྒྱ་སོགས་གྲངས་ཀྱི་སྒོ་ནས་མིང་བཏགས་པ ། ད་དུང་ཆེ་ཆུང་གི་སྒོ་ནས་མིང་བཏགས་པ་དང་ །  མཆོག་དང་དམན་གྱི་སྒོ་ནས་མིང་བཏགས་པ ། རྒྱལ་པོ་དང་བཙུན་མོ ། བློན་པོ ། དམག་དཔོན ། རིང་ཐུང་། རབ་འབྲིང་ཐ་མ །  རྒོད་དང་གཡུང །  དཀར་པོ་དང་ནག་པོ ། དམར་པོ ། སེར་པོ། ལྗང་ཁུ ། སྨུག་པོ ། སྔོན་པོ །  གངས་བྲག་རྫ་ཐང་སྤང་ཆུ་བརླན ། གདགས་དང་སྲིབ ། ཞི་དྲག །  དགྲ་གྲོགས་གཉེན།  ཞི་ཁྲོ །  ཕ་མ་བུ །  ལྷ་ཀླུ་འདྲེ་གདོན་བདུད་སྲིན་སོགས་ཚིག་སྔ་ཕྱིའི་གྲོགས་སུ་སྦྱར་ན་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་སྐད་ཡིག་གི་གསོས་སུ་འགྱུར་ངེས་པས་ན་གལ་ཆེ་བར་མངོན་ནོ །།
  ༨   རིག་གཞུང་གི་ཁུངས་བཙུན་དགོས་པའི་རྩ་དོན །
  ཚན་རྩལ་མིང་བརྡ་ཞུས་གཏན་བྱ་དུས་མིང་བརྡའི་རིག་གཞུང་གི་ལྟ་བ་གཟེངས་སུ་ཐོན་པ་དང་ལུང་ཁུངས་བཙུན་པའི་ཁྱད་ཆོས་ཡོད་དགོས་པ་ལས་བརྗོད་དོན་མི་གསལ་ཞིང་གནད་ལ་མི་འཁེལ་བའི་འཚོ་བའི་ཁྲོད་ཀྱི་མིང་བརྡ་སྤྱོད་པར་མཉམ་འཇོག་དང་ཚོད་འཛིན་བྱ་དགོས། དཔེར་ན །
    ཏལ ། ས་སྲིན་ཏ་ལ །   ས་འབུ་ནག་རིང་ །   “འཚོ་བའི་ཁྲོད་ཀྱི་མིང ”
              གནམ་གྲུ །               ལྕགས་བྱ །  “འཚོ་བའི་ཁྲོད་ཀྱི་མིང་དང་རྩོམ་རིག་ཁྲོད་ཀྱི་མིང”
              རྒྱུད་རྒྱུ །                  རྒྱུད་པའི་ས་བོན །  “རིང་དྲག་པ”
               ཆུ་ཚན །                 ཆུ་ཁོལ །  “ཡུལ་སྐད་དུ་གྲགས་པ”
               གཙོད །                   བོད་གཙོད །  “རྒྱ་ཡིག་ནས་བོད་ཡིག་དུ་འགྱུར་བ”
               ཉ །                        གསེར་ཉ །  “རྩོམ་རིག་ཁྲོད་ཀྱི་མིང”ལྟ་བུའོ །
  གོང་གི་མིང་བརྡ་སྔ་མ་དག་ནི་དེང་རབས་ཚན་རྩལ་རིག་གཞུང་དང་བོད་ཀྱི་བསྟན་བཅོས་ཁག་གི་གཞུང་མིང་ཚད་ལྡན་དུ་བྱུང་་ཡོད་པ་དང་། ཕྱི་མ་དག་ནི་ཚིག་རྒྱན་དང་འཚོ་བའི་ཁྲོད་བྱུང་ཞིང་ཡུལ་སྐད་ཙམ་དུ་སྤྱོད་བཞིན་ཡོད་པས་ན་དེང་རབས་ཚན་རྩལ་གྱི་གཞུང་དངོས་སུ་མི་བཀོལ་བས་ཞུས་གཏན་བྱ་དུས་རིགས་བསྒྲེས་ནས་རྟོགས་པར་བྱའོ །།
  ༩   མིང་བརྡ་འབྱུང་སའི་ཁུངས་དང་བསྟུན་པའི་རྩ་དོན །
  ཚན་རྩལ་མིང་བརྡ་ཞུས་གཏན་བྱ་དུས་དམིགས་བསལ་གྱི་མིང་བརྡ་གང་ཞིག་ཡིན་ཡང་མིང་དེ་ཐོག་མར་འབྱུང་སའི་ཁུངས་དང་བསྟུན་པའི་རྩ་དོན་རྒྱུན་འཁྱོངས་རྒྱུ་ནི་ཧ་ཅང་གལ་ཆེ། མིང་དང་ ། སའི་མིང ། ཡུལ་མིང་ ། རི་ཆུའི་མིང་། གྲོང་ཁྱེར་གྱི་མིང ། ཚོང་རྟགས་ཀྱི་མིང༌། དམིགས་བསལ་གྱི་བྱ་དངོས་སྣ་ཚོགས་ཀྱི་མིང་སྟེ་དམིགས་བསལ་གྱི་བཏགས་མིང་དེ་དག་ཐོག་མར་གང་དུ་བྱུང་བའི་གནས་དང་མིང་འདོགས་པ་པོ་མི་རིགས་གང་དེའི་ཡི་གེའི་སྒྲ་གདངས་དང་འབྲི་སྟངས་ཇི་བཞིན་ཚད་ལྡན་གྱི་ཐབས་ལམ་ལ་བརྟེན་ནས་རང་སྐད་དུ་སོར་གཞག་བྱ་དགོས་སྟེ ། དཔེར་ན །
    青海同仁               མཚོ་སྔོན་རེབ་གོང་  ། མཚོ་སྔོན་ཐུན་རིན །    
    上海                          ཧྲང་ཧའེ །              ཧྲང་ཧེ །
    北京                          པེ་ཅིང་།                  པེ་ཅིན །
    London        伦敦       ལོན་ཏོན །               ལུན་ཏུན །      
    Jordan        乔丹      ཇོར་ཏཱན།           ཆོ་ཏན །    
    Robinson     罗宾逊    རོ་པིན་སོན །       ལོ་པེན་སུང་ །  
  གོང་གི་བོད་ཡིག་གི་འགྱུར་མིང་སྔ་མ་དག་ནི་རྒྱ་བོད་སྒྲ་སྒྱུར་དང་དབྱིན་བོད་སྒྲ་སྒྱུར་གྱི་ཚད་གཞི་ཡང་དག་པར་ཁུངས་བརྟེན་ནས་བསྒྱུར་ཡོད་པ་དང་།  ཕྱི་མ་དག་ནི་སྒྲ་སྒྱུར་གྱི་ཚད་གཞི་ཡང་དག་པར་མ་བརྟེན་པས་ན་འགྱུར་སྐྱོན་དང་རྙོག་དྲའི་གནས་སུ་ལྷུང་ཡོད  །
  གོང་གི་ཞུས་གཏན་རྩ་དོན་གལ་ཆེ་བ་དགུ་ལས་གཞན་ད་དུང་མཉམ་འཇོག་བྱ་དགོས་པའི་གནས་འགའ་ཡོད་པ་ནི ། ཞུས་གཏན་གྱི་གོ་རིམ་ནང་གཅིག་ནས་ཚན་རིག་རང་བཞིན་གཙོ་རུ་འཛིན་པ་དང་མ་དག་རྒྱུན་གོམས་ཀྱི་མིང་ཕལ་བར་འཇོག་དགོས་པ་དང་ ། གཉིས་ནས་ཚན་རྩལ་མིང་བརྡའི་ཁྲོད་རྒྱལ་སྤྱིའི་ཨང་རྟགས་གཙོ་རུ་འཛིན་པ་དང་སྲོལ་རྒྱུན་ཨང་རྟགས་ཕལ་བར་འཛིན་དགོས་པ ། གསུམ་ནས་རིག་ཚན་ཕལ་བས་རིག་ཚན་གཙོ་བོར་བརྟེན་པ་དང་རིག་ཚན་གཙོ་བོས་རིག་ཚན་ཕལ་བའི་ཁྱབ་ཁོངས་ལ་བསྟུན་དགོས་པ། བཞི་ནས་རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་མིང་བརྡ་གཅིག་གྱུར་ཚད་ལྡན་ཡོང་ཆེད ། ལྷག་པར་སྒྲ་སྒྱུར་གཡར་མིང་སྟེ་མིའི་མིང་དང་། རི་ཆུའི་མིང་། ས་ཆ་དང་ཡུལ་གྱི་མིང་སོགས་དམིགས་བསལ་གྱི་བཏགས་མིང་རྣམས་ཞིང་ལྗོངས་ལྔའི་ཚད་ལྡན་མིང་བརྡ་ལ་ཁུངས་གཏུགས་པར་བྱ་རྒྱུ་དང་ཕན་ཚུན་གྱི་བསམ་བློ་གཅིག་མཐུན་ཡོང་དགོས་པ་ནི་ཧ་ཅང་གལ་ཆེ་བར་མཐོང་ངོ་། །


    རྩེ་གཞུང་སྐལ་བཟང་འབུམ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་། 


འབྲེལ་ཡོད་འོས་སྦྱོར།