logo

སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་ཞེས་བྱ་བ།

རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-14 ཀློག་གྲངས།:
   གསུམ་པ། ལུས་གཅིག་ལ་རྣམ་ཤེས་དུ་མས་བླང་དོར་བྱེད་པ་དང༌། རྣམ་ཤེས་གཅིག་གིས་ལུས་དུ་མ་ལ་འཇུག་ལྡོག་བྱེད་པས་བསྒྲུབ་པ་ནི། དེ་ཡང་གསུང་རབ་རིན་པོ་ཆེ་ལས། ལུས་ནི་མགྲོན་ཁང་དང་འདྲ་ལ། རྣམ་ཤེས་ནི་མགྲོན་པོ་དང་འདྲ་ཞེས་ཡང་ཡང་གསུངས་པ་བཞིན་དུ་ལུས་ནི་ཡུལ་གཅིག་ཏུ་སྐྱེ་ཞིང༌། སྐྱེས་ནས་དེ་ཉིད་དུ་ཞིག་སྟེ་མེད་པར་འགྱུར། རྣམ་ཤེས་ནི་ཡུལ་གཞན་ནས་འདིར་འོང་ཞིང་ཇི་སྲིད་དུ་འཚོ་བའི་བར་ལུས་འདི་ལ་བརྟེན་ནས་གནས་ཏེ། ལུས་ཞིག་པའི་འོག་ཏུ་སླར་ཡང་གནས་གཞན་ཞིག་ཏུ་འགྲོ། དེ་ལྟ་ན་ལུས་སེམས་གཉིས་ནི་གནས་སྐབས་སུ་རྟེན་བརྟེན་པ་མགྲོན་ཁང་དང་མགྲོན་པོའི་འབྲེལ་བ་ལྟ་བུ་ཙམ་ལས་གཞན་ཅི་ཡང་མེད། དེས་ན་ལུས་ཞིག་པ་ཙམ་གྱིས་རྣམ་ཤེས་མེད་པར་མི་འགྱུར་བས། རྣམ་ཤེས་ནི་ཤུལ་རིང་དུ་ཞུགས་པའི་མགྲོན་པོ་ཇི་བཞིན་དུ་ཤེས་པར་བྱའོ། །དེ་ཡང་མི་གསོན་པོ་དག་གི་ལུས་ལ་སེམས་ཅན་གཞན་གྱི་རྣམ་ཤེས་ཞུགས་ཏེ་ལུས་ནི་སྔར་གྱི་མི་དེ་ཡིན་ལ་ཤེས་རྒྱུད་ནི་གཞན་ཞིག་ཏུ་གྱུར་པ་དག་ཡོད་ལ། ཤི་ཟིན་པའི་རོ་ལ་གཞན་གྱི་རྣམ་ཤེས་ཞུགས་ནས་སླར་གསོན་ཏེ་འོང་ཡང་གཤིས་ཀ་ནི་སྔར་གྱི་དེ་གཏན་ནས་མ་ཡིན་པ་ཞིག་ཏུ་གྱུར་པ་དག་ཀྱང་ཡོད་དོ། །དེ་དག་ཀྱང་ལས་ཀྱི་རྣམ་པར་སྨིན་པའི་མཐུས་དེ་ལྟར་གྱུར་པ་དང༌། རྣལ་འབྱོར་པས་སྒོམ་སྟོབས་ཀྱིས་རང་གི་རྣམ་ཤེས་གཞན་གྱི་ལུས་ལ་སྤོ་བའི་གྲོང་འཇུག་བྱེད་པའང་ཡོད་དེ། འདི་ནི་ནང་པར་མ་ཟད་ཕྱི་རོལ་པ་དག་ལའང་ཡོད་པར་གསུངས་སོ། །དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། ཐྭེ་ཝན་གྱི་ད་ལྟའི་ནང་བསྟན་ཞེས་པའི་དུས་དེབ་ཀྱི་གསར་འགོད་པ་བུ་མོ་ལུས་ཡུས་ཀྱིས་ཐྭེ་ཝན་མེ་ཉིབ་ས་ཆར་ཆེད་བསྐྱོད་གཅར་འདྲི་བྱས་ཏེ་གཏན་ལ་ཕབ་པའི་ལོ་རྒྱུས་ཤིན་ཏུ་ཁུངས་ཐུབ་བསྙོན་དུ་མེད་ཅིང་མིག་མཐོང་ལག་ཟིན་དུ་བྱུང་བ་ཞིག་སྣང་ལ་དེ་ཡང་མོ་རང་གིས་བྲིས་པའི་ཡི་གེ་ཚིག་སྣ་བསྡུས་ཏེ་བཀོད་ན་འདི་ལྟ་སྟེ། ད་ལོའི་ ༡༩༦༡ ལོ་མཆན། ཟླ་བ་གཉིས་པའི་ནང་སློབ་དཔོན་ཤིན་ཡུན་ཧོས་ཝེ་ས་ཆར་གདན་ཞུས་ཀྱིས་བཀའ་ཆོས་གནང་སྐབས་ཁོང་དང་མཉམ་དུ་སློབ་དཔོན་ཙེས་ཡུན་ཡང་ཕེབས་འདུག  ཉིན་ཞིག་སློབ་དཔོན་གཉིས་ལ་ང་ཚོ་དགེ་བསྙེན་འགས་ཕེབས་གྲོགས་ཞུས་ཏེ་ཧོས་ཝེའི་ཉེ་འདབས་ཚུ་ཡུན་དགོན་དུ་ཕྱིན། དགོན་དེ་ནས་མེ་ཉོབ་གྲོང་གསེབ་ཀྱི་བུད་མེད་གཅིག་གི་ལུས་ལ་ཡུལ་ཅིན་མུན་གྱི་བུ་མོ་ཞིག་གི་རྣམ་ཤེས་ཞུགས་ཏེ་ད་ལྟ་དངོས་སུ་ཡོད་པ་ཐོས། དེར་ང་ཚོ་ཚང་མ་ཡ་མཚན་ནས་ཡུལ་དེར་ཆེད་བསྐྱོད་ཀྱིས་གཅར་འདྲི་བྱེད་དུ་ཕྱིན། མེ་ཉོབ་གྲོང་བརྡལ་ཀྲུང་ཧྲན་ཁྲོམ་ལམ་སྒོ་རྟགས་གོ་ལྔ་པ་ནི་བུད་མེད་དེའི་ཁྱིམ་རེད་འདུག  བུད་མེད་དེའི་མིང་ལ་ལུན་ཝང་ཡོ་དང༌། དེའི་ཁྱོ་གའི་མིང་ལ་ཝེས་ཆོས་ཏི་ཞེས་བྱ། བུད་མེད་ནི་ཞིང་ནང་དུ་ལས་ཀར་ཕྱིན་པས་མི་འདུག  ཁྱོས་ཚོང་ལས་གཉེར་བཞིན་འདུག  ང་ཚོ་འོང་དོན་ཤེས་འཕྲལ་ཅུང་མ་བདེ་བའི་ཉམས་ཤིག་བྱུང་ཡང་ནན་གྱིས་དྲིས་པས་ཁོང་གིས་སྨྲས་པ། ༡༩༥༩ལོར་ང་རང་ཐྭེ་ཝན་ནུབ་ཕྱོགས་ཀྱི་ཧཱེ་ཧྥོང་གླིང་ཕྲན་དུ་བྱ་བ་བསྒྲུབས་ཏེ་བསྡད། དེ་སྐབས་ངེད་ཁྱིམ་དུ་ལོག་པའི་གྲངས་ཤིན་ཏུ་ཉུང༌། ནམ་ཁྱིམ་དུ་ལོག་ཚེ་ངེད་ཀྱི་ཆུང་མ་ལ་ནད་ཚབས་ཆེ་བ་རེ་འོང༌། ཕྱིས་ཧཱེ་ཧྥོང་གླིང་ཕྲན་གྱི་ལས་ཀ་ཟིན་རྗེས་ངེད་ཁྱིམ་དུ་ལོག་པས་ཆུང་མའི་ནད་ཚབས་ཤིན་ཏུ་ལྕི་ལ། ནད་དེ་ནི་སེམས་ཁམས་མི་བདེ་བའི་ནད་དུ་འདུག་ངེད་ཚོ་མི་མང་པོས་རུབ་སྟེ་བཟུང་ཡང་མི་ཐུབ་པས་སྨྱོ་ནད་སྨན་ཁང་དུ་སྐྱེལ་གྲབས་བྱེད་སྐབས་མོ་ན་རེ། ང་སྨྱོ་ནད་སྨན་ཁང་དུ་མ་འཇུག་ཅིག  ང་ལ་སྨྱོ་ནད་མེད་དེ། ང་ནི་ཅུན་མུན་གྱི་མི་ཡིན། མིང་ལ་ཀྲོས་ཤིག་ཧ་ཟེར། གཞན་གྱི་ལུས་པོ་གཡར་ཏེ་རྣམ་ཤེས་བརྟེན་པ་ཡིན་ཞེས་ཟེར། ངའི་ཆུང་མའི་མིང་སྔར་ལིན་ཞང་ཡོ་ཟེར་ཡང་མོའི་མིང་ལ་ཀྲོས་ཤིག་ཧ་ཞེས་བྱ་ཞེས་ཡང་ཡང་ཟེར་ཏེ་སྐད་ཀྱི་གདངས་ཀྱང་གཞི་ནས་འགྱུར་འདུག  འོན་ཀྱང་ངེད་ཀྱིས་ཆུང་མའི་ལུས་ལ་རྣམ་ཤེས་གཞན་ཞིག་གིས་བདག་གིར་བྱས་པར་ཡིད་ཆེས་གཏན་ནས་མ་བྱས། འཇིག་རྟེན་ཁམས་ན་དོན་ཡ་མཚན་འདི་འདྲ་ཡོད་སྙམ་པ་ཡིད་ལ་ཤར་ཡང་མ་མྱོང༌། ངེད་ཀྱི་ཁྱིམ་དུ་དོན་འདི་འདྲ་བ་འབྱུང་བ་ནི་དེ་བས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་གོ །ཁོང་ང་ཚོར་ཇ་ལྡུག་ཏུ་སོང་ཚེ་ཁོང་གི་ཚ་བོས་ང་ཚོར་སྨྲས་པ། ངེད་ཚོས་ཨ་ཞང་གི་ཆུང་མ་མི་གཞན་ཞིག་ཏུ་གྱུར་པ་ཤེས་རྗེས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་རེ་ཞིག་ནད་གསོ་རུ་བཅུག ཐོག་མའི་དུས་སུ་གང་ལའང་མི་བདེ་བ་ཞིག་སྟེ། ཨ་ཞང་གིས་མོ་ལ་ཨ་ཝང་ཞེས་བོས་ཚེ། མོས་ང་ལ་ཀྲོས་ཤིག་ཧ་ཟེར་གྱི་ཨ་ཝང་མི་ཟེར་ཞེས་དང༌། མོའི་ཨ་ཅེ་དང་མ་རྣམས་ལྟར་འོང་ཚེ། ངས་ཁྱོད་ཚོ་མི་ཤེས་ཁྱོད་ཚོ་སུ་ཡིན་ཟེར་ཞིང་ཁྱིམ་མཚེས་རྣམས་ཀྱང་གཏན་ནས་མི་ཤེས། སྔོན་ཟས་གཡོ་བ་ཙམ་ལས་བྱ་བ་གཞན་ཆེར་མི་ཤེས་ཀྱང་ད་ལྟ་ལས་ཀ་མང་པོ་ཤེས། སྔོན་ཉ་རིགས་ཀྱི་ཤ་ཐམས་ཅད་བཟའ་ཡང་ད་ལྟ་ཉ་ཤ་ཟ་བ་ལྟ་ཅི་རེག་ཀྱང་མི་འདོད། ད་སྔོན་ལོ་གཉིས་ཙམ་གྱི་རིང་ལ་མོ་རང་གི་ཟས་ལོགས་སུ་བཟོས་ནས་ཟ། སྐད་གདངས་ནི་ཅིན་མུན་གྱི་ཡུལ་མིའི་སྐད་གདངས་རང་རེད་འདུག  ཨ་ཞང་ཧཱེ་ཧྥོང་གླིང་ཕྲན་དུ་སྡོད་སྐབས་བུ་མོ་ཞིག་རྒྱུན་དུ་རྗེས་སུ་འབྲངས་ཏེ་འགྲོ་བ་དེར་གནས་ཀྱི་བཟོ་པ་མང་པོས་མཐོང་ངོ༌། །དེ་ཚེ་ང་ཚོའི་ལམ་འཁྲིད་པ་བྱིས་སུས་ཡུས་ནང་དུ་འོངས་ནས་མོ་སྒོ་རྩར་ངུ་ཞིང་འདུག་ནང་དུ་འོང་མི་བཏུབ་ཟེར། ངེད་རྣམས་སྒོར་སོང་ནས་བལྟས་ཚེ་མོ་སྒོ་འགྲམ་གྱི་ཀ་བ་ཞིག་ལ་བསྙེས་ནས་མིག་ཆུ་ཁྲོམ་ཁྲོམ་བཞུར་གྱིན་འདུག་སྟེ་ངེད་རྣམས་ཀྱིས་མོའི་སྔོན་གྱི་ལོ་རྒྱུས་གཅར་འདྲི་བྱེད་རྒྱུ་ཡིན་པ་མོས་ཤེས་ཤིང་དེའི་རྐྱེན་གྱིས་སྔོན་གྱི་ཁྱིམ་སོགས་དྲན་པ་ཡིན་འདུག  དེར་མོ་ལ་སེམས་གསོ་དང་དྲི་བ་བྱས་པས་མོས་སྨྲས་པ། ངའི་ཁྱིམ་ཅིན་མུན་ཁྲོམ་ལམ་གསར་པ་ན་ཡོད། ཕའི་མིང་ལ་ཀྲོས་ཆུན་ཧེ་དང་མའི་མིང་ལ་ཚེ་ཡེ་ཞེས་ཟེར། ང་ལོ་བཅྭོ་བརྒྱད་ལོན་ཚེ་ཅིན་མུན་དུ་འཁྲུག་པ་ལངས་པས་ང་ཚོ་ཉ་པའི་གྲུ་ལ་ཞུགས་ཏེ་བྲོས་པ་ཡིན། མཚོ་ཐོག་ནས་ཡུན་རིང་འགོར་བས་གྲོགས་ཐམས་ཅད་ལྟོགས་གྲིར་ཤི  ཅི་ཞིག་ན་ང་ཡང་བརྒྱལ་ཏེ་དུས་གང་ཙམ་སོང་མ་ཤེས་པར་ཐྭེ་ཝན་ནུབ་མཚམས་སུ་འབྱོར། དེ་ཚེ་ཉ་པ་ཞིག་དང་འཕྲད་དེ་སྲོག་སྐྱོབ་ཞུས་ཀྱང་སླར་ཡང་མཚོ་ནང་དུ་དོར་ནས་སོང་ངོ༌། །མོས་ངེད་རྣམས་ལ་གཏམ་ལེགས་པར་འཆད་འདོད་འདུག་ཀྱང་ངུ་ཞིང་མཆི་མས་བརྣངས་ནས་ཤོད་དུ་མི་བཏུབ་སྟེ་དེ་མཚམས་ལག་གཉིས་ཀྱིས་གདོང་བཀབ་སྟེ་ཁྱིམ་དུ་བརྒྱུགས་སོང་བས་དེ་ཉིན་ངེད་ཚོས་དེ་ལས་འདྲི་མ་ཕོད་པས་འོང་ཁར་གལ་ཏེ་རྗེས་མ་ང་ཚོ་འདིར་འོང་ན་ཁྱེད་ལ་ཕྲེང་བ་ཞིག་འབུལ་ཞེས་སྨྲས་ཏེ་སླར་ལོག་གོ །བྱིས་སུས་ཡོས་ཀྱང་ངེད་ཚོ་དང་མཉམ་དུ་ལོག་སྟེ་རླངས་འཁོར་འབབ་ཚིགས་སུ་འགྲོ་བའི་ལམ་ནས་ཁོང་གིས། ལར་བུ་མོ་འདི་སྲོག་བསྐྱབས་ཏེ་གསོན་དུ་རུང་བ་ཡིན་ཏེ། མོ་གྲུ་ཐོག་ནས་ཉ་པ་དང་འཕྲད་ཚེ་མོས་ཉ་པ་ལ་ཁྱེད་ཀྱིས་ངའི་སྲོག་ཐེངས་གཅིག་སྐྱོབས་དང་ཁྱོད་ཀྱི་ཆུང་མའམ། བུའི་ཆུང་མའམ། ཐ་ན་བྲན་མོ་བྱ་དགོས་ཀྱང་བྱེད་ལ། གྲུ་ནང་དུ་ཡོད་པའི་གསེར་རྣམས་ཀྱང་ཁྱེད་ལ་འབུལ་ཞེས་སྨྲས་ཀྱང་ཉ་པ་སྙིང་རྗེ་མེད་པ་དེས་གསེར་རྣམས་ཕྲོགས་ཏེ་བུ་མོ་མཚོ་ནང་དུུ་འཕངས་པས་ཤི་བ་རེད། མི་རིང་བར་ཉ་པའི་ཁྱིམ་མི་ཐམས་ཅད་གཅིག་རྗེས་གཉིས་མཐུད་ཀྱིས་ཤི་སྟེ་གཅིག་ལུས་པ་དེའང་སྨྱོན་པར་གྱུར་སོང་བས་རྒྱུ་འབྲས་ཞེས་པ་ངེས་པར་བསླུ་མེད་དུ་འདུག་གོ ། ཞེས་ཟེར་རོ། །ད་ལོ་ཟླ་བ་བདུན་པའི་ནང་དགེ་བསྙེན་ཤོང་ཅེས་མུན་ཧོས་ཝེ་རུ་ཆོས་གྲོགས་རྣམས་ལ་སངས་རྒྱས་ཀྱི་བསྟོད་དབྱངས་ཀྱི་གདངས་སློབ་ཏུ་ཕེབས་སྐབས་སློབ་དཔོན་ཙོས་ཡུན་གྱི་ལོ་རྒྱུས་དེ་བསྙད་པས་ཤོང་ཅེས་མུན་ཡང་ཡ་མཚན་ནས་བལྟར་འདོད་ལ་ངེད་ཀྱིས་སྔོན་ནས་ཕྲེང་བ་སྦྱིན་པའི་ཆད་བྱས་ཡོད་པས་ངེད་རྣམས་སླར་ཡང་མེ་ཉོབ་ལ་སོང༌། ཤོང་ཅེས་མུན་སྔོན་ཅིན་མུན་དུ་སྡོད་མྱོང་བས་དེ་གའི་གྲོང་གི་བཟོ་བཀོད་དང་ཡུལ་ལུགས་སོགས་ལ་རྒྱུས་མངའ་ཆེའོ། །ཉིན་དེར་ཆར་འབབ་ཀྱིན་འདུག་པས་ཀྲོས་ཤིག་ཧ་ཞིང་ནང་དུ་ལས་ཀར་མ་སོང་བས་འཕྲད་ཐུབ་པ་བྱུང་ལ་མོ་རང་ལའང་སྔོན་ལྟ་བུའི་མི་བདེ་བ་ཆེར་མི་འདུག  དང་པོ་ཕྲེང་བ་དེ་མོ་ལ་བྱིན། དེ་ནས་ཐད་ཀར་འདྲི་མ་ཕོད་པས་ཐོག་མར་སངས་རྒྱས་ལ་དད་པ་ཡོད་མེད་སྐོར་གླེང༌། དེར་བུ་མོ་ན་རེ། ང་རང་ཆུང་ངུའི་དུས་ནས་སངས་རྒྱས་ལ་དད་ཅིང་ད་ལྟའི་བར་དུའང་ཤ་མི་ཟ། ཅི་འདྲའི་བྲེལ་བ་ཆེ་ནའང་སྔ་དགོང་དུ་སངས་རྒྱས་ལ་ཕྱག་འཚལ་བ་སོགས་བྱེད་ཅིང་ཡོད། ངས་སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་ཡང་དག་ཡིན་པ་ཤེས་བྱུང་སྟེ། མི་དགེ་བ་བྱེད་མཁན་ལ་རྣམ་སྨིན་བདེ་བ་འོང་རྒྱུ་མེད་ངེས་རེད་ཟེར། དེ་དང་བསྟུན་ནས་དྲིས་པ། འོ་ན་ཅིན་མུན་ན་ལྷ་ཁང་ཡོད་དམ། གཞན་དུ་ཡོད་མེད་མ་ཤེས་ཀྱང༌། ངེད་ཀྱི་ཁྱིམ་ན་སྤྱན་རས་གཟིགས་ཀྱི་མཆོད་ཁང་ཡོད། དེར་ཕྱག་འཚལ་བ་སོགས་བྱེད་ལ་ཁྱིམ་མི་ཐམས་ཅད་ཀྱང་སངས་རྒྱས་ལ་གུས་པ་ཤ་སྟག་ཡིན་ཟེར། འོ་ན་ཁྱོད་ཀྱིས་ཅིན་མུན་གྱི་ལོ་རྒྱུས་ཐམས་ཅད་དྲན་ནམ། དྲན་ཡང་ཐམས་ཅད་འདས་ཟིན་པས་སླར་གླེང་བ་ལ་དགོས་པ་མི་འདུག་གོ །གལ་ཏེ་འགའ་ཞིག་གིས་ཁྱོད་ལ་ཕ་མ་རྣམས་འཚོལ་གྲོགས་བྱས་ན་ཅི་སྟེ་ཁྱོད་འདོད་དམ། དེ་ལྟ་ན་ངེད་ཤིན་ཏུ་དགའ་ཡང་གྲོགས་བྱེད་མཁན་མེད་ལ། གལ་ཏེ་བཙལ་ནས་རྙེད་ཀྱང་ངའི་ལུས་འདི་ཅིན་མུན་ན་སྡོད་སྐབས་ཀྱི་ལུས་དེ་མ་ཡིན་པས་ཁོང་ཚོས་ཀྱང་ངོ་ཤེས་དཀའ་ཞེས་ཟེར་ཏེ་མིག་མཐའ་མཆི་མས་གང་ནས་བྱུང༌། དེ་ཚེ་ངས་ཤོང་ཅེས་མུན་དགེ་བསྙེན་ལ་མཛུབ་མོ་བསྟན་ནས་སྨྲས་པ། ཁོང་ཅིན་མུན་དུ་ཡུན་རིང་སྡོད་མྱོང་ལ་དེ་གའི་ལོ་རྒྱུས་ཀྱང་མང་པོ་ཤེས། ཁོང་གི་གྲོགས་མང་པོ་ད་ལྟའང་ཅིན་མུན་ན་ཡོད་པས་ཁྱེད་ལ་གྲོཊ་བྱས་ན་ཅི་འདོད་དམ། གལ་ཏེ་ཁྱོད་ཀྱི་ཕ་མ་དག་རྙེད་ན་ཁྱོད་སླར་ཅིན་མུན་དུ་ལོག་ནས་ཁོང་ཚོ་མཇལ་ཐུབ་མོད། འོན་ཀྱང་ཁྱོད་ཀྱིས་ཕ་མ་དག་ངོས་ཟིན་ནམ། མོ་ན་རེ། ངོས་ངེས་པར་ཟིན་ཏེ། གལ་ཏེ་འགྲོ་རྒྱུ་བྱུང་ན་ཁྱོད་ཀྱིས་ཀྱང་ང་ལ་གྲོགས་བྱས་ནས་སོང་ན་ཅི་འདྲ། ཅི་སྟེ་འགྲོ་རྒྱུ་བྱུང་ན་ངས་ཁྱོད་ལ་གྲོགས་བྱས་ན་ལེགས་ཞེས་སྨྲས་སོ། །དེ་མཚམས་ངེད་རྣམས་ཀྱིས་ལོ་རྒྱུས་ཞིབ་པར་དྲིས་པས་མོས་སྨྲས་པ། ངེད་ལོ་ན་བཅོ་བརྒྱད་དུ་སོན་པའི་ལོ་དེར་མེ་སྒྱོག་འཁྲུག་པ་ལས་གཡོལ་ཆེད་དུ་ཅིན་མུན་ན་སྡོད་པའི་དམག་དཔུང་རྣམས་བྲོས་འཐོར་བྱ་རྒྱུ་ཡིན་པ་ཐོས་ཏེ་ཡུལ་མི་རྣམས་སྐྲག་སྟེ་སོ་སོར་ཉ་པའི་གྲུར་ཞུགས་ཏེ་བྲོས། ངེད་ཀྱི་ཁྱིམ་མི་རྣམས་ཚོང་ལས་གཉེར་པ་ཡིན་པས་ངེད་ཚང་ལ་ཉ་གྲུ་མེད་པས་ངེད་བྲེལ་ཚུབ་ངང་ཕ་མ་གཉིས་དང་གྱེས་ཏེ་གཞན་ཞིག་གི་གྲུར་ཞུགས་ཏེ་བྲོས། དེ་ཉིན་ཕ་མ་སོགས་དང་གྱེས་རྗེས་སླར་མི་འཕྲད་པ་ནི་མ་ཤེས། ངེད་རྣམས་བྲོས་ཕྱིན་པའི་ཉིན་དེར་ཕར་ཕྱོགས་ནས་མེ་སྒྱོག་གི་སྒྲ་ཤིན་ཏུ་མང་པོ་ཐོས། གྲུ་མཚོ་ནང་དུ་ཕྱིན་པ་ན་ལམ་སྟོར་ཏེ་གར་འགྲོ་འདིར་འགྲོ་མ་རྙེད། མི་མང་པོ་ལྟོགས་གྲིར་ཤི  ཉིན་དུ་ཙམ་སོང་མ་ཤེས་པར་གྲུ་ཆུས་ཁྱེར་ཏེ་མཚོ་གླིང་གི་འགྲམ་དུ་འབྱོར། དེ་ཚེ་དེར་གྲུ་གཞན་རྣམས་ཀྱང་ཁྱེར་ཏེ་བྱུང༌། མི་མང་པོས་གྲུ་བོར་ཏེ་ཆུ་ལ་རྐྱལ་ནས་ཕར་འགྲམ་དུ་སོང༌། ང་གྲུ་ནང་དུ་བརྒྱལ་ཏེ་ལུས་ཚེ་ཉ་གྲུ་ཞིག་བྱུང་ནས་ཉ་པས་བརྒྱལ་བ་ལས་བསླངས། དེ་ཚེ་ངས་ཐཱེ་ཝན་ཤིས་ཐཱེ་རུ་འབྱོར་བ་ཡིན་པ་གཟོད་ཤེས། ཉ་པས་རྒྱུ་མཚན་དྲིས་པར་གཏམ་སྦ་གསང་མེད་པར་བཤད་པ་ཡིན་ཞེས་ཟེར་ཞིང༌། དེ་མཚམས་ཡང་མིག་ཆུ་ཤར་ཤར་དུ་བཞུར་དེ་བྱུང༌། འོ་ན་དེ་ཚེ་ཉ་བས་ཁྱོད་ཀྱི་གསེར་རྣམས་སཕྲོགས་ནས་ཁྱོད་མཚོ་ནང་དུ་འཕངས་པས་ཕྱིས་ཁོའི་ཁྱིམ་མི་ཐམས་ཅད་ཤི་ནས་སྨྱོན་པ་ཞིག་ལས་མ་ལུས་ཞེས་པ་བདེན་ནམ། གཏམ་དེ་ཁྱོད་ཀྱིས་ཀྱང་ཐོས་སམ། གསེར་ཐམས་ཅད་ངའི་མ་ཡིན་མི་གཞན་མང་པོ་ཞིག་གིས་ཁྱེར་ཏེ་འོངས་པ་རེད། ཁོའི་ཁྱིམ་མི་རྣམས་ཤི་བ་བདེན་ཡང་དེ་ནི་ང་དང་གྲུ་གཅིག་ཏུ་ཞུགས་པའི་མི་རྣམས་ཀྱིས་བྱས་པ་སྟེ། ང་ནི་སངས་རྒྱས་ལ་དད་མཁན་ཡིན་པས་དེ་འདྲ་མི་བྱེད་དོ། །ཡང་དྲིས་པ། འོ་ན་ཁྱོད་ཁྱིམ་འདིར་མ་འོངས་པའི་སྔར་གང་དུ་བསྡད། མོས་སྨྲས་པ། ཐཱེ་ནུབ་ཤང་གི་ཧཱེ་ཧྥོང་གླིང་ཕྲན་དུ་བསྡད་དོ། །དེ་ནས་ཅིན་མིན་གྱི་ལོ་རྒྱུས་རྣམས་ཞིབ་པར་དྲིས་པས་ལན་བཏབ་པ་རྣམས་ཤིན་ཏུ་འགྲིག་པ་བྱུང༌། མོ༡༩༥༤ལོར་ཅིན་མུན་ནས་བྲོས་ཕྱིན་པ་ཡིན་འདུག  དེ་ནས་འོང་ཁར་ངེད་རྣམས་ཀྱིས་མོ་ལ་སེམས་གསོ་བྱས་ཤིང་མོ་དང་མཉམ་དུ་འདྲ་པར་ཞིག་ཀྱང་བླངས་ཏེ་སླར་ལོག  ལུན་ཝང་ཡོའི་བུ་ཝེས་ཧྲིན་ཡན་གྱིས་ངེད་རྣམས་སྐྱེལ་མ་བྱེད་སྐབས་ལམ་ནས་སླར་ཡང་ཁོའི་མའི་ལོ་རྒྱུས་གླེང་སྟེ། ཁོ་ན་རེ་ངའི་མ་མེ་ཉོབ་ས་ཆ་རང་དུ་སྐྱེས་ཤིང་ཆུང་ངུ་ནས་འདིར་སྡོད་པ་ལས་ཧཱེ་ཧྥོང་དང་ཅིན་མུན་དུ་གཏན་འགྲོ་མ་མྱོང་བཞིན་ས་ཆ་དེ་དག་གི་རྒྱུས་མངའ་བ་དང༌། ཉེ་འབྲེལ་རྣམས་མི་ཤེས་ལ་ལུས་ནི་མའི་ལུས་རང་ཡིན་ཡང་མོ་ལུན་ཝང་ཡོ་མིན་ཟེར་བས་ངེད་ཅི་བྱ་གཏོལ་མེད་དུ་གྱུར། ལོ་དེར་ངེད་ཧྥེ་ལུས་པུན་དུ་དབྱར་ཁའི་སྒར་ཚོགས་ལ་ཞུགས་སྐབས་ངེད་རྣམས་ཀྱི་ཁྲོད་ན་ཅིན་མུན་གྱི་མི་ཞིག་ཡོད་དེ། ཁོའི་སྐད་གདངས་ནི་གཞན་རྣམས་དང་མི་འདྲ་བ་ཞིག་འདུག  སླར་ཁྱིམ་དུ་འབྱོར་རྗེས་མ་ནད་ལས་གྲོལ་ནས་སྐད་གདངས་དེ་ཁོ་ན་ལྟར་གྱུར་སོང་ལ་ཅིན་མུན་གྱི་ལོ་རྒྱུས་ཀྱང་མང་པོ་ཤེས་པས་ཅིན་མུན་གྱི་མི་ཞིག་ཡིན་ངེས་རེད་ཅེས་ཟེར་རོ། །ལོ་རྒྱུས་དེའི་མཇུག་ཏུ་འདི་ལྟར་བྲིས་འདུག་སྟེ། ངེད་ཀྱིས་མི་རྣམས་ཡ་མཚན་ཏེ་བུ་མོ་དེར་ལྟ་བར་འགྲོ་བའི་ཆེད་དུ་ལོ་རྒྱུས་འདི་བྲིས་པ་མ་ཡིན་གྱི། ནང་བའི་གཞུང་ལས་གསུངས་པའི་རྒྱུ་འབྲས་དང་རིགས་དྲུག་གི་རྣམ་བཞག་རྣམས་ངེས་པར་དོན་ལ་གནས་པ་ཞིག་གོ་ཞེས་ཤེས་པའི་ཆེད་དུའོ། །ཞེས་སོ། །དེས་ན་ལོ་རྒྱུས་འདི་ནི་མངོན་སུམ་དུ་བལྟར་ཡོད་པའི་སྐབས་དེ་ཉིད་དུ་བྲིས་ནས་ཐཱེ་ཝན་གྱི་ད་ལྟའི་ནང་བསྟན་ཞེས་པའི་དེབ་ཏུ་བཀོད་ནས་ཀུན་ལ་བསྒྲགས་པ་ཡིན་པས་ཡིད་བརྟན་ཕེར་བར་མངོན་ནོ། །
   དེ་བཞིན་དུ་ཨ་རིར་ཡང་ལོས་ལན་ཤིས་ཞེས་པའི་བུ་མོ་ཞིག་གི་ལུས་ལ་ཉེ་འདབས་སུ་ཡོད་པའི་ལོ་ཧྥུ་ཁྱོ་ཤུག་གི་བུ་མོ་ཚེ་དུས་བྱས་པ་མ་ལིས་ཞེས་པ་དེའི་རྣམ་ཤེས་ཞུགས་ཏེ་སྔར་གྱི་ཁྱིམ་དུ་སྡོད་མི་འདོད་པས་མ་ལིས་ཀྱི་ཁྱིམ་དུ་སྤོས། མ་ལིས་ཆུང་ངུའི་དུས་ཀྱི་ལོ་རྒྱུས་མང་པོ་བཤད་པ་ཐམས་ཅད་བདེན་པ་ཁོ་ནར་བྱུང་བས་ཁྱིམ་མི་དག་གིས་མ་ལིས་ཉིད་ཀྱི་ཡང་སྲིད་ཡིན་པའི་ཡིད་ཆེས་ཐོབ། དེ་ལྟར་ཡུན་རིང་ཙམ་དུ་གནས་ནས་སླར་ཡང་སྔར་གྱི་ལོས་ལན་ཤིས་ཉིད་དུ་གྱུར་ཏོ། །
    ཡང་སྤྱི་ལོ༡༩༥༤ལོའི་དཔྱིད་ཀར་རྒྱ་གར་ན་ལོ་གསུམ་དང་ཕྱེད་ལོན་པའི་བྱིས་པ་ཡ་སུ་ཕེ་ཞེས་པ་ཞིག་ཡོད་པ་ཚེ་དུས་བྱས། ཁྱིམ་མི་དག་གིས་སྤུར་འཇུག་བྱ་བའི་གྲབས་བྱས། ཕྱིར་ཉིན་ཞོགས་པར་བྱིས་པ་སླར་གསོན་བྱུང་བས་ཕ་མ་གཉིས་ཤིན་ཏུ་དགའ། འོན་ཀྱང་བྱིས་པ་ནི་མི་གཞན་ཞིག་ཏུ་གྱུར་འདུག་སྟེ་སྔར་ནི་རིག་པ་བརྟུལ་ཞིང་རྒྱུད་འཇམ་པ་ཞིག་ཡིན་ན་གྲུང་ཞིང་སེམས་སྐྱིད་པོ་ཅན་ཞིག་ཏུ་གྱུར། དེར་མ་ཟད་ཁོའི་ཁྱིམ་ཡུལ་ཝེ་ཤིས་ཏིས་ན་ཡོད་ཅིང་མིང་ལའང་སོ་ཕེ་ཧ་ཞེས་བྱ་ཟེར། སོ་ཕེ་ཧ་བྲམ་ཟེའི་རིགས་ཡིན་ལ་ཁྱིམ་འདི་དམངས་རིགས་ཡིན་པས་ཁྱིམ་མི་རྣམས་དང་ཟས་མཉམ་དུ་བཟར་མི་འདོད། ཕ་མ་གཉིས་ཀྱིས་བྱིས་པ་ནད་ཀྱི་དབང་གིས་སེམས་འཁྲུགས་སོ་སྙམ་དུ་བསམས་ནས་ཡིད་འཇོག་ཆེར་མ་བྱས། འོན་ཀྱང་ཉེ་འདབས་ཀྱི་བྲམ་ཟེའི་རིགས་ཀྱི་བུད་མེད་ཅིག་བོས་ཏེ་བྱིས་པར་ཟས་གཡོ་བཀོལ་བྱེད་དུ་བཅུག ༡༩༥༧ ལོར་ཡུལ་ཝེ་ཤིས་ཏེས་ཀྱི་བྲམ་ཟེའི་རིགས་ཀྱི་བུད་མེད་ཅིག་འོངས་པ་བྱིས་པས་མཐོང་མ་ཐག་ངོ་ཤེས་ནས་ཁུ་བོའི་ཆུང་མ་ཡིན་ཞེས་ཟེར་བས་ཐམས་ཅད་ཡ་མཚན། ཕྱིས་སུ་བྱིས་པ་ཡུལ་ཝེ་ཤིས་ཏེས་སུ་ཁྲིད་དེ་བརྟག་དཔྱད་བྱས་པས་སོ་ཕེ་ཧའི་སྡོད་གནས་དང་ཁྱིམ་མི་སོགས་མང་པོ་ངོས་ཟིན། སོ་ཕེ་ཧ་ཤི་བ་དང་བྱིས་པ་ཡཱ་སུ་ཕེ་སླར་གསོན་པ་གཉིས་དུས་མཉམ་དུ་བྱུང༌། ཕྱོགས་གཉིས་ཀའི་ཁྱིམ་མི་རྣམས་ཀྱིས་སོ་ཕེ་ཧ་ཉིད་ཡ་སུ་ཕེའི་ལུས་ལ་ཞུགས་པས་མི་གཉིས་གང་ཟག་གཅིག་ཏུ་གྱུར་བར་སེམས། ཡཱ་སུ་ཕེ་ཡང་ཁྱིམ་གཉིས་ཀར་འགྲོ་སྡོད་བྱེད་དོ། ། དེ་རྣམས་ནི་ལས་སོགས་རྐྱེན་གཞན་གྱི་དབང་གིས་བྱས་པ་ཡིན་ལ། སྒོམ་པའི་སྟོབས་ཀྱིས་གྲོང་འཇུག་བྱས་ཚུལ་ནི་མར་པ་ལོ་ཙཱའི་སྲས་དར་མ་མདོ་སྡེ་ལྟ་བུ་ཡིན་ཏེ། དེ་ཡང་མར་བའི་རྣམ་ཐར་ལས། དེ་ནས་སྲས་ནང་དུ་གདན་དྲངས། ཡབ་ཡུམ་བུ་སློབ་རྣམས་ཀྱིས་མཐའ་བསྐོར་ནས་བཞུགས་པ་ལ། ཉ་མ་དཔལ་མོ་ལ་སོགས་པ་དད་ཅན་འགས། སེམས་ཅན་གྱི་དོན་དུ་གྲོང་འཇུག་མཛད་པར་ཞུ་ཞེས་པས། སྲས་ཀྱི་ཞལ་ནས། འོ་ན་མ་བསྒོམས་པར་སངས་རྒྱ་བ་འཕོ་བ་གྲོང་འཇུག་གི་གདམས་པ་འདི་བོད་དུ་དར་བ་ཞིག་འདོད་ན། ཁྱེའུ་གཙང་མའི་རོ་ལ་རྨ་མེད་པ་ཞིག་ཚོལ་གསུངས་པས། དེར་བུ་སློབ་རྣམས་ཀྱིས་ཕྱོགས་བཞིར་ཁ་བཀྲམ་ནས་བཙལ་བས། མ་བསྒོམས་པར་སངས་རྒྱ་བ་འཕོ་བ་གྲོང་འཇུག་གི་ཆོས་བོད་དུ་དར་བའི་སྐལ་བ་མེད་པ་ལ་བརྟེན་ནས། སྐྱེས་པ་ཁྱོ་གའི་རོ་རྨ་མེད་པ་ནི་གཅིག་ཀྱང་མ་རྙེད། སློབ་མ་སྔགས་པ་ཅིག་གིས་རྒན་མོ་ཝ་བ་ལོག་ནས་ཤི་བའི་རོ་ཅིག་ཁུར་བྱུང་སྟེ། འདི་ལ་འཕོ་བ་ཞུ་ཞུས་པས། འགྲོ་དོན་མི་ནུས་པས་མི་འཕོ་གསུང༌། མ་འཕོས་པས། ཡང་སློབ་མ་ལུག་རྫི་ཅིག་གིས། ལྷ་ཁང་གོག་པོ་ཅིག་གི་ནང་ནས། ཕུག་རོན་ཁྲས་དེད་དེ་ཧར་ནས་ཤི་བའི་རོ་ཅིག་རྙེད་པ་ཁྱེར་བྱུང་སྟེ། འདི་ལ་འཕོ་བ་ཞུ་ཞུས་པས། དུད་འགྲོ་ལ་འཕོས་ཀྱང་འགྲོ་དོན་མི་འོང༌། ང་སྐྱེ་བ་ཇེ་དམའ་ལ་བཏང་བ་ལ་ཁྱེད་ལ་དགོས་པ་ཡོད་དམ། ང་ཕུག་རོན་ལ་མི་འཕོ་གསུང༌། འཕོ་རུ་མ་འདོད་པས། དེར་སློབ་མ་འགའ་དང་ལུག་རྫི་ལོག་ལྟ་སྐྱེས་ཏེ། སྐྱེས་མཆོག་མར་བ་ལོ་ཙཱ་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་གདམས་ངག་ཡོད་ཟེར་ཏེ་མི་བདེན་པ་འདུག་གོ །སྔར་བླ་མ་རང་གིས་མཛད་པ་དེ་རྣམས་ཀྱང་མིག་འཕྲུལ་ཡིན་པ་འདུག་ཟེར་བྱུང་བས། དེར་སྲས་ཀྱི་ཞལ་ནས། སྤྱིར་གྱིས་རྒྱ་གར་ནས་བསྒྱུར་བའི་ཆོས་ལ་མི་བདེན་པ་ག་ལ་སྲིད། སྒོས་སུ་ཡང་ཕ་ཇོས་གསུངས་པའི་ཆོས་ལ་མི་བདེན་པ་ག་ལ་སྲིད། བླ་མ་ལ་ལོག་ལྟ་མ་བྱེད། བླ་མ་ལ་ལོག་པར་བལྟས་ན་ངན་སོང་འཁོར་བའི་རྒྱུ་ཡིན་ནོ། །ད་སྤྱིར་གྱིས་སངས་རྒྱས་ཀྱི་བསྟན་པ་དར་བའི་ཕྱིར་དང༌། སྒོས་སུ་ཡང་ཕ་ཇོས་གསུངས་པའི་ཆོས་རྣམས་བཀའ་བཙན་པའི་ཕྱིར་དང༌། ཡང་སྒོས་ལུག་རྫི་ཁྱོད་སོགས་ངན་སོང་དུ་མི་ལྟུང་བའི་ཕྱིར་དུ། ངས་ཕུག་རོན་ལ་འཕོ་བར་བྱའོ། །དེ་ལ་ད་ལྟ་ང་བསྐྱེད་རིམ་ལ་ཡོད། རྫོགས་རིམ་དུ་བསྡུས་ནས་འཕོ་བ་ཡིན། བསྐྱེད་རིམ་གྱི་ངང་ནས་འཕོས་ན་ཡི་དམ་གྱི་ལྷ་བསད་པའི་ལྟུང་བ་འོང་བ་ཡིན་པས། ངས་རྫོགས་རིམ་དུ་བསྡུས་ཀྱིས། ཕུག་རོན་དེ་ངའི་སྔས་མགོར་ཞོག་ལ་མཆོད་པ་ཤོམས་ཤིག་གསུང་པ་ལྟར་མཆོད་པ་བཤམས་ནས། སྲས་ཀྱིས་བསྐྱེད་རིམ་གསལ་བཏབ་ཚེ། དགེས་པ་རྡོ་རྗེ་སྤྲུལ་པའི་ལྷ་དགུ་ཁྲ་ལམ་མེ་ཡོད་པ། ཐ་མལ་བ་ཀུན་གྱིས་ཀྱང་མཐོང་བར་བྱུང་ངོ༌། །རྫོགས་རིམ་དུ་བསྡུས་ནས་འཕོ་བ་མཛད་ཚེ། སྐུའི་མདངས་ཡལ་སོང་བ་དང༌། ཕུག་རོན་ཅུང་ཟད་འགུལ་བ་བྱུང༌། སྲས་སྐུ་ཡལ་བ་དང༌། ཕུག་རོན་ཧར་ལངས་ནས་སྤྲུག་ཅིང༌། ཡབ་ཡུམ་གཉིས་ལ་ཕྱག་འཚལ་བའི་ཚུལ་དང་བསྐོར་བ་གསུམ་བྱས་ནས། གྲོ་བོ་ལུང་གི་ཕུ་ན་ཡར་འཕུར་སོང་བ་ལས། ཡབ་ཀྱི་ཞལ་ནས། བུ་ཚུར་ལོག་ཤོག་ཅིག་གསུངས་པ་དང༌། འགྲོ་བའི་འཕྲོ་ལ་ལོག་བྱུང་སྟེ། སྲས་མཁར་ལ་བསྐོར་བ་གསུམ་བྱས་ནས་ཡབ་ཀྱི་སྐུ་དཔུང་གཡས་པའི་སྟེང་དུ་བབས་ནས་བཞུགས་པར་གདའ། དེར་ཡབ་ཀྱི་ཞལ་ནས། བདག་མེད་མ་འོ་སྐོལ་ལ་བུ་ཕུག་རོན་ལ་རེ་བའི་དུས་བྱུང་བས། ད་མཆོད་ཁང་དུ་གདན་དྲངས་ལ་མཆོད་པ་ཕུལ་ཅིག་གསུང༌། དབུ་རྩེར་གདན་དྲངས་མཆོད་པ་ཕུལ་ཏེ་བཞུགས་སུ་བཅུག  པུར་དང་གཤེགས་རྫོངས་དུས་གཅིག་མཛད་པ་ལས། སྲས་ཀྱིས་པུར་ཁང་བརྩིགས་ནས་ཡབ་དང་བུ་ཆེན་རྣམས་ཀྱིས་མེ་མཆོད་མཛད་པས། ཕྱོགས་བཞི་མཚམས་བརྒྱད་ནས་འོད་ཟེར་མི་འདྲ་བ་སྣ་བརྒྱད་ཟུག  ལྷ་དང་ལྷ་མ་ཡིན་གྱི་སྒྲ་དང༌། རོལ་མོ་སྣ་ཚོགས་དང༌། མེ་ཏོག་སྣ་ཚོགས་ཀྱི་ཆར་བབས་པ་མིས་མངོན་སུམ་དུ་མཐོང་བ་བྱུང༌། དེའི་ཚེ་འཕོ་བ་མཛད་པའི་ཕུག་རོན་དེ་དར་ལམ་ལ་གདན་དྲངས་པ་ལ་ཡབ་ཀྱི་ཞལ་ནས། བུ་པུར་ཁང་ལ་བསྐོར་བ་གྱིས་ཤིག་གསུངས་པ་ལྟར། ཕུག་རོན་གྱིས་པུར་ཁང་ལ་བསྐོར་བ་མཛད་པས། དེར་ཚོགས་པའི་སྐྱེ་བོ་རྣམས་ཡ་མཚན་ཞིང་ངོ་མཚར་ཆེ་བས། བླ་མ་ཡབ་སྲས་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་པར་གྱུར་ཏོ། །དེའི་ཚེ་ཡུམ་བདག་མེད་མ་གང་ནས་བྱུང་ཆ་མེད་ལ་ཕེབས་ཏེ། པུར་ཁང་དུ་མཆོང་གྲབས་མཛད་པ་གྲྭ་བ་རྣམས་ཀྱིས་བཟུང་བའི་ཚེ། ང་མེ་ལ་མཆོང་དུ་མི་འཇུག་རུང༌། བུའི་པུར་ལ་བསྐོར་བ་བྱེད་དུ་ཆུག་གསུང༌། བཤུམས་པ་དང་བཅས་ཐུགས་འབྱུང་བའི་གསུང་སྣ་ཚོགས་འདོན་ཞིང་བུ་ཆེན་རྣམས་ཀྱིས་སྐུ་སྐྱོར་ཏེ་པུར་ཁང་ལ་བསྐོར་བ་མཛད་པས། དེ་ལ་བརྟེན་ལྷོ་བྲག་གི་མི་དེར་འདུས་པ་ཐམས་ཅད་མཆི་མ་མ་ཤོར་བ་གཅིག་ཀྱང་མེད་དོ། །དེ་ནས་མཆོད་འབུལ་རྣམས་གྲུབ་པའི་ཚེ། རྗེ་མར་བ་དགོངས་པ་ལ་བཞུགས་ཏེ། སྲས་ཀྱི་འགྲོ་དོན་གང་ན་ཡོད་གཟིགས་པས། རྒྱ་གར་ན་ཡོད་པ་མཁྱེན་ཏེ། ཕུག་རོན་ལ་མཆོད་པ་ཕུལ་ཞལ་བཀོད་མཛད་ནས། ཁྲོམ་ཀུན་གྱིས་མཐོང་སར་རྒྱ་གར་ལ་འཕུར་བཏང་སྟེ། དགོངས་པ་ལ་བཞུགས་པ་ལས། བླ་མའི་ཞལ་ནས། བདག་མེད་མ་མཆོད་པ་རྙིང་པ་རྣམས་བསྡུས། གསར་བ་ཤོམས་ཤིག་ངའི་བུའི་ལམ་ནོར་གསུངས་ཕྱག་ཐལ་མོ་བརྡབས། དབུ་གཏུམས་ནས་དགོངས་པ་ལ་བཞུགས་པས། ཉི་མ་དགོངས་མོར་སོང་བ་དང་ཕུག་རོན་དེ་ཐང་ཆད་པའི་ཚུལ་དང་བཅས། ཡབ་ཀྱི་པང་དུ་བཙངས་བྱུང་བས། དོ་ནུབ་ཕུག་རོན་མཆོད་ཁང་དུ་གདན་དྲོངས་ལ་མཆོད་པ་ཕུལ་གསུངས་པ་ལྟར། མཆོད་ཁང་དུ་གདན་དྲངས་མཆོད་པ་ཕུལ་བས། ནངས་པར་ཡང་མི་མང་པོ་ཚོགས་པའི་སར་ཕུག་རོན་དེ་གདན་དྲངས་ཏེ། ཡབ་ཀྱི་ཞལ་ནས། བུ་ཁྱོད་ཀྱི་ཁ་སང་གི་ལམ་དེ་ནོར་བ་ཡིན་ནོ། །ད་དུང་ཡང་གཡོན་རི་དུག་སྦྲུལ་ཐུར་དུ་རྒྱུག་པ་འདྲ་བ་འདི་ལ་ཕྱིན་ན་སླར་ཡང་མུ་སྟེགས་ཀྱི་གླིང་དུ་སླེབ་འོང་བས་དེ་ལ་མ་འཁྲི་བར། གཡས་རི་གླང་པོ་ཆེ་བྲེས་ན་ཉལ་བ་འདྲ་བ་འདིའི་རྒྱུད་ཟུང་ལ་སོང་ཞིག འདིའི་རི་རྒྱུད་རྫོགས་མཚམས་སུ་ཡི་དམ་གྱིས་འོད་ཀྱི་ལམ་སྣ་ཅིག་ཡོད། དེའི་ཕྱི་བཞིན་བྱོན་པས། བསིལ་བ་ཚལ་གྱི་དུར་ཁྲོད་ན། བྲམ་ཟེའི་ཁྱེའུ་ལོ་བཅུ་གསུམ་ཙམ་ལོན་པའི་རོ་སྐྱེལ་བ་དང་ཕྲད་འོང་བར་འདུག་པས། དེ་ལ་གྲོང་འཇུག་མཛོད་ལ་སེམས་ཅན་གྱི་དོན་མཛོད་ཅིག་གསུངས་པས། ཕུག་རོན་དེས་ཡབ་ཡུམ་ལ་བསྐོར་བ་ལན་གསུམ་དང༌། ཕྱི་ཕྱག་གི་ཚུལ་དུ་དབུ་གུག་གུག་པ་ལན་གསུམ་མཛད་ནས། ཡབ་ཀྱི་བཀའ་བཞིན་འཕུར་སོང་བས་མི་ཀུན་མཆི་མ་ཤོར་ཞིང༌། གྲོང་འཇུག་ལ་ངེས་ཤེས་འདྲོངས་པས། རྗེ་བཙུན་མར་པ་ལ་ཀུན་གྱིས་སངས་རྒྱས་དངོས་སུ་མཐོང་བར་གྱུར་ཏོ། །དེ་ནས་ཕུག་རོན་དེ་ཡབ་ཀྱི་བཀའ་བཞིན་བྱོན་པས། བར་ཆད་མེད་པར་བསིལ་བ་ཚལ་གྱི་དུར་ཁྲོད་དུ། བྲམ་ཟེ་བཟའ་མི་གཉིས་ལ་བུ་གཅིག་ཡོད་པ་དེ་ཤི་བའི་རོ་སྐྱེལ་བ་དང་ཐུག་སྟེ། སྐྱེལ་མི་རྣམས་རོ་ཚོགས་བྱེད་ཚེ་ཕེབས་པ། དེ་མ་ཐག་རོ་ལ་གྲོང་འཇུག་མཛད་ནས་བཞེངས་པས། རོ་སྐྱེལ་མི་རྣམས་འཇིགས་པ་ལས། སྔར་ཡབ་ཀྱི་ཐུགས་རྗེས་རྒྱ་སྐད་བརྡ་འཕྲོད་ཙམ་མཁྱེན་པས་ང་རོ་ལངས་མིན་ང་རང་སོས་པ་ཡིན། ཁྱིམ་དུ་འགྲོ་གསུངས་པས། ཁོང་རྣམས་དགའ་དྲགས་ཧ་ལས་ངོ་མཚར་དུ་གྱུར་པ་དང་སྡེབས་བྱོན་པས། སྔར་གྱི་བྱིས་པ་རྩེད་གྲོགས་རྣམས་ན་རེ། ཁོ་མ་ཤི་བར་འདུག་ཟེར་མདུན་དུ་བྱུང༌། ཡུལ་མི་རྣམས་ན་རེ། རིམ་གྲོ་ལ་དུར་ཁྲོད་དུ་ཕྱིན་པར་འདུག་ཟེར། ཕ་མ་གཉིས་དང་ཕྲད་པས་འཚིངས་ཏེ་བརྒྱལ་བ་ལས་སངས་པ་དང༌། ཤི་བ་སོས་པ་ལ་དགའ་ལུགས་ཇི་ལྟར་ཡོད་པ་ལྟར་དགའ་སྟེ། རོ་སྐྱེལ་མི་རྣམས་ལ་སོས་ལུགས་ཇི་ལྟར་བྱུང་དྲིས་པས། བུའི་རོའི་གམ་དུ་ཕུག་རོན་ཅིག་འཕུར་བྱུང་བ་དེ་མགོ་གུག་གུག་བྱས་ནས་ཤི་སོང་བ་དང༌། བུ་སོས་བྱུང་ཟེར་རོ། །ཕ་མས་སྔར་ལྟར་བརྩེ་བས་སྐྱོང་ཞིང་འགྲོགས་པ་ལས། སྔར་གྱི་བུ་དེ་བས་ཤེས་རྒྱུད་དལ་ཞིང་ཆོས་ལ་དཀར་བ། ཕ་མ་ལ་གུས་ཤིང་དབུལ་ཕོངས་ལ་བྱམས་པ། དཀོན་མཆོག་ལ་མོས་ཤིང་དགེ་བ་ལ་བརྩོན་པ་ཞིག་འདུག་པས། སྔར་གྱི་བུ་དེ་མིན་པར་ཤེས་ཏེ། ཇི་ལྟར་ཡིན་དྲིས་པས། ཕུག་རོན་གྱིས་གྲོང་འཇུག་བྱས་པ་སོགས་ལོ་རྒྱུས་རྒྱས་པར་བཤད་པས། རྒྱ་གར་གྱི་ཡུལ་དེའི་སྐད་དུ། ཕུག་རོན་ལ་ཏེ་ཕུ་ཟེར་བས། དེ་ལ་ཡ་མཚན་པར་བྱས། མཚན་ཏེ་ཕུ་བར་ཆགས་པ་ལས། བུའི་འདུ་ཤེས་མེད་པར་བླ་མ་ཟེར་ཏེ། རྒན་རྒོན་གཉིས་པོས་ཞབས་ཏོག་བྱས་པ་ལས། ཚེ་འདིར་ཡང་བུ་དང་འདྲ་བའི་ཕན་ཐོགས་བྱུང་ཞིང༌། མཐར་རབ་ཏུ་བྱུང་ནས་ཐོས་བསམ་སྒོམ་གསུམ་མཛད་པས། མཁས་གྲུབ་ཀྱི་སྐྱེས་ཆེན་ཏེ་ཕུ་གསང་སྔགས་ཀྱི་སྡོང་བོ་ཞེས་བྱ་བ་དེ་བྱུང་བར་གདའ། རྒྱ་གར་གྱི་ལོ་རྒྱུས་འདི་དག་ཕྱིས་རས་ཆུང་བ་ལ་ཏེ་ཕུ་པས་གནང་བ་ལགས་སོ། །ཞེས་གསུངས་སོ། །བཞི་པ་རྣམ་ཤེས་ལུས་དང་གྱེས་ཏེ་ཕྱི་རོལ་དུ་རང་རྐྱ་ཐུབ་པར་གནས་པའི་ཚུལ་གྱིས་སྒྲུབ་པ་ནི། ལུས་དང་སེམས་གཉིས་ནི་གོང་དུ་བཤད་པ་བཞིན་ལས་ཀྱིས་ཇི་ལྟར་འཕངས་པ་བཞིན་རེ་ཞིག་ལྷན་ཅིག་ཏུ་གནས་པ་ཙམ་ཡིན་གྱི་ལུས་ཀྱི་ཆ་ཤས་སམ་ལུས་ཀྱི་འབྲས་བུ་མ་ཡིན་ཏེ། གལ་ཏེ་ཡིན་ན་རྣམ་ཤེས་ལུས་དང་བྲལ་ཏེ་ལུས་ཀྱི་ཕྱི་རོལ་ཏུ་སོང་ནས་ཚུར་རང་གི་ལུས་ལ་ལྟད་མོ་ལྟ་བ་དང༌། ལུས་ཤུལ་དུ་བཞག་སྟེ་རྒྱང་རིང་པོར་འགྲོ་བ་དང༌། ལུས་དང་གཏན་དུ་བྲལ་ཏེ་སྲིད་པ་བར་མ་དོར་འགྲོ་བ་རྣམས་མི་སྲིད་པ་ལས་དེ་དག་མངོན་སུམ་དུ་བྱུང་དང་འབྱུང་བཞིན་པ་ཡིན་པའི་ཕྱིར་རོ། །དེ་རྣམས་ལས་ཀྱང་གསོན་པའི་དུས་སུ་རྣམ་ཤེས་ལུས་ལས་ཐོན་ནས་ཕྱི་རོལ་ཏུ་ཕྱིན་པ་རང་གི་མངོན་སུམ་གྱིས་ཉམས་སུ་མྱོང་མཁན་འཛམ་གླིང་ཤར་ནུབ་གཉིས་ཀྱིས་མཚོན་པའི་རྒྱལ་ཁབ་སོ་སོར་ཆེས་ཤིན་ཏུ་མང་པོ་འདུག་ལ། དེ་དག་སོ་སོའི་རིག་གཞུང་གི་རྐྱེན་གྱིས་ཁྱད་པར་ཅུང་ཟད་རེ་བྱུང་ཡང་སྤྱི་རིགས་ནས་ཉམས་མྱོང་རྣམས་གཅིག་མཐུན་དུ་བྱུང༌། ཉམས་མྱོང་དེ་བྱུང་བའི་མི་ནི་སྔར་བཤད་པ་བཞིན་ཨ་རི་ཁོ་ནར་ཡང་ ༡༩༩༢ ལོར་བརྩིས་པས་མི་བྱེ་བ་གཅིག་དང་ས་ཡ་གསུམ་བྱུང་འདུག་ན་ད་ལྟ་ནི་དེ་བས་ཀྱང་མང་བ་སྨོས་ཅི་དགོས། འདི་ལ་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པའང་མང་པོ་ཡོད། ནུབ་ཕྱོགས་ཀྱི་དེང་རབས་རིག་གཞུང་ལ་མཁས་པའི་རབ་འབྱམས་པ་མང་པོས་ཡང་དང་ཡང་བརྟགས་ནས་གཏན་ལ་ཕབས། འདི་དང་གོང་གི་གཉིད་འབེབས་གཉིས་པོ་འཛམ་གླིང་གང་སར་དར་ཁྱབ་ཤིན་ཏུ་ཆེ། དེང་རབས་ཀྱི་རིག་གསར་གྱིས་ཀྱང་དགག་ཐུབ་པ་ལྟ་ཅི་ཐ་ན་འགྲེལ་བཤད་དོན་མཐུན་ཞིག་ཀྱང་ད་དུང་བྱེད་མ་ཐུབ། ཉམས་མྱོང་དེ་དག་ཐམས་ཅད་རང་རེའི་ཐོས་གྲོལ་གྱི་བར་དོའི་ངོ་སྤྲོད་ལས་གསུངས་པ་ཇི་ལྟ་བ་བཞིན་དུ་བྱུང་འདུག་པས་ནུབ་ཕྱོགས་ཀྱི་ཕུལ་དུ་བྱུང་པའི་མཁས་པ་དག་ནི་ཐོས་གྲོལ་གྱི་ངོ་སྤྲོད་འདི་ལ་ཧ་ལས་པའི་ངོ་མཚར་ཆེན་པོ་བྱེད་ཅིང་འདུག་སྟེ་ཅུང་ཟད་འོག་ཏུ་འཆད་དོ། །འོ་ན་ཉམས་མྱོང་དེ་རྣམས་ཇི་ལྟ་བུ་ཞིག་ཅེ་ན། གོང་དུ་བཤད་པའི་རབ་འབྱམས་པ་མོས་ཏིས་ཀྱིས་ཕྱོགས་བསྒྲིགས་བྱས་པ་ལས་འགའ་ཞིག་འདིར་འགོད་དེ། བུད་མེད་ཅིག་ན་རེ། ལོ་གཅིག་གི་སྔོན་ངེད་ལ་སྙིང་ནད་བྱུང་ནས་སྨན་ཁང་དུ་བསྡད། ཉིན་གཉིས་པའི་ཞོགས་པར་ཧ་ཅང་ཟུག་གཟེར་ཆེ་དྲགས་པས་སྨན་པ་དག་ལ་བརྡ་བྱས་པས་ཁོང་ཚོས་ངའི་ལུས་ལ་བརྟགས་དཔྱད་བྱེད། ངའི་མལ་ས་དེ་ཤིན་ཏུ་མི་བདེ་བའི་ཉམས་ཤིག་བྱུང་བས་ལུས་ཀྱིས་འགྲེ་ལྡོག་བྱས་པས་དེ་མཚམས་དབུགས་ཆད་ནས། སྙིང་འཕར་བ་ཡང་བསྡད་སོང༌། དེ་ཚེ་སྨན་པ་དག་གིས་དམར་པོའི་རྣམ་པ་རེད་འདུག  དམར་པོའི་རྣམ་པ་རེད་འདུག་ཅེས་ཟེར་ཏེ་སྐད་རྒྱག་སྐབས། ང་ལ་རང་ཉིད་ཀྱི་ལུས་དང་བྲལ་བའི་སྣང་བ་ཞིག་བྱུང་སྟེ། མལ་ཁྲིའི་འགྲམ་གྱི་ལྕགས་ཀྱི་ར་བ་དེ་ཟང་ཐལ་དུ་བརྒལ་ནས་ས་སྟེང་དུ་མར་ཞུད་སོང༌། དེ་ནས་ང་ས་ཐོག་ནས་ཡར་ལངས་སྐབས་ཁོང་ཅག་གིས་ངའི་ནད་འཆོས་གཙོ་འགན་པའི་སྨན་པ་དེར་ཁ་པར་གཏོང་གིན་འདུག་སྟེ། སྨན་པ་དེ་ཡར་ལངས་ཏེ་འོང་བའང་མཐོང༌། དེ་ཚེ་ངའི་བསམ་པར་ཡ་མཚན་པ་ལ། འདི་རྣམས་ཀྱིས་ཇི་ཞིག་བྱེད་པ་ཡིན་ནམ་སྙམ། དེ་ནས་ང་བར་སྣང་ན་ཡར་རླུང་གིས་བཏེགས་པ་བཞིན་སོང་སྟེ། ཁང་པའི་ཐོག་ཁེབས་ངོས་ཀྱི་གློག་སྒྲོན་དང་ཐད་མཉམ་ཙམ་དུ་གྱུར། དེ་ནས་མར་བལྟས་པ་ན། ངའི་ལུས་ནི་མལ་ཁྲིའི་སྟེང་དུ་ཉལ་ནས་འདུག་སྟེ། སྨན་པ་དག་གིས་ལུས་ལ་མྱུར་སྐྱོབ་བྱེད་ཅིང་འདུག  དེ་ཐམས་ཅད་ངས་ཤིན་ཏུ་གསལ་པོར་མཐོང༌། དེ་ཚེ་སྨན་པ་ཞིག་གིས། ཨ་ཙི། མོ་སོང་ཟིན་འདུག་ཟེར། དེའི་ཚེ་སྨན་པ་གཞན་ཞིག་གིས་ངའི་ཁ་དང་ཁ་སྤྲད་དེ་དབུགས་གསོ་བར་བྱེད། ངས་ནི་ཁོང་ཚོའི་མགོ་རྒྱབ་ནས་མར་བལྟས་ཏེ་བསྡད། སྨན་པ་བུ་མོ་དེས་སྐྲ་ཐུང་ཐུང་ཞིག་བཞག་འདུག་སྟེ། དེ་ནམ་ཡང་བརྗེད་རྒྱུུ་མི་འདུག་ཟེར། དེ་ནས་ཁོང་ཚོས་འཕྲུལ་ཆས་ཤིག་ཁྱེར་འོང་སྟེ། ངའི་ལུས་ཀྱི་བྲང་ཁར་བཞག་སྟེ་སྒུལ་སྐྱོད་བྱེད་དུ་འཇུག་ཅིང་བྲང་ཁར་ལག་པས་བརྡེགས། དཔུང་པ་དང་བརླ་ལ་ཕུར་ཕུར་བྱེད་དོ། །དེ་ཚེ་ངའི་བསམ་པར་ཁོང་ཚོས་ཅིའི་ཕྱིར་འདི་འདྲའི་ངལ་བ་བྱེད་དེ། ང་རང་འདིར་བདེ་བར་གནས་པ་མ་ཡིན་ནམ་སྙམ་དུ་བསམ། ཞེས་ཟེར་རོ། །
    ཡང་སྐྱེས་པ་གཞོན་ནུ་ཞིག་ན་རེ། ལོ་གཉིས་ཀྱི་སྔོན་ངེད་ལོ་བཅུ་དགུ་ཡིན། རླངས་འཁོར་བཏང་ནས་གྲོགས་པོ་ཞིག་སྐྱེལ་དུ་ཕྱིན། ལམ་གྱི་བཞི་མདོ་ཞིག་གི་ལམ་དཀྱིལ་དུ་འབྱོར་ཚེ། གྲོགས་པོས་སྐད་ཆེན་པོ་ཞིག་བརྒྱབ་པ་ན་མདུན་ཕྱོགས་ནས་རླངས་འཁོར་ཞིག་གློ་བུར་དུ་བྱུང་བ་མཐོང༌། དེ་མ་ཐག་རླངས་འཁོར་ཕན་ཚུན་བརྡེགས་པའི་སྒྲ་ཆེན་པོ་ཞིག་དང་མཉམ་དུ་རླངས་འཁོར་གྱི་གཞོགས་གཅིག་ཐམས་ཅད་བཅོམ་ནས་ནང་དུ་འབུར་ཏེ་བྱུང༌། དེ་ཚེ་ང་རང་མུན་ནག་གི་ནང་དུ་འགྲོ་བ་བཞིན་ནག་ཐིབས་ཀྱི་སྣང་བ་བྱུང་སྟེ། དེ་ནས་ཡུད་ཙམ་གྱིས་བར་སྣང་ལ་ཐོན། རླངས་འཁོར་བརྡེགས་པའི་སྒྲ་ཆེན་པོ་དེ་དལ་བུར་ངའི་རྣ་ལམ་ནས་ཡལ། མི་ཚོགས་ཀྱིས་རླངས་འཁོར་གྱི་མཐའ་ནས་བསྐོར་ཏེ་བལྟས་འདུག ངའི་གྲོགས་པོ་དངངས་སྐྲག་ཆེན་པོའི་ངང་ནས་རླངས་འཁོར་ལས་ཕྱིར་ཐོན་བྱུང༌། ངའི་ལུས་པོ་ནི་རླངས་འཁོར་བཅོམ་པའི་ནང་དུ་ད་དུང་ཐོག་ནས་འདུག་པ་མི་རྣམས་ཀྱིས་ཕྱིར་ཕྱུང་བས་རྐང་པ་ལས་ཁྲག་མང་པོ་བཞུར་ཏེ་སའི་ཐོག་ཏུ་འཁྱིལ་བ་མཐོང་ཞེས་ཟེར་རོ། །
    ཡང་ནད་པ་ཞིག་ན་རེ། ངེད་ཀྱི་ནད་གཞི་ཤིན་ཏུ་ལྕི་བས་སྨན་པས་སྨན་ཁང་དུ་སྡོད་དགོས་ཟེར། ཉིན་ཞིག་གི་ཞོགས་པར། ངེད་ཀྱི་མཐའ་སྐོར་ཐམས་ཅད་ན་བུན་གྱིས་ཁེངས་ནས་འདུག  དེའི་ཚེ་ངེད་ལུས་དང་བྲལ་ཏེ་སོང༌། ལུས་དང་བྲལ་བའི་ཚེ་ང་ལ་ནམ་མཁར་འཕུར་བར་བྱ་སྙམ་པའི་རྟོག་པ་ཞིག་སྐྱེས་ཀྱིན་འདུག  ཕྱི་མིག་བལྟས་པས་ངའི་ལུས་ནི་འཇམ་ཐང་ངེ་མལ་ཁྲིའི་སྟེང་ཉལ་འདུག་པ་མཐོང་སྟེ། འཇིགས་སྣང་ནི་ཅི་ཡང་མ་བྱུང༌། ཉེ་འཁོར་ན་སྒྲ་སྐད་ཅིའང་མེད་པར་ཤིན་ཏུ་ཞི་ཞིང་འཇམ་པའི་སྣང་བ་ཞིག་བྱུང༌། དེ་ཚེ་ངའི་སེམས་ལ། ང་རང་མྱུར་དུ་འཆི་བ་ཡིན་ཡང་ཐང༌། གལ་ཏེ། ལུས་འདིར་ཕྱིར་ཞུགས་མ་ཐུབ་ན་ནི་ཤི་བ་ཡིན་ཐག་ཆོད་རེད། གཞན་དུ་འགྲོ་དགོས་པའི་ཐག་ཀྱང་ཆོད་པ་རེད་སྙམ་དུ་བསམས་སོ་ཞེས་ཟེར་རོ། །
    ཡང་གཞན་གཅིག་ན་རེ། རྒྱུན་དུ་རང་ཉིད་ཀྱི་གཟུགས་ཡོངས་རྫོགས་མཐོང་བ་ནི་འདྲ་པར་རམ། མེ་ལོང་གི་ནང་དུ་ལེབ་ལེབ་ཅིག་ལས་མཐོང་མ་མྱོང་ལ་རྣམ་ཤེས་ལུས་ལས་བྲལ་ཚེ་ལུས་ཡོངས་རྫོགས་ཤིན་ཏུ་གསལ་བར་མཐོང་ཡང་ཐོག་མར་ངོ་མ་ཤེས་ཟེར་རོ། །
    ཡང་བུ་མོ་ཞིག་རླངས་འཁོར་བརྡབས་ནས་རྨས་སྐྱོན་ཆེན་པོ་བྱུང་ནས་རྣམ་ཤེས་ལུས་ལས་ཐོན་ཚུལ་སྨྲས་པ། ངའི་ལུས་པོ་ཉིས་ལྟེབ་བྱས་ཏེ་རླངས་འཁོར་ནང་དུ་འདུག་པ་མཐོང་ལ། དེ་རང་གི་ལུས་ཡིན་པའང་ཤེས། འོན་ཀྱང༌། ལུས་དེར་སྲེད་པ་ཅུང་ཟད་ཀྱང་མི་འདུག་སྟེ་གཞན་ཞིག་གི་ལུས་ཡིན་པ་ལྟ་བུའི་འདུ་ཤེས་བྱུང་ཟེར།
    ཡང་སྐྱེས་པ་ཞིག་ཐོག་ཁང་སྟེང་ནས་ལྷུང་སྟེ། ལུས་བསྣད་ཅིང་སྙིང་འཕར་མཚམས་ཆད་ནས་རྣམ་ཤེས་ལུས་ལས་ཐོན་ཚུལ་སྨྲས་པ། རང་ཉིད་མལ་ཁྲིའི་སྟེང་དུ་ཉལ་ནས་ཡོད་པ་གསལ་བར་ཤེས་མོད། འོན་ཀྱང་སྐབས་འགར་སྨན་པ་རྣམས་ཀྱིས་ནད་བཅོས་བྱ་ཚུལ་སོགས་ཐམས་ཅད་མཐོང་ནས་འོང༌། ཅི་ཡིན་རང་ཉིད་ཀྱིས་ཀྱང་མི་ཤེས། རང་གི་ལུས་མལ་ཁྲིའི་སྟེང་ན་ཉལ་ནས་འདུག་པ་དེ་མཐོང་ཚེ། སེམས་པ་ཧ་ཅང་སྐྱོ་བ་བྱུང་སྟེ། རང་གི་ལུས་ཤིན་ཏུ་ལེགས་པ་དེ་འདི་ལྟར་ཆག་རལ་དུ་བཏང་བ་ལའང་སྙམ་དུ་བསམས་སོ་ཞེས་ཟེར་རོ། །
    འདི་ལྟ་བུའི་ལོ་རྒྱུས་འཛམ་གླིང་གི་ཕྱོགས་སོ་སོར་བྱུང་བ་ཡི་གེར་བྲིས་པའི་དེབ་ཤིན་ཏུ་མང་པོ་ཡོད་པས་ཐམས་ཅད་འབྲིར་ག་ལ་ནུས། འདིར་ནི་རབ་འབྱམས་པ་མོས་ཏིས་ཀྱིས་ཞིབ་པར་བརྟགས་ནས་གཏན་ལ་ཕབ་པ་རྣམས་ལས་མཚོན་ཙམ་སྨྲས་པ་ཡིན་ནོ། །
    ལྔ་པ་བར་དོ་ཐོས་གྲོལ་ཆེན་མོའི་ངོ་སྤྲོད་ལས་གསུངས་པ་རྣམས་མངོན་སུམ་དུ་བྱུང་བས་སྒྲུབ་པ་ནི། རང་རེའི་བར་དོ་ཐོས་གྲོལ་ཆེན་མོའི་ངོ་སྤྲོད་ལས་བར་སྲིད་ཀྱི་ཡིད་ལུས་གྲུབ་པ་ནས་བཟུང་ཐ་མ་སྐྱེ་བ་རྗེས་མ་ལ་མཚམས་སྦྱོར་ཁའི་བར་གྱི་བར་དོའི་སེམས་ཅན་གྱི་གནས་ཚུལ་ཞིབ་པར་གསུངས་པ་དེ་དག་ཕལ་མོ་ཆེ་ད་ལྟ་འཛམ་གླིང་གི་ཡུལ་གྲུ་སོ་སོར་བྱུང་བའི་ལུས་སེམས་ཀྱི་ཚོགས་པ་གྱེས་པའི་འཆི་ཁའི་ཉམས་མྱོང་ཅན་གྱི་མི་དེ་དག་གི་རང་རང་གི་ཉམས་མྱོང་གིས་མངོན་སུམ་དུ་གྲུབ་ཡོད། དེ་ཡང་མི་དེ་དག་ནི་ཡུད་ཙམ་ཞིག་ཤི་ནས་རྐྱེན་སྟོབས་ཀྱིས་སླར་སོས་པ་དག་ཡིན་པས་ན། བར་སྲིད་ཀྱི་སྣང་བ་སྔ་མ་རྣམས་ཉམས་སུ་མྱོང་གི་ཕྱི་མ་རྣམས་ནི་མ་མྱང་ངོ༌། །དེ་ཡང་ངོ་སྤྲོད་ལས། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་ལུས་དང་སེམས་བྲལ་བའི་དུས་སུ༔ ཆོས་ཉིད་དག་པའི་སྣང་བ་ཕྲ་ལ་དྭངས་པ༔ གསལ་ལ་འཚེར་བ་རང་བཞིན་བཀྲག་གསལ་ལ་ཉམས་ང་བ༔ ཞེས་འོད་གསལ་ཞིང་འཚེར་བ་ཞིག་འབྱུང་བར་གསུངས་པ་ནི་འཆི་ཁའི་ཉམས་མྱོང་ཅན་གྱི་མི་ཐམས་ཅད་ཀྱིས་མཐོང་བར་མ་ཟད་ཡོངས་རྫོགས་ཀྱི་མཐོང་ཚུལ་ཡང་གཅིག་མཚུངས་སུ་བྱུང༌། ཁོང་རྣམས་ན་རེ། འོད་དེ་ཐོག་མར་བཀྲག་མདངས་ཆེར་མེད་པ་ཞིག་ཏུ་འདུག་པ་ལ། འཕྲལ་དུ་ཧ་ཅང་གསལ་ཞིང་བཀྲག་མདངས་ཆེ་བ་འཇིག་རྟེན་ཁམས་ན་དེ་ལས་གསལ་བའི་འོད་མཐོང་མ་མྱོང་བ་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བར་འདུག་ཅེས་ཟེར་རོ། །ཡང་ངོ་སྤྲོད་ལས། ཀྱེ་རིགས་ཀྱི་བུ༔ ཡང་ཉོན་ཅིག༔ དེ་ཡང་དབང་པོ་ཀུན་ཚང་ཐོགས་མེད་རྒྱུ་ཞེས་བྱ་བ་ཁྱོད་གསོན་པོའི་དུས་སུ་མིག་ལོང་བ་དང་༔ འོན་པ་དང་༔ ཞར་བ་ལ་སོགས་པ་ཡོད་ཀྱང་༔ ད་ལྟ་བར་དོར་མིག་གིས་གཟུགས་མཐོང་ལ༔ རྣ་བས་སྒྲ་ཐོས་པ་ལ་སོགས་པ་དབང་པོ་སྐྱོན་མེད་པ་གསལ་ཞིང་ཚང་པར་འོང་བས༔ དེའི་ཕྱིར་དབང་པོ་ཀུན་ཚང་ཞེས་གསུངས་པས༔ ཁྱོད་རང་ཤི་ནས་བར་དོར་འཁྱམས་པའི་རྟགས་ཡིན་པས་ངོས་ཟིན་པར་གྱིས་ཤིག༔ ཅེས་གསུངས་པ་དེ་ཉིད་ཇི་ལྟར་བྱུང་ཚུལ་ནི། རབ་བྱམས་པ་མོས་ཏིས་ཀྱིས་བརྩམས་པའི་རྒྱང་རིང་གི་འོད་ཅེས་པ་ལས། མིག་གཉིས་པོ་ལོང་ནས་ལོ་ལྔ་བཅུ་སོང་བའི་ནད་པ་ཞིག་གི་སྙིང་འཕར་འཕྲོ་ཆད་པ་ནས་སླར་སོས་རྗེས། ཁོ་རང་མྱུར་སྐྱོབས་བྱེད་སྐབས་སུ་སྤྱད་པའི་ནད་འཆོས་འཕྲུལ་ཆས་ཀྱི་དབྱིབས་དང༌། ཐ་ན་ཁ་དོག་ཡན་ཆད་ཇི་ལྟ་བ་བཞིན་དུ་སྨྲ་བར་ནུས་སོ། །ཞེས་དང༌། སྔར་བཤད་པའི་སྙིང་ནད་ཁག་གི་གསོ་རིགས་དགེ་རྒན་ཧྲ་མིན་གྱིས་ནད་པ་སུམ་ཅུ་སོ་གཉིས་ལ་བརྟག་དཔྱད་བྱས་ཏེ་རྣམ་ཤེས་ལུས་ལས་ཐོན་ནས་མཐོང་བའི་མྱུར་སྐྱོབ་བྱེད་ཚུལ་རྣམས་འཆད་དུ་བཅུག་པས། མི་ཉེར་དྲུག་གིས་ཇི་ལྟ་བ་བཞིན་འཆད་ཐུབ་པ་བྱུང༌། གཞན་ཡང་མོས་ཏིས་ཀྱིས་བརྩམས་པའི་ཡང་སྲིད་ཅེས་པ་ལས། མི་རྣམས་ཧ་ལས་དགོས་པ་ཞིག་ནི། ཞེས་པ་ནས། སྨན་པ་ཤིན་ཏུ་མང་པོས་ངེད་ལ་བཤད་པ། གསོ་རིག་གི་ཤེས་ཡོན་གཏན་ནས་མེད་པའི་ནད་པ་རྣམས་ནད་ལས་བསྐྱབས་ཏེ་གསོན་པོར་གྱུར་ཚེ། དབུགས་གསོ་བ་སོགས་མྱུར་སྐྱོབ་སྐབས་ཀྱི་བྱ་བ་རྣམས་ཇི་མ་ཇི་བཞིན་འཆད་འོང་གིན་འདུག  འོན་ཀྱང༌། དེ་རྣམས་མྱུར་སྐྱོབ་བྱེད་ཚེ། དངོས་སུ་ཤི་སོང་བ་ནི་སྨན་པ་དག་གིས་གསལ་བོར་མཐོང་ངོ་ཞེས་ཟེར་རོ། །ཡང་ངོ་སྤྲོད་ལས། ཀྱཻ་རིགས་ཀྱི་བུ༔ ཐོགས་མེད་ལྡན་ཞེས་བྱ་བ་ཁྱོད་ཡིད་ཀྱི་ལུས་ཡིན་ཏེ༔ རིག་པ་རྟེན་དང་བྲལ་བ་གདོས་བཅས་ཀྱི་ལུས་ནི་མེད་པས༔ དེའི་ཕྱིར་རི་རབ་དང་༔ ཁང་ཁྱིམ་དང་༔ ས་རྡོ་དང་༔ རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་ཟང་ཐལ་དུ་འགྲོ་ནུས་པ་ཞིག་ད་ལྟ་ཁྱོད་ལ་ཡོད་དོ༔ འོན་ཀྱང་མའི་མངལ་དང༔ རྡོ་རྗེ་གདན་མ་གཏོགས་པ༔ རི་རབ་ལ་ཡང་ཕར་ཐལ་ཚུར་ཐལ་དུ་འགྲོ་ནུས་པ་གཅིག་ད་ལྟ་ཁྱོད་ལ་ཡོད་དོ༔ དེ་ཡང་སྲིད་པ་བར་དོ་འཁྱམས་པའི་རྟགས་ཡིན་པས༔ ཞེས་གསུངས་འདུག་པ་དེ་ཉིད་ཇི་ལྟར་བྱུང་ཚུལ་ནི། བུད་མེད་ནད་པ་ཞིག་དབུགས་ལམ་འགགས་ནས་སྨན་ཁང་དུ་སྡོད་སྐབས་རྣམ་ཤེས་ལུས་ལས་ཐོན་ཚུལ་སྨྲས་པ། ངས་སྨན་པ་ཚོས་ང་ལ་དབུགས་གསོ་བྱེད་ཚུལ་ལ་བལྟས་ཏེ་བསྡད། ཡ་མཚན་པ་ཞིག་ལ། ངའི་སྡོད་གནས་དེ་དེ་ཙམ་མི་མཐོ་སྟེ། འཆད་སྟེགས་ལྟ་བུ་ཞིག་འདུག  ཁོ་ཚོ་དང་མཐོ་དམན་ཆེར་མེད། འོན་ཀྱང༌། ངས་ཁོང་ཚོའི་སྤྱི་གཙུག་ནས་མར་བལྟས་པས་ཆོག་འདུག  ངས་ཁོང་ཚོར་གཏམ་སྨྲས་རུང་གཅིག་གིས་ཀྱང་མི་ཐོས་ལ། གཏམ་ལན་བྱེད་མཁན་ཀྱང་མི་འདུག  སྨན་པ་རྒན་གཞོན་ཚོས་ངའི་བྲང་ཁར་ལག་པས་བརྡེགས་འདུག་སྟེ། ཁྲག་རྩར་ཁྲག་རྒྱུ་བར་བྱས་ཏེ་གསོན་དུ་འཇུག་སྙམ་གྱིན་འདུག  ངས་ཁོང་རྣམས་ལ། ང་ལ་སུན་པ་མ་བྱེད། ང་འཇམ་པོར་ཅུང་ཟད་སྡོད་དགོས་པས། ངའི་ལུས་ལ་མ་རྡེགས་ཤིག་ཅེས་ཡང་ཡང་སྨྲས་ཀྱང་ཅུང་ཟད་ཀྱང་མི་ཚོར་བར་འདུག  དེ་ནས་ཁོང་ཚོའི་ལག་པ་ཕར་བསལ་སྙམ་སྟེ། ངའི་ལག་པས་སྨན་པའི་ལག་པ་བཟུང་བར་བྱས་ཀྱང༌། ཅི་ལའང་ཐོགས་པ་དང་ཕྲད་པ་མ་བྱུང༌། ལག་པ་དེ་ཚོ་ཕར་བསལ་ཟིན་སྙམ་པའི་རྗེས་སུ་ད་དུང་དེ་ག་རང་ན་འདུག་སྟེ། ཅི་ཡང་བསལ་མི་འདུག  ངེད་ཀྱི་ལག་པ་ལ་ཐོགས་རེག་ཅུང་ཟད་ཀྱང་མེད་པ་འདྲ་བས་ལག་པ་དེ་ཚོ་གཏན་ནས་བསལ་ཐབས་མ་བྱུང༌། ཅིའི་ཕྱིར་དེ་ལྟར་བྱུང་བ་ཡིན་ནི་མ་ཤེས། ཞེས་ཟེར་རོ། །

འབྲེལ་ཡོད་འོས་སྦྱོར།