logo

བོད་ཡིག་ཆ་འཕྲིན་ཅན་དུ་བསྒྱུར་ཏེ་གནའ་བོའི་དཔལ་ཡོན་ཉིད་འཛམ་གླིང་དུ་ཁྱབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-30 ཀློག་གྲངས།:
         ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བཀྲ་ཤིས་ཚེ་རིང་གིས་ལོ་དུ་མར་འབད་པ་གང་ལེགས་ཀྱིས་རྒྱལ་སྤྱིའི་ཚད་གཞིའི་བོད་ཡིག་རྩིས་འཁོར་སྒྲིག་ཨང་ཡིག་ཚོགས་ཞིབ་འཇུག་ལ་གཞོལ་ཞིང་། 2010ལོར་ཁོས་ཚན་ཞིབ་སྔོག་འདོན་རུ་ཁག་གི་སྣེ་ཁྲིད་དེUnicodeསྒྲིག་ཨང་མ་ལག་སྔོག་འདོན་རྨང་གཞིར་བཟུང་བའི་ཇོ་མོ་གླང་མའི་མ་ལག་གི་བོད་ཡིག་ཡིག་གཟུགས་ལེགས་འགྲུབ་བྱུང་སྟེ་བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལ་གཤོག་ཟུང་རྒྱས་པར་གྱུར།
         མིག་སྔར་རྒྱལ་ཡོངས་སུ་བོད་ཡིག་ཚགས་པར་དང་དུས་དེབ་ཁང20ལྷག་ཡོད་ཅིང་། བོད་ཡིག་དཔེ་དུས་དཔེ་སྐྲུན་ཁང8དང་། བོད་ཡིག་དཔེ་དེབ་དང་ཚགས་པར་དེང་རབས་ཅན་གྱི་པར་འདེབས་ཁང20ལྷག་བཅས་ཡོད།  བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར། སྔོན་ཆད་རྒྱལ་སྤྱིའི་སྒྲིག་ཨང་གཅིག་གྱུར་མིན་པར་རང་སར་གནས་པ་དང་། ད་ལྟ་རྒྱལ་སྤྱིའི་བོད་ཡིག་སྒྲིག་ཨང་ཚད་གཞི་གཏན་འཁེལ་བྱུང་ནའང་ཉོག་དྲ་ཅན་གྱི་སྒྲིག་ཨང་ད་དུང་སྤྱོད་ཀྱི་འདུག   མཉེན་ཆས་ཀྱི་སྒྲིག་ཨང་གཅིག་གྱུར་མིན་པ་དང་མ་ལག་བར་སྟབས་བདེ་ངང་ཡིག་ཆ་བརྗེ་རེས་བྱེད་ཐབས་བྲལ་ལ།  རྩིས་ཐོ་བར་གཞི་གྲངས་ཡིག་ཆ་མཉམ་སྤྱོད་བྱེད་མི་ཐུབ་ཅིང་། མ་གཞིའི་གཞི་གྲངས་ཡིག་ཆ་རྒྱུན་འཛིན་ལེགས་པོ་བྱེད་མི་ཐུབ་པར་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་བོད་ཡིག་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་འགོག་རྐྱེན་བཟོས། ཇོ་མོ་གླང་མའི་བོད་ཡིག་ཡིག་གཟུགས་ལེགས་འགྲུབ་བྱུང་རྗེས། བོད་ཡིག་དུས་དེབ་དང་བོད་ཡིག་དྲ་རྒྱ། བོད་ཡིག་གློག་བརྙན་འཕྲིན་མཆན་ཡིག་གི་བོད་ཡིག་ཡིག་གཟུགས་བཅས་ཕུན་ཚོགས་དང་ལེགས་བཅོས་བྱུང་བ་མ་ཟད་དེ་ལས་ཀྱང་གལ་ཆེ་བ་ནི་སྒྲིག་ཨང་ཉོག་དྲའི་རྣམ་པ་མཇུག་སྒྲིལ་བ་དང་། བོད་ཡིག་དཔེ་སྐྲུན་ལས་རིགས་དང་། བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་བཅས་ཀྱི་ཐད་ལ་དགེ་མཚན་ཆེན་པོ་བཞག
         རྒྱུས་ལོན་པ་ལྟར་ན། བོད་ཁུལ་དུ་མི་ཁ་ཤས་ཀྱིས་ད་དུང་རྒྱལ་སྤྱིའི་ཚད་གཞི་མིན་པའི་གཏག་ཐབས་སྤྱོད་ཀྱི་ཡོད་དེ། དཔེར་ན་པར་འདེབས་ཁང་དང་།  ཁྱབ་བརྡ་ཀུང་ཟི་སོགས་ལྟ་བུ། ཡིན་ཡང་བོད་རིགས་ན་གཞོན་རྩིས་འཁོར་སྤྱོད་མཁན་དག་གིས་ཧི་མ་ལ་ཡའི་མ་ལག་སྤྱོད་ཀྱི་ཡོད་པ་དང་། དྲ་རྒྱའི་སྟེང་ཁྱབ་སྒྲོག་བྱེད་པའི་བོད་ཡིག་ཆ་འཕྲིན་དག་ཀྱང་ཧི་མ་ལ་ཡའི་མ་ལག་ལ་བརྟེན་ནས་འཆར་བ་ཡིན།  Unicodeནི་བོད་ཡིག་ཆ་འཕྲིན་ཅན་གྱི་མ་འོངས་སྙེག་ས་ཡིན་པ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་ངེས།


བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད།

ཐོན་རྫས་གསར་བས་བོད་ཡིག་ཆ་འཕྲིན་ཅན་དུ་གཏོང་བར་སྐུལ་འདེད་བཏང་བ།

         རྒྱལ་སྤྱི་ཚད་གཞིའི་སྒྲིག་ཨང་གི་ཁྱབ་བརྡལ་དང་བསྟུན་ཏེ། བོད་ཡིག་ཉེར་སྤྱོད་མཉེན་ཆས་སྔོག་འདོན་བྱ་བ་གང་མང་ཞིག་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་སྟེ། དཔེར་ན་འཕྲུལ་ཆས་ཡིག་སྒྱུར་མ་ལག་དང་། སྐད་སྒྲ་ངོས་འཛིན་མ་ལག  སྒྲིག་ཨང་བརྗེ་སྒྱུར་སོགས་ལྟ་བུ།
         2008ལོའི་ཟླ11པར། དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱིས་སྣེ་ཁྲིད་དེ་ཚན་ཞིབ་སྔོག་འདོན་བྱས་པའི་འཛམ་གླིང་ཐོག་དང་པོའི་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་ལེགས་འགྲུབ་བྱུང་བ་དེས་བོད་ཡིག་འཁྱེར་བདེའི་གློག་རྡུལ་ཐོན་རྫས་ཀྱི་བགྲོད་ལམ་གསར་བ་གཏད། བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་འདིར་བསྡོམས་པས་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད38དང་ཀུན་བཏུས་གློག་རྡུལ་དཔེ་དེབ25འདུས་ཡོད་ཅིང་། བོད་རྒྱ་དབྱིན་གསུམ་བར་ཕན་ཚུན་ཡིག་སྒྱུར་བྱེད་པ་མངོན་འགྱུར་དང་། ཡིག་རིགས་གཅིག་པ་དེ་ཚིག་མཛོད་མང་པོའི་ཁྲོད་དུས་མཉམ་ལྟ་གཟིགས་བྱེད་ཐུབ་ལ།  བོད་རྒྱ་དབྱིན་གསུམ་སྒྲ་འདོན་གྱི་ནུས་པ་ཐོན།
         རྒྱལ་ཁབ་སྐད་ཡིག་ཐོན་ཁུངས་ལྟ་ཞིབ་དང་ཞིབ་འཇུག་ལྟེ་གནས་གྲངས་ཉུང་མི་རིགས་སྐད་ཡིག་ཡན་ལག་ལྟེ་གནས་ཀྱི་རྟོག་ཞིབ་ལྟར་ན། བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཚད་དེ་ལོ་རེར་ཡར་འཕར་གྱི་ཡོད་དེ། བོད་སྐད་ཡིག་ཡིག་སྒྱུར་བྱ་སྒྲུབ་པས་དུས་ཐོག་ཏུ་ཆབ་སྲིད་དང་། དཔལ་འབྱོར། ཁྲིམས་ལུགས། ལག་རྩལ། སྤྱི་ཚོགས་འཚོ་བ་སོགས་ཁྱབ་ཁོངས་མང་པོའི་ཐ་སྙད་གསར་བ་དག་བོད་ཡིག་ཏུ་བསྒྱུར་བ་དང་། བོད་ཡིག་ཚིག་མཛོད་ཀྱང་ཐ་སྙད་གསར་བ་འདི་དག་དང་བསྟུན་ཏེ་ཇེ་མཐུག་དང་ཇེ་ཟབ་ཏུ་གྱུར། མི་མང་པོ་ཞིག་གིས་ཆེད་དུ་ཚིག་མཛོད་བླངས་ཏེ་འཚོལ་རྒྱུ་ནི་ལས་ལྕི་མོ་རུ་རྩིས་ཀྱི་འདུག     ཡིན་ཡང་ད་ལྟ་སྟབས་བདེའི་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་འདིས་བོད་རིག་པའི་ཞིབ་འཇུག་པ་དང་བོད་སྐད་ཡིག་སློབ་སྦྱོང་བྱེད་མཁན་རྣམས་ལ་སྟབས་བདེ་ཆེན་པོ་བཟོས། 
         དེར་མཐུད་དེ། བློ་བཟང་ཚན་ཞིབ་སྔོག་འདོན་རུ་ཁག་གི་བོད་རྒྱ་དབྱིན་གསུམ་མཐེབ་གཞོང་དང་། ཙི་མཐེབ། སྨྱན་མང་གཟུགས་སློབ་སྦྱོང་འཕྲུལ་ཆས།  སྒྲ་ཕབ་འཕྲུལ་ཆས། Uསྡེར་སོགས་བསྟུད་མར་ཚོང་རར་བཀྲམ་ཏེ་བོད་ཡིག་འདི་ཉིད་ཆ་འཕྲིན་མྱུར་ལམ་དུ་རྒྱ་དབྱིན་ཡིག་དང་ལྷན་གྱིས་བསྐྱོད་ཐུབ་པ་བྱུང་།
         རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ། ཨ་རིའི་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཏཱ་ཝེ་ཅི་མཱ་ནོ་ཡིས་གསར་གཏོད་གནང་བའི་གངས་ལྗོངས་གྲངས་འཛིན་དཔེ་མཛོད་ཁང་གིས་མི་རྣམས་ལ་བོད་ཡིག་ཆ་འཕྲིན་ཅན་བཀོལ་སྤྱོད་བྱེད་པའི་དགོས་ངེས་རང་བཞིན་ཤུགས་ཀྱིས་བསྟན་བྱུང་། བོད་རིག་པའི་ཞིབ་འཇུག་ནི་ཨ་རི་རུ་ལོ་ངོ40ཡི་ལོ་རྒྱུས་ལྡན་ཞིང་། 1973ལོར་ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་བོད་ཀྱི་རིག་གནས་ཆེད་ལས་གསར་འཛུགས་གནང་བ་དང་དེ་ནི་ཅུང་སྔ་བའི་བོད་རིག་པའི་ཆེད་ལས་ཤིག་ཡིན་ལ།  མིག་སྔར་ཨ་མེ་རི་ཁ་གླིང་ཆེན་དུ་ཆེས་ཆེ་བའི་བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཤིག་ཏུ་ངོས་འཛིན་བྱེད།
         ཧྥུ་ཅི་ཉི་ཡ་སློབ་ཆེན་ཀྲུང་གོའི་ཁུལ་གྱི་འགོ་གཙོ་པདྨ་ལགས་ཀྱིས་བཤད་རྒྱུར།  འདས་པའི་ལོ20ནང་།  དྲ་རྒྱ་དང་གྲངས་འཛིན་ལག་རྩལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཤེས་ཡོན་པ་མང་པོ་ཞིག་གིས་འདི་ནི་རིག་གནས་རྒྱུན་འཛིན་དང་ཤེས་བྱ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་སུ་ངོས་འཛིན་བྱེད་པས།  རིག་ཚན་གསར་བ་སྟེ་གྲངས་འཛིན་སྤྱི་ཚོགས་རྩིས་འཁོར་རིག་པ་ཞེས་པ་ཞིག་བཙུགས། ཡང་གཅིག་བཤད་ན་གྲངས་འཛིན་ཚན་རྩལ་ཉིད་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་སུ་སྤྱོད་པ་དེ་ཡིན། སྔོན་ཆད་གྲངས་འཛིན་དང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་པ་མཉམ་དུ་བྱ་བ་སྒྲུབ་པ་ཤིན་ཏུ་ཉུང་།  ཉེ་བའི་ལོ15ནང་སྐུ་ཞབས་ཅི་མཱ་ནོ་ལགས་གྲངས་འཛིན་སྨྱན་གཟུགས་ལ་བརྟེན་ནས་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ལས་ལ་གཞོལ་བ་དང་། དོན་དངོས་ཀྱིས་ཀྱང་འདི་ནི་ཤིན་ཏུ་དགོས་གལ་ཆེ་ཞིང་ཕན་འབྲས་ལྡན་པའི་ཐབས་ལམ་ཞིག་ཡིན་པ་ར་སྤྲོད་བྱས།


རྒྱ་བོད་ཡིག་སྒྱུར་མ་ལག

འགག་ཕྲང་ལས་བརྒལ་ཏེ་བདེ་བླག་ངང་འཕེལ་རྒྱས་བྱེད་པ།

         བོད་ལྗོངས་ཀྱི་ས་རྒྱུས་དང་སྤྱི་ཚོགས་ཁོར་ཡུག་སོགས་ཀྱི་རྐྱེན་པས་ཇི་ལྟར་བྱས་ཏེ་བོད་རིགས་མང་ཚོགས་ཆ་འཕྲིན་དུས་རབས་ཀྱི་འཚོ་བར་ཞུགས་རྒྱུ་ནི་ཚན་ཞིབ་སྔོག་འདོན་ལས་ཀྱང་དཀའ་ཁག་ཆེ་བའི་གནད་དོན་ཞིག་ཏུ་གྱུར།
         རྩིས་འཁོར་སློབ་གསོ་ཁྱབ་བརྡལ་བྱེད་ཚད་དམའ་བའི་གནད་དོན་ཐག་གཅོད་བྱེད་པར།  དགེ་རྒན་ཆེན་མོ་བློ་བཟང་ལགས་ཀྱིས་བོད་ཁུལ་གྱི་རྩིས་འཁོར་ལག་རྩལ་གསོ་སྦྱོང་སློབ་གྲྭ་ཐོག་མ་བཙུགས་ཤིང་། རྩིས་འཁོར་སློབ་སྦྱོང་བྱེད་མཁོ་ཅན་ལ་ཁ་གཏད་དེ་རིམ་གྲས་བགར་ནས་རྩིས་འཁོར་ཤེས་བྱ་ཁྱབ་བརྡལ་གྱི་བསླབ་གཞི་བསྐྲུན། 
         གསོ་སྦྱོང་མཇུག་སྒྲིལ་རྗེས། སློབ་གཉེར་བ་དག་རྒྱལ་ཁབ་རིམ་པའི་རྩིས་འཁོར་རིམ་ཨང་རྒྱུགས་ལེན་ནམ་བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུའི་ལས་རིགས་ལག་རྩལ་ཐོབ་ཐང་རྒྱུགས་ལེན་ལ་ཞུགས་ཏེ་རྒྱལ་ཁབ་རིམ་པའི་རྩིས་འཁོར་རིམ་ཨང་རྒྱུགས་ལེན་ནམ་བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་གནང་བཞིན་པའི《ལས་རིགས་ལག་རྩལ་གསོ་སྦྱོང་ཐོབ་ཐང་དབང་ཡིག》ལེན་པ་ཡིན།
         ཧྥུ་ཅི་ཉི་ཡ་སློབ་ཆེན་གྱི་སྐུ་ཞབས་ཅི་མཱ་ནོས་འཁྱེར་བདེའི་ཐོན་རྫས་སྔོག་འདོན་བྱེད་པར་བརྒྱུད་བོད་ཡིག་ཆ་འཕྲིན་ཅན་ཁྱབ་བརྡལ་གཏོང་བར་སྐུལ་འདེད་དང་། འགུལ་སྤོ་སྲ་སྡེར་དང་ཤོག་བུ། ལག་འཁྱེར་ཁ་པར་སོགས་ཀྱི་རྣམ་པར་བརྒྱུད་དེ་དྲ་རྒྱ་མེད་པའི་གནས་ཚུལ་འོག་བོད་མི་རྣམས་ཀྱིས་ཀྱང་ཆ་འཕྲིན་ཅན་གྱི་ཐོན་ཁུངས་མཉམ་སྤྱོད་བྱེད་ཐུབ་པ་བྱུང་། 
         དེ་མིན། རིག་ཚན་དང་རྩིས་ཚན་སོ་སོར་བགར་བའི་སློབ་གསོ་དང་ཚན་ཞིབ་སྲོལ་རྒྱུན་དོ་དམ་གྱིས་ཀྱང་བོད་ཡིག་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་མྱུར་ཚད་ལ་བཀག་འགོག་བཟོས་ཤིང་། སྐད་དང་ཡི་གེའི་གནད་དོན་ཐག་གཅོད་བྱེད་དགོས་ནའང་། སྐད་དང་ཡི་གེའི་ཤེས་ཡོན་པ་མང་པོས་ཆ་འཕྲིན་ཅན་ལེགས་པོ་ཤེས་ཀྱི་མེད་ཅིང་། རྩིས་འཁོར་ཆེད་མཁས་པས་ཀྱང་སྐད་དང་ཡི་གེའི་ཐད་གདངས་ཚོད་ཆེན་པོ་མེད་པ་དང་། མ་དངུལ་གཏོང་བའི་ཐད་ནས་ཀྱང་རིག་ཚན་ཚན་ཞིབ་དོ་དམ་ཁག་གིས་རིག་ཚན་དོ་དམ་དང་།  ཚན་རིག་ལག་རྩལ་དོ་དམ་ཁག་གིས་རྩིས་ཚན་དོ་དམ་བྱེད་པས་བར་དུ་འབྲེལ་འདྲིས་ཀྱི་བརྒྱུད་ལམ་ཆད་ཅིང་བསྐྱར་ཟློས་འཛུགས་སྐྲུན་ཡང་བྱེད་ཉེན་ཆེ། མིག་སྔར་ཐ་ན་འབྲེལ་ཡོད་བོད་ཡིག་ཆ་འཕྲིན་ཅན་གྱི་རིགས་གཞུང་དུས་དེབ་ཆེན་པོ་ཞིག་ཀྱང་གསར་འཛུགས་བྱས་མེད་པས་ཚན་ཞིབ་མི་སྣའི་རིགས་གཞུང་གྲུབ་འབྲས་དུས་ལྟར་སྤེལ་ཐབས་བྲལ་བའི་གནད་དོན་བྱུང་།
         ཉེ་བའི་ལོ་འགའི་ནང་། རྒྱལ་ཁབ་ཀྱིས་བོད་ཡིག་ཆ་འཕྲིན་ཅན་གྱི་རོགས་འདེགས་ནུས་ཤུགས་ལོ་རེར་ཆེར་བསྐྱེད་ཅིང་། བོད་ཡིག་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཀྱང་གོང་ནས་གོང་དུ་འཕར་གྱི་ཡོད།  རྗེས་ཕྱོགས་ད་དུང་ཤེས་ཡོན་མི་སྣའི་ཤེས་བྱའི་སྒྲིག་གཞི་སྒྲིག་སྦྱོར་དང་། འབྲེལ་འདྲིས་མཉམ་འབྲེལ་གྱི་སྟེགས་བུ་སྐྲུན་པ། ཤེས་བྱའི་བདག་དབང་སྲུང་སྐྱོབ་སོགས་ཀྱི་ཐད་ནས་ལེགས་བཅོས་ཆེན་པོ་བྱས་ཏེ་བོད་ཡིག་ཆ་འཕྲིན་ཅན་མགྱོགས་མྱུར་བདེ་བླག་ངང་འཕེལ་བར་བྱེད་དགོས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།