བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ།
ཟླ12པའི་ཚེས6ཉིན། བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་གཞོན་པའམ་བཟོ་ཚོང་གླིང་གི་འགོ་གཙོ་གཞོན་པ་སྐལ་བཟང་རྡོ་རྗེ་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས། རྒན་ཆེན་མོ་སྐལ་བཟང་རྡོ་རྗེ་ནི་བོད་ཡིག་ཆ་འཕྲིན་སྒྲིག་སྦྱོར་གྱི་ཆེད་མཁས་པ་ཞིག་ཡིན་པའི་ཆ་ནས་བོད་ལྗོངས་སློབ་ཆེན་གྱིས་བོད་ཡིག་ཆ་འཕྲིན་ཕྱོགས་སུ་གྲུབ་འབྲས་མི་དམན་པ་ལེན་ཐུབ་པར་ཡིད་ཆེས་བརྟན་པོས་ཁེངས་ལ། ཁོས་གསར་འགོད་པར་གོ་རིམ་ལྡན་པའི་ངང་ནས་བོད་ཡིག་ཆ་འཕྲིན་ཅན་གྱི་སྒྲིག་སྦྱོར་ལག་རྩལ་ཞིབ་འཇུག་སྔོག་འདོན་ཕྱོགས་མཚམས་སྦྱོར་གནང་བ་རེད།
བོད་ལྗོངས་སློབ་ཆེན་བོད་ཡིག་ཨང་སྒྲིག་ཚད་གཞི་ལ་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ།
རྒན་སྐལ་བཟང་གིས་བཤད་རྒྱུར། 1997ལོ་ནས་བཟུང་བོད་ཡིག་ནི་རང་རྒྱལ་དུ་རྒྱལ་སྤྱིའི་ཨང་སྒྲིག་ཚད་གཞི་ལྡན་པའི་གྲངས་ཉུང་མི་རིགས་སྐད་ཡིག་ཅིག་ཏུ་གྱུར་ཞིང་། སྐབས་དེའི་རྒྱལ་སྤྱི་ཚད་གཞི་ལ་ལག་རྩལ་གྱི་ཚད་བཀག་སོགས་ཀྱི་རྐྱེན་པས་བོད་ཡིག་གི་འགུལ་འགྱུར་གཅིག་གྱུར་བྱེད་དཀའ་ཞིང་། བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱུ་རྐྱེན་འདི་དག་ལ་གཞིགས་ཏེ་རྒྱལ་ཁབ་ཀྱི་ཚད་གཞི་ཞིག་བཟོ་སྐྲུན་གནང་བ་ཡིན་ལ། 2007ལོར་རྒྱལ་སྤྱི་དང་རྒྱལ་ཁབ་ཚད་གཞི8ལ་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་རེད།
ད་ཡོད་བོད་ཡིག་ཆ་འཕྲིན་སྒྲིག་སྦྱོར་ཁྲོད་ཀྱི་མཐེབ་གཞོང་ཀྱང་བོད་ལྗོངས་སློབ་ཆེན་ཚན་ཞིབ་རུ་ཁག་གི་ཚད་ལྟར་གཏན་འཁེལ་བྱས་པ་སྟེ། 2007ལོར་བཀྲམ་པའིvistaམ་ལག(Operating System,OS)ཁྲོད་བོད་ཡིག་གི་གཏག་ཐབས་མ་ལག་ཀྱང་རྩ་བའི་ཆ་ནས་དེ་དང་མཐུན་པར་ཡོད་ཅིང་། བོད་ཡིག་ཆ་འཕྲིན་སྒྲིག་སྦྱོར་ཞིབ་འཇུག་གི་གྲུབ་འབྲས་ཤིག་ཏུ་ངེས་ཀྱི་ཡོད། ད་ལྟ་བོད་ལྗོངས་སློབ་ཆེན་གྱི་ཡིག་གཏག་མ་ལག་འདིའི་བོད་ཡིག་གི་འཕྲེད་སྒྲིག་དང་གཞུང་སྒྲིག་མངོན་འགྱུར་བྱུང་ཡོད་པ་དང་། མཐེབ་གཞོང་གཏག་བའི་སྡེབ་ཚད་སྟེང་ནས་བོད་ཡིག་ཨང་སྒྲིག་རྩིས་འཁོར་མ་ལག་ལས་བརྒལ་ཞིང་། བོད་ཡིག་གཏག་པར་སྟབས་བདེ་ཆེན་པོ་སྐྲུན་ཡོད་པ་རེད་ཟེར།
བོད་ཡིག་ཆ་འཕྲིན་སྒྲིག་སྦྱོར་རྨང་གཞིའི་བཟོ་བཀོད་ལེགས་འགྲུབ་བྱུང་བ།
རྒན་སྐལ་བཟང་གིས་ད་དུང་བཤད་རྒྱུར། 2008ལོར་བོད་ལྗོངས་སློབ་ཆེན་དང་ཀྲུང་གོའི་ཚན་རིག་གླིང་གཉིས་ཀྱིས་མཉམ་དུ་བོད་ཡིག་པར་གཞིའི་དར་དམར་བཀོལ་སྤྱོད་མ་ལག་ཞིབ་འཇུག་སྔོག་འདོན་བྱས་ཤིང་། གོ་ལ་ཡོངས་སུ་དམའ་རིམ་ནས་ཨང་སྒྲིག་བྱས་པའི་བོད་ཡིག་རྩིས་འཁོར་མ་ལག་གི་རྣམ་པ་དང་པོ་དེ་ཡིན་པ་དང་། བོད་ལྗོངས་སློབ་ཆེན་གྱིས་ད་དུང་རྒྱལ་སྤྱིའི་ཚད་གཞིའི་ཆེས་ཆེ་བའི་བོད་ཡིག་ཡིག་མཛོད་སྒྲིག་བཟོ་བྱས་ལ། འདིས་དུས་ཅིག་ཏུ་སཾསྐྲྀཏ་དང་བོད་ཡིག་ཕན་ཚུན་སྒྲ་བསྒྱུར་དང་། རྩིས་འཁོར་དངLinuxརྩིས་འཁོར་མ་ལག་ཏུ་འཇུག་ཐུབ་ཀྱི་ཡོད། དེ་མིན་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ད་དུང་འཛམ་གླིང་དུ་ཤུགས་རྐྱེན་ཆེས་ཆེ་བའིwindows XPརྩིས་འཁོར་མ་ལག་འདི་ཡོངས་སུ་བོད་ཡིག་སྤྱོད་ཐུབ་པར་མངོན་འགྱུར་བྱ་རྒྱུ་ཡིན་པ་དང་། བོད་ཡིག་ཡིག་གཟུགས་ཐམས་ཅད་ཀྱི་མ་བྱང་བཟོ་སྐྲུན་བྱས་ཡོད། དེའི་མཚུངས་སུ་བོད་ཡིགOCRཡི་གེ་ངོས་འཛིན་མ་ལག་བཟོ་སྐྲུན་བྱས་ཤིང་ཕྱོགས་བསྡུས་ཀྱི་ངོས་འཛིན་སྡེབ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ལག་རྩལ་འདི་ནི་བོད་ཡིག་གནའ་དཔེ་དཔེ་ཚོགས་ཀྱི་གྲངས་རིག་ཅན་དུ་སྤྱོད་ཆོག་ཅིང་། ཞིབ་འཇུག་ཁ་ཕྱོགས་འདིའང་བོད་རང་སྐྱོང་ལྗོངས་ལོ་ལྔའི་འཆར་འགོད་བཅུ་གཉིས་ཀྱི་ལས་གཞི་གལ་ཆེན་དུ་ཟིན་པ་དང་། བོད་ལྗོངས་སློབ་ཆེན་རང་ངོས་ནས་འདི་ལ་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་གནང་གིན་ཡོད་ཟེར།
ཁོས་ཤུགས་རིང་དང་བཅས་མུ་མཐུད་དུ། སློབ་ཆེན་ནི་ཁེ་ལས་ཤིག་དང་མཚུངས་མི་ངེས་ཤིང་། ཚན་ཞིབ་གྲུབ་འབྲས་འདི་འདྲའི་མང་པོ་ཞིག་ཐོན་ལས་ཅན་དང་ཁྱབ་སྤེལ་གྱི་མགྱོགས་ཚད་དལ་བས། བོད་ལྗོངས་སློབ་ཆེན་གྱིས་དམིགས་སུ་ཚན་རྩལ་ཞབས་ཞུ་ལྟེ་གནས་ཤིག་བཙུགས་ནས་འབྲེལ་ཡོད་ཚན་ཞིབ་གྲུབ་འབྲས་ཀྱི་ཐོན་ལས་ཅན་དང་ཚན་རྩལ་ཁེ་ལས་ཡར་སྐུལ་བྱེད་པ་ཡིན་ཟེར།
བོད་ཡིག་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཀྱི་མདུན་ལམ་རྒྱ་ཆེ་བ།
རྒན་སྐལ་བཟང་གིས་ཚན་རྩལ་ཞབས་ཞུ་ལྟེ་གནས་ཀྱི་འཕེལ་རྒྱས་མདུན་ལམ་རྒྱ་ཆེ་བར་འདོད་པ་སྟེ། ལྟེ་གནས་འདིས་བོད་ཡིག་གཙོས་པའི་མི་དང་རྩིས་འཁོར་ཕན་ཚུན་མཉམ་སྦྱོར་དང་། བོད་ཡིག་གི་རྣམ་པ་ངོས་འཛིན་སོགས་ཕྱོགས་ལྔ་ནས་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། Androidམ་ལག་རྨང་གཞི་བྱས་པའི་བོད་ཡིག་ལག་ཁྱེར་ཁ་པར་བཟོ་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་མ་ཟད། བོད་ཡིག་ལག་འབྲི་དང་སྒྲ་སྐད་གཏག་པའི་ལག་རྩལ་སྤྱོད་ཐུད་པར་བྱ་འཆར་ཡོད་པ་རེད།
དམིགས་ཡུལ་འདི་མངོན་འགྱུར་བྱེད་དགོས་ན་ད་དུང་གཞི་རྒྱ་ཆེ་བའི་བོད་ཡིག་སྐད་ཡིག་རྒྱུ་ཆའི་བང་མཛོད་ཅིག་འཛུགས་དགོས་ཤིང་། འདི་ལྟར་བྱས་ན་ད་གཟོད་བོད་ཡིག་གི་རང་བྱུང་སྐད་ཡིག་སྒྲིག་སྦྱོར་སྔར་ལས་ལེགས་པ་དང་སྤྱོད་སྒོ་ཆེན་པོ་འབྱུང་ངེས། སྐབས་དེར་གསར་འགོད་པསAppleཔར་གཞི་གསར་བ་སྟེiPhoneསྟེང་ཁྱད་ཆོས་གསར་བ་ལྡན་པའིSiriསྒྲ་སྐད་རོགས་འདེགས་སྤྱོད་ནུས་དེ་ཡིད་ལ་དྲན་ཞིང་། མ་གཞི་དེ་ནི་དབྱིན་ཡིག་གི་སྐད་སྒྲ་ངོས་འཛིན་དང་སྐད་དོན་དབྱེ་ཞིབ་རྨང་གཞིའི་སྟེང་དྲ་སྦྲེལ་བརྒྱུད་དེ་མངོན་འགྱུར་བྱས་པ་ཞིག་རེད། བོད་ལྗོངས་སློབ་ཆེན་གྱི་ཆེད་མཁས་པ་དག་གིས་དངོས་གནས་བོད་ཡིག་ཆ་འཕྲིན་ཅན་གྱི་ལག་རྩལ་འཕེལ་རྒྱས་ཡར་སྐུལ་བྱས་ཤིང་། ད་ལྟའི་བར་བླངས་བའི་གྲུབ་འབྲས་ཀྱིས་གསལ་བོར་བསྟན་རྒྱུར། བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཆ་འཕྲིན་སྒྲིག་སྦྱོར་ལག་རྩལ་ནི་སྔ་མོ་ནས་འཛམ་གླིང་གི་སྔོན་ཐོན་གྲས་སུ་བསྐྱོད་པ་རེད།