logo

འུ་ཚང་གི་དོགས་གཞི།

རྩོམ་པ་པོ།:ཀླུ་ཚང་སྨྱུག་གསར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-06-22 ཀློག་གྲངས།:

                      དྲིས་ལན་ཁག་དང་པོ།                    

        སྤྱིར་དོགས་གཞི་ཞིག་སེལ་བ་ལ་མ་མཐའ་ཡང་སྔོན་འགྲོའི་ཆ་རྐྱེན་མང་པོ་ཞིག་དགོས་སྟེ།  གཅིག  དོགས་གཞི་སེལ་མཁན་རང་ཉིད་ཡོན་ཏན་གྱི་ཆུ་ཚད་མཐོ་ཞིང་ཕྱོགས་རིས་ཀྱི་དབང་དུ་མི་འགྲོ་བར་དྲང་བདེན་གྱི་ལམ་མཁན་ཞིག་ཡིན་དགོས་པ་དང༌།    གཉིས།  ཅི་ཞིག་ལ་དོགས་གཞི་ཡོད་ན་དེ་ཕྱོགས་ཀྱི་ཤེས་བྱ་མི་དམན་ཞིག་འཛོམས་པོ་ཡིན་དགོས།  དཔེར་ན་ལོ་རྒྱུས་ཀྱི་ཕྱོགས་དང༌།  ཆོས་ལུགས་ཀྱི་ཕྱོགས།  སྲིད་ཀྱི་ཕྱོགས།  ཆོས་སྲིད་སྲུང་འབྲེལ་གླེང་ན་དེའི་མ་མཐའ་ཡང་ངོ་བོ་ངོས་འཛིན་པ་ལ་མི་རྨོངས་ཤིག་ཅེས་ཀྱང་ཡིན་དགོས།   གསུམ།  སྤྱིར་ན་རང་གི་བཤད་པ་སྐྱ་སེར་གཉིས་ཀྱི་ཁས་ལེན་པ་ཞིག་འཁྱོངས་ན་རབ་ཡིན།   དེ་མིན་ཡང་གྲུབ་མཐའི་ཕྱོགས་རེས་པ།  ལྟ་ཚུལ་འཁྲེགས་འཛིན་པ།  བྱ་ལས་སྒེར་གཅོད་པ།  མཐོང་ཐོས་ཉུང་བའི་རང་རློམ་ཅན།  ལྟ་བའི་གཞི་རྐང་མ་ཆགས་པ་བཅས་ཀྱི་སྐྱོན་ལྔ་དང་བྲལ་བ་ཞིག་མིན་ན་ཧ་ཅང་ཁག་པོའི་ཚད་དུ་འདུག་སྙམ།  གཞན་ཡང་འུ་ཚང་གི་དོགས་གཞི་ཟེར་ན་དེ་ཡང་འདང་རྒྱག་དགོས་པས་མི་ཚད་ང་ཚོའི་སྤྱི་བོ་གནམ་བསྟན་གྱི་བོད་མི་རེ་རེར་འགན་འཁུར་གྱི་འདུ་ཤེས་མ་བོར་བ་ཞིག་ཡིན་ཕྱིན།   རང་གི་ཐེག་ཚད་ཀྱི་འགན་ཁུར་ཡོད།   འདང་རྒྱག་ཆེན་པོ་ཞིག་འུར་རྡོ་བཞིན་མགོ་ཐོག་ལྷུང་ཡོང་བ་གཞོལ་ཐབས་མེད་པ་ཞིག་ཀྱང་མ་ཡིན་ནམ། 

        ༡      བོད་ཀྱི་ལོ་རྒྱུས་ཐོག་ཆོས་བརྒྱུད་གང་ཞིག་ཆོས་བརྒྱུད་གཞན་དུ་སྒྱུར་མཁན་དེ་ཚོར་འུ་ཚོས་ད་དུང་ཡི་རང་བྱེད་དགོས་སམ་ཁོང་ཚོ་ལོ་རྒྱུས་ཉེས་ཅན་དུ་བགྲང་དགོས་སམ།

        ཆོས་ཀྱི་རྒྱལ་བོ་ནི་ཆོས་ལུགས་དང་མཐུན་པར་སྲིད་དབང་བཟུང་མཁན་གྱི་རྒྱལ་བོ་དང༌།  ཡང་ན་ཆོས་ལུགས་ལ་དད་པ་ཡོད་མཁན་རྒྱལ་བོ་ལ་ཟེར་གསུངས་པ་དང། ཆོས་ལྡན་ས་སྐྱོང་རྒྱལ་བོ་ནི།  ཆོས་དང་མཐུན་པར་སྲིད་སྐྱོང་པའི་རྒྱལ་བོ་གསུངས་པ་ནང་བཞིན།  ཆོས་སྲིད་ཟུང་འབྲེལ་ཡང་དེས་བསྐྱངས་པའི་ཆོས་སྲིད་གཉིས་ལྡན་གྱི་མི་སྐྱོང་བའི་འཚོ་ཐབས་ལམ་ལུགས་ལ་ཆོས་སྲིད་ཟུང་འབྲེལ་དང༌།  དེ་བཞིན་བརྒྱུད་ཡོང་བའི་སྐྱ་སེར་སུས་བཟུང་བའི་མི་རིགས་ཀྱི་དོན་དང་རྒྱལ་ཁབ་ཀྱི་དོན་དུ་བཏང་བའི་ཁེ་དབང་ཆ་ཚང་བའི་མི་སྐྱོང་ཐབས་སམ་བདེ་བར་བཀོད་ཐབས་ཀྱི་ལམ་ལུགས་ལ་ཆོས་སྲིད་ཟུང་འབྲེལ་དུ་བཏགས་པ་སྙམ།འདི་ལ་ད་ལྟའི་བར་མང་པོ་ཞིག་གིས་མང་པོ་ཞིག་བཤད་ཡོད་པ་རེད།དཔེར་ཧོར་གཙང་འཇིགས་མེད་ཀྱིས་ཆོས་སྲིད་ཟུང་འབྲེལ་གླེང་དུས། གཅིག ཆོས་དང་སྲིད་ཟེར་བའི་ཐ་སྙད་གཉིས་རང་སྟེང་གི་གོ་ཐོབ་དང་མིང་གི་འགྲེལ་བ་བརྒྱབ་ནས་བཤད་ཡོད། གཉིས། ལྟ་གྲུབ་ཀྱི་སྒོ་ནས་གོ་དོན་འཇོག་པ་དང༌།ཆོས་དང་སྲིད་ཟེར་བའི་ཐ་སྙད་རང་སྟེང་གི་ནུས་པ་དང༌།མི་སྒེར་གྱི་སྟེང་གི་བཀོད་སྤྱོད་ཀྱི་དབང་ཚད་སྟེང་ནས་གླེང་བ་མ་གཏོགས་གཞན་སྤྱི་བསྡོམས་ཤིག་ད་དུང་ཤོད་མེད། དཔེར་ན། མངའ་བདག་ཁྲི་རལ་སྐུ་ན་ཕྲ་སྐབས་བློན་པོ་ཕན་ཚུན་བར་གྱི་དབང་ཆའི་འཐབ་རྩོད་དང་ཆོས་ལུགས་འཐབ་རྩོད་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང༌།ཆོས་ལ་དཀར་ཞིང་རྒྱལ་རྒྱུད་ལ་དམ་ཚིག་བརྟན་པའི་བན་དེ་མྱང་ཏིང་འཛིན་བཟང་བོ་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཚར་ལོངས་བྱུང་ཞིང༌།ཕྱི་ལོ་ ༨༡༥ལོར་དངོས་སུ་སྲིད་དབང་ལག་ཏུ་ཐོབ་པའི་རྗེས་སུ།སྔར་ཁྲི་སྲོང་ལྡེ་བཙན་གྱིས་གྲྭ་བ་རེ་ལ་དུད་ཁྱིམ་གསུམ་རེ་སྤྲད་པའི་གྲངས་འབོར་སྤར་ཏེ་གྲྭ་བ་རེར་དུད་ཁྱིམ་བདུན་རེ་སྤྲད་པ་དང༌།གྲྭ་བ་ལ་མིག་ལོག་གིས་བལྟས་ན་མིག་འདོན་པ་སོགས་ཀྱི་ཁྲིམས་གཞི་བཅས་ཏེ།གྲྭ་བའི་དབང་ཤུགས་དང་ཐོབ་ཐང་ཅི་བས་ཆེ་ཡང་མང་ཚོགས་ལ་བརྡབ་གསིག་ཀྱང་དེ་བས་ཆེ་བ་སྨོས་ག་ལ་དགོས། ཞེས་ཁོས་བཤད་འདོད་པ་འདིར་གྲྭ་བ་ལ་ཕོགས་ཕྱིན་པ་དེ་ལ་མ་རངས་པའི་རྣམ་འགྱུར་བསྟན་པ་ཙམ་ལས་དེའི་ཕྱོགས་ཀྱི་དགེ་མཚན་གང་ཡང་བགྲང་མི་འདུག  འདི་ལ་ཡང་རྒྱུ་མཚན་གཉིས་ཀྱི་སྒོ་ནས་བཤད་ཆོག་སྟེ།  ༡མངའ་བདག་ཁྲི་རལ་སྐུ་ན་ཕྲ་སྐབས་བློན་པོ་ཕན་ཚུན་བར་གྱི་དབང་ཆའི་འཐབ་རྩོད་དང་ཆོས་ལུགས་འཐབ་རྩོད་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང༌།ཆོས་ལ་དཀར་ཞིང་རྒྱལ་རྒྱུད་ལ་དམ་ཚིག་བརྟན་པའི་བན་དེ་མྱང་ཏིང་འཛིན་བཟང་བོ་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཚར་ལོངས་བྱུང་ཞིང༌།ཕྱི་ལོ་ ༨༡༥ ལོར་དངོས་སུ་སྲིད་དབང་ལག་ཏུ་ཐོབ་པ་ཁས་ལེན་ན་དེ་ཆོས་ལུགས་ཀྱི་དགེ་མཚན་དུ་བགྲང་ན་ཅི་ལ་མི་ཆོག དེ་ཆོས་ལུགས་པས་དྲང་བདེན་སྲུང་བ་ལ་ཐུག་འདུག སྔར་ཁྲི་སྲོང་ལྡེ་བཙན་གྱིས་གྲྭ་བ་རེ་ལ་དུད་ཁྱིམ་གསུམ་རེ་སྤྲད་པའི་གྲངས་འབོར་སྤར་ཏེ་གྲྭ་བ་རེར་དུད་ཁྱིམ་བདུན་རེ་སྤྲད་པ་དང༌།གྲྭ་བ་ལ་མིག་ལོག་གིས་བལྟས་ན་མིག་འདོན་པ་སོགས་ཀྱི་ཁྲིམས་གཞི་བཅས་ཏེ།གྲྭ་བའི་དབང་ཤུགས་དང་ཐོབ་ཐང་ཅི་བས་ཆེ་ཡང་མང་ཚོགས་ལ་བརྡབ་གསིག་ཀྱང་དེ་བས་ཆེ་བ་སྨོས་ག་ལ་དགོས།ཞེས་པ་གུང་ཏང་གིས་གྲྭ་བར་ལྟ་ཚུལ་དང་ཆ་འདྲ་ཞིག་ཡོང་གིན་ཡོད་པ་མ་ཡིན་ནམ། དཔེའི་སྒོ་ནས་བཤད་ན།འཛམ་བུ་གླིང་གི་དམག་མིར་ཐོབ་དང་དབང་ཚད་ག་འདྲ་ཞིག་ཡོད་པ་དང༌།   ནུས་པ་དང་ཕན་ཁེ་ག་འདྲ་ཞིག་ཡོད།  དེ་གང་ལས་ཐོན་པ་རེད།  དེ་དག་གི་འབྱུང་ཁུངས་ཕར་དེད་ན་ཕོགས་ལ་ཐུགས་ཡོད།   གལ་སྲིད་ཕོགས་མེད་པའི་དབང་དུ་བྱས་ན།   རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བཏང་ནས་དབུལ་ཕུང་གིས་འདུག་ཐུབ་མཁན་ག་ཚོད་ཡོད་དམ།  དམག་མི་དེ་དག་གི་ཕ་མ་དང༌། བུ་ཕྲུག ཆུང་མ་བཅས་ཅི་ཙམ་ཞིག་གིས་རྒྱལ་ཁབ་ཀྱི་ཆེད་དུ་ཟེར་ནས་འདུག་ཐུབ་བམ།སེམས་ཅན་དང་མི་རིགས་ཟེར་ནས་འདུག་ཐུབ་མཁན་ག་ཚོད་ཡོད་དམ།རང་སྟེང་གི་ད་ལྟ་སྒྲུབ་བཞིན་པ་དང་ཐོན་པའི་ནུས་པ་དེ་ཡང་ཕོགས་མེད་ན་སྲིད་གཞུང་གི་ལས་དོན་སྒྲུབ་ནས་འདུག་ཐུབ་མཁན་ག་ཙམ་ཡོད་པ་དེས་གསལ་བོ་མིན་ནམ། ད་དུང་མང་པོ་ཞིག  སྲིད་གཞུང་གི་ཕོགས་ཙམ་གྱིས་མ་ཚིམས་པར་རང་སྟེང་གི་སྒེར་དོན་

རྐྱང་བ་སྒྲུབ་པ་དང༌། གཞན་གྱི་དོན་ཆེ་མ་ཆུང་གསུམ་གང་ཞིག་སྒྲུབ་དགོས་ན་དེའི་སྟེང་ནས་རྒྱུ་ཟོས་[1]ནས་རུལ་སུངས་ཏུ་གྱུར་བ་ག་ཙམ་ཞིག་ས་ཡི་གོ་ལ་འདིའི་སྟེང་དུ་འབྱུང་དང་འབྱུང་མུས་འདུག་པར་གཞིག་ན་དེའི་བདེན་མཐའ་གསལ་ཡོང༌། བདེན་དོན་འདི་དག་ཁས་ལེན་ན། དེའི་སྐབས་སུ་གྲྭ་བར་ཐོབ་ཐང་ཕྱིན་པ་དང་ཕོགས་ཕྱིན་པ་དེ་ཡང་གཏན་ནས་མི་འགྲིག་པ་ཞིག་མིན་པར་འདོད་དེ།དེའི་སྐབས་ཀྱི་གྲྭ་བའི་བོད་སྤྱི་ཚོགས་བདེ་འཇགས་དང་དར་སྤེལ་ཕྱོགས་སུ་ཕན་ནུས་མི་ཉུང་བ་ཞིག་ཐོན་ཡོད་པ་རེད།དམག་ལ་བལྟས་ན་ཡང་གྲྭ་བས་བོད་སྤྱི་ཚོགས་ཐོག་ནུས་པ་ཐོན་བཞིན་ཡོད་པ་རེད།  གྲྭ་བས།  བོད་ཡིག་དར་སྤེལ་གཏོང་བ་དང༌། ཆོས་ལུགས་དར་སྤེལ་གཏོང་བ།  ཡིག་བསྒྱུར། ལོ་ཙཱ། ནད་རིམས་འགོག་པ། རྣམ་རྟོག་སེལ་བ་བཅས་མང་པོ་ཞིག་གི་དཀའ་ངལ་སེལ་གྱི་ཡོད་པ་དང༌།དེའི་ཕན་ནུས་ལ་དམིགས་ནས་ད་གཟོད་རྒྱལ་བོས་ཐབས་འདི་སྤྱད་ན་མང་ཚོགས་བདེ་ལ་འགོད་ཐུབ་པའི་ཆོས་སྲིད་ཀྱི་ལག་ཆ་གཉིས་ཕྱོགས་བསྡོམས་བྱས་པ་རེད།  དེ་ནི་གཅིག་ལ་གཅིག་རྟེན་དུ་བཤད་ཆོག་སྟེ།  ལག་པ་དང་མཚོན་ལྟ་བུ་ཡིན། ལག་པ་ཡོད་པས་མི་ཆོག་ལ་མཚོན་ཁོ་ན་ཡོད་པས་ཡང་ཕན་ཁེ་ཆེར་མེད་པས་གཅིག་ལ་གཅིག་རྟེན་བྱས་ན་དགྲ་འདུལ་ཐུབ་པ་ནང་བཞིན་རེད།   ཆོས་ལུགས་ལྟར་ན། མིག་ལོག་ལར་བ་མ་གུས་པ་ཡིན་པས།  གྲྭ་བར་མིག་ལོག་བལྟ་བ་ཡོན་ཏན་པར་མ་གུས་ཡིན།   ཡོན་ཏན་པར་མ་གུས་ན།  ས་པཎ་མཆོག་གིས།  ཡོན་ཏན་ལྡན་པ་མི་བཀུར་བའི།  གནས་དེར་མཁས་པ་སུ་ཞིག་སྡོད།ཞེས་དང༌།  རླུང་གི་བསྟན་བཅོས་ལས།  སྙིགས་དུས་སྐྱེ་བོ་ཕལ་ཆེ་བ།  ཆོས་བྱེད་སྐྱེས་བུར་རབ་ཏུ་སྡང༌།གསུངས་པ་བཞིན་ཆོས་བྱེད་པར་སྡང་མཁན་ལ་ཁྲིམས་མེད་ན་ཆོས་བྱེད་པ་ཉུང་བས་རྒྱུ་རྐྱེན་གྱིས་ཆོས་ཀྱི་ཡོན་ཏན་སྲུང་སྐྱོབ་བྱས་པ་རེད།   ཕ་མ་ལ་མིག་ལོག་བལྟས་ན་མི་གུས་པའི་སྐྱོན་ཡོང་བ་དང༌། འཇིག་རྟེན་ཁ་དཔར་ཡང༌། མིས་མི་བཀུར་ན་བླ་མ་དང་དཔོན་པོ། ཤིང་གིས་ཤིང་བཀུར་ན་ལྷ་ཁང་དང་མཆོད་ཁང་ཟེར་བ་བཞིན།  གྲྭ་བར་མ་གུས་པས་གྲྭ་བའི་རྒྱུ་སྤོས་གོང་དུ་འཕེལ་མི་ཐུབ་པ།  མི་ཆོས་གཙང་མ་བཅུ་དྲུག་གི་ནང་གི་མ་གུས་པ་དང་འགལ་བ་སོགས་ལ་དམིགས་ནས་གྲྭ་བ་ལ་མིག་ལོག་བལྟས་མི་ཆོག་པའི་ཁྲིམས་བཅོས་ན་ད་གཟོད་མིག་ལོག་གིས་བལྟས་པའི་ཉེས་དམིགས་མཐོང་ཐུབ་པ་བྱས་པ་མིན་ནམ། འདི་ལྟ་བུའི་ཁྲིམས་མེད་ན།   མི་ཆོས་གཙང་མ་བཅུ་དྲུག་གི་ཕན་ནུས་དང༌།  མ་སྲུང་བའི་ཉེས་དམིགས་ལ་སོགས་པ་གང་ཡང་མ་ངེས་ན་ཁྲིམས་བཅོས་པའི་དགོས་པ་མ་གྲུབ་པ་ཡིན།འདིར་མང་པོ་ཞིག་བཤད་པས་དགོས་པ་ཆུང་བས་མ་སྤྲོས། དེ་ནི་གཞན་དུ་བཤད་ཆོག རྒྱལ་པོ་ནི། མངོན་པ་མཛོད་ནས་བཤད་སྲོལ་ལ།གནའ་དུས་སུ་འཇིག་རྟེན་ཐོག་མི་ཡི་འགྲོ་བ་བྱུང་སྐབས་མི་རྣམས་ལ་དཔོན་དང་འབངས་ཀྱི་ཐ་སྙད་མེད་ཀྱང་སྒེར་ལ་དབང་བའི་དཔལ་འབྱོར་ཡང་མེད་པར་ཚང་མས་ཐུན་མོང་གི་འཚོ་བ་སྤྱོད་ཀྱི་ཡོད།ཞེས་པ་ནས་དེའི་རྗེས་ཞིང་དཔོན་དེ་ལ་བྲན་གཡོག་མང་པོ་བྱུང་སྟེ་དཔོན་གཡོག་གི་ཁྱད་པར་དང༌།  རིམ་བཞིན་འབངས་དང༌།  དམག་དཔུང༌།  ས་ཆ་བཅས་མང་པོ་ཡོད་པའི་རྒྱལ་པོ་བྱུང༌། རྒྱལ་པོའི་དང་པོ་ནི་མང་བཀུར་བའི་རྒྱལ་བོ་ཡིན།  དེ་ལ་བསོད་ནམས་ཆེ་ཆུང་དབང་གིས་གསེར་དང༌། དངུལ། ཟངས། ལྕགས་བཅས་ལས་གྲུབ་པའི་འཁོར་ལོ་ཞིག་ཡོད་པ་དེ་བཏང་ནས་འཁོར་ལོ་དེས་གང་དུ་སླེབས་ཚད་ཀྱི་ས་ཆ་ཚང་མ་མངའ་འོག་ཏུ་བསྡུ་ཐུབ་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞེས་ཀྱང་ཟེར།

        རྒྱལ་པོ་ལ་མི་དབང་དང་ཆོས་རྒྱལ་གཉིས་སུ་ཕྱེ་ཆོག་པར་སྙམ་སྟེ། བཀའ་ཆེམས་བཀའ་ཁོལ་མར།  གློ་བུར་རྒྱལ་པོ། བསྐོས་པའི་རྒྱལ་པོ།  གདུང་རྒྱུད་ཀྱི་རྒྱལ་པོ་བཅས་སུ་དབྱེ་ཡོད། རྒྱ་གར་དུ་རྒྱལ་པོ་མང་པོ་ཞིག་བྱུང་ཡང་དེའི་ནང་ཆོས་རྒྱལ་དུ་གསོལ་བ་མང་པོ་མེད།   བོད་ལ་ཡང་རྒྱལ་རབས་ཉེར་བདུན་པའི་སྔོན་ལ་དབང་སྒྱུར་བའི་རྒྱལ་པོ་ཡོད་ཀྱང་ཆོས་རྒྱལ་གསོལ་བ་མང་པོ་མེད་པར་འདོད་དེ། ཆོས་རྒྱལ་མེས་དཔོན་རྣམ་གསུམ་ཟེར་བས་གྲུབ་བོ།།  རྒྱ་གར་ཡུལ་དུ་སྔར་ཆོས་རྒྱལ་མེ་ལོང་གདོང་གི་ལོ་རྒྱུས་ཁག་ཏུ་ཆོས་རྒྱལ་འདི་ཁྲིམས་ལ་མཁས་ཤིང་ཁྲིམས་ཤིན་ཏུ་དྲང་པོར་གཅོད་པ་ཞིག་བྱུང་བའི་རྒྱུན་མཚན་བཀོད་ནས་ཆོས་རྒྱལ་ཀྱི་མཚན་གསོལ་བར་བཤད་ཡོད། དེས་རྒྱལ་བོ་འདི་ཆོས་རྒྱལ་གྱི་ཐོག་མ་ཡིན་པར་ངེས་ཐུབ་བོ།། དེ་བཞིན་དུ་ཆོས་རྒྱལ་མྱ་ངན་མེད་སོགས་ཆོས་རྒྱལ་གྱིས་བསྐྱངས་ཀྱང་རྒྱལ་སྲིད་མ་ཉམས་པའི་མ་ཚད་སྲིད་དབང་ཆེར་རྒྱས་པའི་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་བོ་མང་པོ་ཞིག་མ་བྱུང་ཡང༌།  དེ་དག་གིས་རིང་ལ་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དམག་འཐབ་བྱས་པ་དང་མི་ཤི་རྟ་འགྱེད་ཀྱི་དོན་མང་པོ་བྱས་པས་ལོ་རྒྱུས་རྒྱལ་པོ་མྱ་ངན་མེད་ཀྱི་ལོ་རྒྱུས་ཡིག་ཚང་དུ་གསལ། གནའ་རབས་ཀྱི་རྒྱལ་པོའི་ནང་འདི་ལྟ་བུའི་རྒྱལ་པོ་ཕལ་ཆེར་བྱུང་དཀའ་བ་དང་བྱུང་མ་མྱོང་པར་འདོད།  དེང་སྐབས་ང་ཚོའི་མང་པོ་ཞིག་གིས་གསར་བཤད་དམ་འཐོམ་བཤད་བྱས་ནས་ཆོས་ཡིན་ན་སེམས་ཅན་ལ་འཚེ་བ་མེད་པ་ཡིན་ཕྱིན་དམག་འཐབ་མ་བྱས་པར་འདུག་དགོས་ཚུལ་བརྗོད་པ་དང༌།  ཆོས་བློན་རྣམ་པར་སྙིང་རྗེ་དབང་གིས་ང་ཚོའི་ཆ་ཚང་ཤོར་སོང་བ་རེད་ཟེར་བ་སོགས་གཡམ་བཤད་མང་པོ་བྱེད་བྱས་པ་རེད།  གཅིག  ལོ་རྒྱུས་ཀྱི་རྨང་ཞན་པ་དང༌།  གཉིས།  བསྟན་པའི་དགྲ་བོ་འདུལ་བའི་ལོ་རྒྱུས་སོགས་ལ་རྒྱུས་མེད་པས་རེད།  སངས་རྒྱས་ཀྱི་བསྟན་གཞན་ལ་མི་འཚེ་བ་ཡིན་པ་སུས་ཀྱང་ཁས་མི་ལེན་ཐུ་མེད་ཡིན་མོད།   སེམས་ཅན་གྱི་བདེ་སྐྱིད་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕུལ་ཐུབ་པ་ཞིག་དགོས། དེ་ནི་བདག་གཞན་མཉམ་བརྗེ་དང་ཚད་མེད་སྙིང་རྗེ་ཡི་ངོ་བོ་དང་འབྲེལ་བ་གཏིང་ཟབ་ཡོད།  དཔེར་ན་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་གསད་ཀྱང་དགྲ་བཅོམ་ཐོབ་པ་དང༌།  དགེ་སློང་མ་གཅོང་མོ་དམྱལ་བར་ལྷུང་བའི་ལོ་རྒྱུས་ལྟ་བུས་གསལ་ཁ་ཐོན་ཡོད།

        དེ་བཞིན་འདི་རུ་ཆོས་བརྒྱུད་གང་ཞིག་ཆོས་བརྒྱུད་གཞན་དུ་བསྒྱུར་ཟེར་བ་ཡང་ཆོས་ཀྱི་དབང་དུ་སོང་ནས་རྒྱལ་པོས་བཀས་བཅད་པ་དང༌།  གྲུབ་མཐའི་དབང་གིས་བྱུང་བ་སོགས་ཕྱོགས་རེ་བའི་ལྟ་ཚུལ་རང་གིས་འཛིན་པའམ་དེ་ལྟ་བུའི་བཤད་སྲོལ་གྱི་རྗེས་སུ་རྒྱུགས་པ་ཨེ་ཡིན་སྙམ་མོ། །

        བདག་གིས་འདི་ལྟར་འདོད་དེ།  ཆོས་བརྒྱུད་ནི།   དབང་ལུང་ཁྲིད་གསུམ་བརྒྱུད་པ་ལ་གོ་དགོས་ཤིང༌།  བརྒྱུད་ནི།  གཅིག་ནས་གཅིག་བརྒྱུད་པ་དང༌།  བརྒྱུད་ཁྲིད་ནི། གཅིག་ནས་གཅིག་བརྒྱུད་ནས་ཁྲིད་འདེབས་པ། དེ་ལ་བརྒྱུད་པ་དྲུག་དང༌། བརྒྱུད་པ་རྣམ་པ་ལྔ།  བརྒྱུད་པ་གསུམ།  བརྒྱུད་པའི་བླ་མ།  བརྒྱུད་བྱང་བཅས་ཡོད།  ཆོས་བརྒྱུད་གང་ཞིག་ཆོས་བརྒྱུད་གཞན་དུ་སྒྱུར་ཐུབ་ན་དེས་ཆོས་ཉིད་ཀྱི་ངོ་བོ་བདེན་པར་མ་གྲུབ་པ་དང༌།  ཆོས་བརྒྱུད་ཀྱི་འཕེལ་རིམ་ཤིག་ཏུ་ཅེས་ཀྱང་ངེས་འཛིན་དགོས་པས་དེ་ང་ཚོས་ལོ་རྒྱུས་ཉེས་ཅན་བཤད་ག་ལ་རུང༌།  འཛམ་གླིང་ཟླུམ་པོ་རིམ་བཞིན་འགྱུར་འགྲོ་བ་དང༌།  མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་འགྲོ་བ་ཀ་འཕྲོར་ཁ་ཡིན་པ་ལྟར་གསལ་བོ་མིན་ནམ།

        1  དབང་གི་སྐད་དོད་ནི། ལེགས་སྦྱར་སྐད་ཀྱི་ཨབྷིཥིཾཉྩ་ཞེས་པ་ཕབ་སྒྱུར་བྱས་པ་ཞིག་ཡིན།   དེ་ནི་གཏོར་བའམ་བླུགས་པའི་དོན་ཏེ།  སྒྲིབ་པ་གཏོར་ནས་རྒྱུད་དག་པར་འཁྲུད་པ་དང༌།  རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པ་ཡིན་ལ།  ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པའོ།  དབང་ལ།  དབང་སྐུར་དང༌། དབང་བསྐུར་བའི་ཆོ་ག  དབང་ཁྲིད།  དབང་གི་མཐའ་རྟེན་བཅས་མང་པོ་ཡོད།  དེ་ལ་དབང་གི་བརྒྱུད་པར་འགྱུར་བ་གཏོང་ནུས་ན་ཡང་དག་པའི་ཆོས་བརྒྱུད་ཞིག་ཏུ་ངེས་ཏེ་ཆོས་ཉིད་ཀྱི་ངོ་བོ་དང་མཐུན་པར་ཡོད། མ་ཟད་སུ་ཡིན་ཀྱིས་ངས་ཆོས་བརྒྱུད་བསྒྱུར་རྒྱུ་ཡིན་དང༌།  བསྒྱུར་འདོད་ཡོད་ཟེར་བ་ལྟ་བུ་འགྱུར་མི་ཐུབ་པ་སྟོན་པ་ཐུབ་པའི་དབང་བོས་འཕྲིན་ལས་དང་འབྲེལ་བ་གཏིང་ཟབ་ཡོད་པས་ཡིན།

        2  ལུང་ནི།  སྤྱིར་ན་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ཞིག་ཏུ་གོ་དགོས་པ་དང༌།  ཆོས་ལུགས་ཏུ་གསུང་རབ་དང༌། མཁས་པ་སྔ་མ་ཚོས་མཛད་པའི་བསྟན་བཅོས་ཀྱི་ཚིག་གཅིག་ཀྱང་ཆད་ལྷག་མེད་པར་ཞུ་བ་ལ་ལུང་ཟེར་ཞེས་དང༌།  འགོ་ནས་མཇུག་བར་འགྲེལ་བཤད་མ་བརྒྱབ་པར་ཚིག་གསལ་པོའི་སྒོ་ནས་ཀློག་སྟེ་ཉན་དུ་བཅུག་པ་ལ་ལུང་དང༌།   ནང་དོན་ལག་ལྟར་གང་འདྲ་བྱེད་དགོས་མིན་བཤད་པ་ལ་ཁྲིད།  ཚིག་རེ་རེ་བཞིན་འགྲེལ་བཤད་བརྒྱབ་པ་ལ་བཤད་ཚིག་ཟེར།   ལུང་གི་དབྱེ་བ།  ལུང་ཁྲིད་བཤད་ཚིག་གསུམ།  ལུང་གི་ཆོས་ཀྱི་མཐའ་བཞི།  ལུང་གི་ཆོས་འཁོར།  ལུང་གི་ཆོས་གཉིས། ལུང་གི་རྗེས་འབྲངས།  ལུང་གི་ཡོན་ཏན།  ལུང་ལ་ངོ་བོའི་སྒོ་ནས་རྣམ་པ་བཅུ།  མང་ཐོས་ལུང་གི་ཁྱད་ཆོས་བཞིན་ལྡན་ནི།  ༡ ཤེས་ཡོན་སྣ་ཁ་མང་པོ་བསླབ་མྱོང་བ་ནི་མང་པོ་ཐོས་པ་ཡིན།  ༢ སྣ་གཅིག་ཀྱང་ཐེངས་མང་པོ་སྦྱང་མྱོང་བ་ནི་མང་དུ་ཐོས་པ་ཡིན།  ༣ སྣ་ཁ་གཅིག་པོ་དེ་ཡང་སློབ་དཔོན་མང་པོའི་དྲུང་ནས་བསླབས་པ་ནི་མང་པོ་ལས་ཐོས་པ་ཡིན།  ༤ སློབ་གྲོགས་མང་པོ་དང་མཉམ་དུ་སློབ་སྦྱོང་བྱེད་མྱོང་བ་ནི་མང་པོ་དང་ཐོས་པ་ཡིན།  དེ་རེ་རེ་ལ་ཡང་ཁྱད་ཆོས་དང་ནུས་པ་མི་འདྲ་བ་ཡོད།  དེ་ཡང་ཤེས་ཡོན་སྣ་གཅིག་བསླབས་པ་དེ་ལས་སྣ་མང་པོ་བསླབ་པ་དེར་ཐོས་རྒྱ་ཆེ་ཞིང༌།  དེ་དང་འདྲ་བར་ཤེས་ཡོན་སྣ་གཅིག་པོ་དེ་ཐེངས་གཅིག་གཉིས་ཙམ་བསླབས་ནས་ཆོག་ཤེས་བྱེད་པ་དེ་ལས་ཐེངས་མང་པོ་བསླབས་པ་དེ་རྒྱ་ཇེ་ཆེ་བ་དང་གཏིང་ཇེ་ཟབ་ཏུ་འགྲོ་བ་ཡིན།   ཤེས་ཡོན་སྣ་གཅིག་པོ་དེ་སློབ་དཔོན་གཅིག་ཁོ་ནའི་དྲུང་ནས་བསླབས་པ་ལས།  སློབ་དཔོན་མང་པོའི་དྲུང་ནས་བསླབས་པ་དེ་ཐོས་རྒྱ་ཆེ།  སློབ་དཔོན་གྱི་དྲུང་དུ་རང་གཅིག་པུ་སོང་ནས་སློབ་སྦྱོང་བྱེད་པ་དེ་ལས་སློབ་མ་མང་པོ་དང་མཉམ་དུ་སློབ་སྦྱོང་བྱས་ན་བཤད་པ་རྒྱ་ཆེ་བ་དང་གཏིང་ཟབ་པ།  དོགས་པ་མང་པོ་ཆོད་པ།  བློ་སྐྱེད་ཐོན་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད། འདི་ལྟ་བུའི་ལུང་གི་ཁྱད་ཆོས་སོགས་ལ་འགྱུར་བ་ཐོན་པ་དང་གདུལ་བྱར་ཕན་ཐོག་པ་རེ་ཡོང་ཐུབ་ན་ད་གཟོད་ཆོས་ལུགས་ཀྱི་འཕེལ་རྒྱས་ཤིག་ཏུ་ངེས་འཛིན་དགོས་པར་སྙམ། 

        3  ཁྲིད་ནི། ལུང་ཁྲིད་བཤད་ཚིག་གསུམ་བཤད་པའི་སྐབས།  ནང་དོན་ལག་ལྟར་གང་འདྲ་བྱེད་དགོས་མིན་བཤད་པ་ལ་ཁྲིད་ཞེས་གསལ་བོར་གསུངས་ཡོད།  ཁྲིད་བཤད་བཤད་པའི་སྐབས།  ཁྲིད་དང་བཤད་པ་གཉིས་མི་འདྲ་ཞིང༌། ཁྲིད་ནི་ལག་ལེན་དངོས་ཀྱི་དམར་ཁྲིད་དང༌།  བཤད་པ་ནི་དཔེ་ཆའི་ཐོག་ནས་འགྲེལ་བཤད་རྒྱག་པ་ལ་ཟེར་ཞེས་ཟེར།  ཁྲིད་ལ་དབྱེ་ངོ་བོ་སྒོ་ནས་དབྱེ་བ་དང༌།  བྱེ་བྲག་ཏུ་བཤད་པ་གཉིས་ཡོད།  དང་པོ་ཁྲིད་ཆེན་བརྒྱད་དེ། བླ་མ་སྐུ་གསུམ་གྱི་ཁྲིད།  བྱམས་སྙིང་རྗེ་ཁྲིད། རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད།  ལྔ་ལྡན་བདུད་རྩི་ཐིགས་པའི་ཁྲིད། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད།  ནཱ་རོ་ཆོས་དྲུག་གི་ཁྲིད།  ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད།  གསང་སྤྱོད་ལྡོག་སྒོམ་གྱི་ཁྲིད་དེ་བརྒྱད་དོ།། གཉིས་པ་ལ། ལྟ་ཁྲིད། དམར་ཁྲིད། མྱོང་ཁྲིད་བཅས་ཡོད།  རེ་རེ་བཞིན་འདི་རུ་དགོད་པ་མང་བར་དོགས་པས་མ་བྲིས། ཞིབ་ཏུ་གཟིགས་འདོད་ན་བྱང་ཆུབ་ལམ་རིམ་ཆེ་མོ་སོགས་ན་གསལ་ལོ།།   འདི་ལྟ་བུའི་ཆོས་ཟབ་མོའི་དབང་ལུང་ཁྲིད་གསུམ་གྱི་ཆོས་བརྒྱུད་གཞན་དུ་སྒྱུར་རྒྱུ་ཧ་ཅང་ཁག་པ་མ་ཡིན་ནམ།  དེ་ལས་ལྡོག་ཏེ་སྤྲས་པར་དགའ་བ་ཙམ་དང་སྔགས་པ་མི་མཁས་པར་བརྟེན་པ་ཙམ་གྱིས་ཆོས་བརྒྱུད་གང་ལ་ཡང་འགྱུར་བ་གཏོང་འདོད་པ་ནི་མཛུབ་མོ་གཅིག་གིས་གནམ་མི་ཐེག་པ་དང༌།  གྲོག་མའི་གཅིན་གྱིས་ས་མི་སྦང་པའི་དཔེ་མིན་ནམ།


འབྲེལ་ཡོད་འོས་སྦྱོར།