གངས་ལྗོངས་ཀྱི་དཔའ་རྒོད་རྒྱ་ཚ་ཞལ་དཀར།
བོད་རིགས་ཀྱི་བྲོ་གར་ཆེན་མོ《གདོང་འབུམ་པ་རྒྱ་ཚ་ཞལ་དཀར》ཞེས་པའི་འཁྲབ་སྟོན་ལ་བལྟས་པ།
བོད་ཀྱི་བྲོ་གར་ཆེན་མོ《གདོང་འབུམ་པ་རྒྱ་ཚ་ཞལ་དཀར》གྱི་འཁྲབ་པར།
ཉེ་ཆར་ཟི་ལིང་ནས་འཁྲབ་སྟོན་བྱས་པའི《གདོང་འབུམ་པ་རྒྱ་ཚ་ཞལ་དཀར》ཞེས་པའི་བྲོ་གར་ཆེན་མོ་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཇུས་འགོད་དང་བཀོད་སྒྲིག་གནང་བ་ལྟར། སྤྱི་ལོ2009ལོར་གསར་དུ་ཚུགས་མ་ཐག་པའི་མཚོ་སྔོན་ཞིང་ཆེན་གེ་སར་ཟློས་གར་ཚོགས་པས་ལོ་ངོ་གཅིག་དང་ཕྱེད་ཀའི་རིང་ལ་འཁྲབ་སྒྲིག་བྱས་པའི་བྲོ་གར་གསར་བ་ཕུལ་དུ་བྱུང་བ་ཞིག་རེད། ནང་དོན་གཙོ་བོ་ནི་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་མི་སྣ་གདོང་འབུམ་པ་རྒྱ་ཚ་ཞལ་དཀར་གྱི་སྐོར་ཆེད་དུ་འཁྲབ་གཞུང་དུ་བཅོས་ཏེ་ཁོང་གིས་རང་གི་ཕ་ས་གླིང་གི་ཡུལ་དང་རང་གི་མ་མི་གཅིག་པའི་སྤུན་མཆེད་གླིང་གི་རྒྱལ་པོ་སེང་ཆེན་ནོར་བུ་དགྲ་འདུལ་ལ་ཞེ་བློ་དཀར་ཞིང་རང་ཡུལ་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་གཟུར་གནས་དཔའ་བོའི་རང་མདངས་མ་ཉམས་པར་རང་ས་སྲུང་སྐྱོང་དང་དགྲ་ཇག་ནང་རུལ་ཕམ་པར་བརྒྱབ་པའི་བྱས་རྗེས་དང་ལོ་རྒྱུས་བརྗོད་ཅིང་། འདི་ནི་སྔོན་ཆད་འཁྲབ་པའི་གེ་སར་སྒྲུང་གི་ཟློས་གར《ཧོར་གླིང་གཡུལ་འགྱེལ》དང《བདུད་འདུལ》《འཇང་ཕྲུག་གཡུ་ཐོག་ལྷ་འཛིན》བཅས་དང་མི་འདྲ་བར་གླུ་ཚིག་གི་གྱེར་ལེན་མཚམས་སྦྱོར་གང་ཡང་མེད་ཅིང་། བྲོ་གར་རྐྱང་བའི་རྣམ་པས་སྒྲིག་འཁྲབ་བྱས་པའི་དེང་རབས་ཀྱི་སྒྱུ་རྩལ་ཁྱད་ཆོས་འཛོམས་པའི་གེ་སར་སྒྲུང་གི་ཟློས་གར་ཐེངས་དང་པོ་ཡིན།
བྲོ་གར་ཆེན་མོ་འདིའི་ནང་དུ་དཔའ་བོའི་གཏམ་རྒྱུད་ཀྱི་བྱུང་རིམ་རེ་རེ་བཞིན་འཁྲབ་སྟོན་བྱེད་སྐབས་གླུ་ཚིག་གི་ངོ་སྤྲོད་ལ་མ་བརྟེན་ཀྱང་། གར་སྟེགས་གྱི་ལྗོངས་རིས་འདྲ་མིན་ཇུས་འགོད་དང་གློག་འོད་ཀྱི་འཁྱུག་འགྲོས་བཀོད་སྒྲིག་བྱས་པ་ཤིན་ཏུ་འཚམ་ཞིང་ལེགས་པའི་སྟབས་ཀྱིས་སྒྱུ་རྩལ་གྱི་གོ་རིམ་ཧྲིལ་བོར་ཁྱད་མཚར་བརྗིད་ཉམས་ལྡན་པ་དང་། འཁྲབ་སྟོན་པའི་བྱང་ཆ་ལྡན་པའི་སྒྱུ་རྩལ་ཉམས་འགྱུར་དང་རྐང་ལག་གི་སྟངས་སྟབས། གྱོན་ཆས་ཀྱི་ཚུགས་ཀ་རྣམ་པ་དང་རོལ་དབྱངས་དཀྲོལ་བའི་གདངས་མཚམས་བཅས་ཀྱི་ཐོག་ནས་དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་ཁོང་ཉིད་དེ་འདྲའི་རང་ཚུགས་བརྟན་པོ་དང་དཔའ་མཛངས་རྟུལ་ཕོད་ཡ་མེད་ཅིག་ཡིན་པའི་སྣང་ཉམས་གསལ་བོར་མངོན་ཞིང་། བྲོ་གར་གྱི་སྒྱུ་རྩལ་ལམ་ནས་བརྗོད་དོན་ཇི་བཞིན་མཚོན་ཐུབ་ཡོད་པས་རྒྱ་བོད་རིས་མེད་ཀྱི་གཟིགས་མོ་བ་སུས་ཀྱང་སོ་སོའི་སྐད་རིགས་ལ་ཇི་ལྟར་རྨོངས་ཀྱང་མིག་གིས་མཐོང་བ་ཙམ་གྱིས་རང་རང་སོ་སོའི་ཡིད་ལ་དཔའ་རྟུལ་གང་གིས་མཛད་པ་ཅི་གནང་ལ་གོ་བ་བདེ་བླག་ཏུ་སྟེར་རོ།།
བྲོ་གར་ཆེན་མོ་འདི་ནི་ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཇུས་འགོད་གཙོ་གཉེར་བྱས་ཤིང་། བོད་ཀྱི་ན་གཞོན་བྲོ་གར་འཁྲབ་ཁྲིད་པ་གྲགས་ཅན་པད་མ་རྒྱ་མཚོས་སྤྱི་ཁྱབ་འཁྲབ་ཁྲིད་པའི་འགན་བཞེས་ཏེ་འཁྲབ་སྟོན་བྱས་པ་ཞིག་རེད། ཁྲབ་སྟོན་སྒྱུ་རྩལ་གྱི་སྤྱིའི་ལྟ་སྐུལ་བ་ནི་མཚོ་སྔོན་ཞིང་ཆེན་མི་རིགས་གླུ་གར་ཚོགས་པའི་འགོ་གཙོ་སྔོན་མ་སྟེ་རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་འཕགས་པ་སྐྱབས་ལགས་ཡིན་པ་དང་། བྲོ་གར་འཁྲབ་སྟོན་གྱི་ལས་ཁུངས་ནི་མཚོ་སྔོན་ཞིང་ཆེན་གེ་སར་ཟློས་གར་ཚོགས་པ་དང་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ། པེ་ཅིན་གྲོང་ཁྱེར་འབྲོག་མིའི་ལས་ཤག་བཅས་རེད།
བོད་ཀྱི་བྲོ་གར་ཆེན་མོ《གདོང་འབུམ་པ་རྒྱ་ཚ་ཞལ་དཀར》གྱི་འཁྲབ་པར།
ཀུན་གྱིས་ཤེས་གསལ་ལྟར། 《གེ་སར་རྒྱལ་བོའི་སྒྲུང》ནི་བོད་རིགས་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཆེ་ལ། ནང་དོན་རྒྱ་ཆེ་ཞིང་སྒྲིག་གཞི་རྔམ་བརྗིད་ལྡན་པའི་སྒྲུང་རབས་ཆེན་མོ་ཞིག་རེད། དེ་ནི་ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་པའི་སྐབས་ཤིག་གམ་དེ་ལས་ཀྱང་ཅུང་སྔ་བའི་དུས་སྐབས་ཤིག་ལ་བྱུང་བར་ངེས། དམངས་ཁྲོད་ཀྱི་སྒྲུང་བ་དག་གིས་རང་གི་དགའ་ཕྱོགས་ལྟར་རྒྱུན་དུ་གྱེར་བཤད་ལེན་གསུམ་བྱས་པ་བརྒྱུད་ནས་དམངས་ཁྲོད་དུ་དར་ཁྱང་བྱུང་བ་དང་། སྔོན་ཆད་ཁྲོམ་ས་ཆེ་ཆུང་གང་ནས《གེ་སར་རྒྱལ་བོའི་སྒྲུང》འདི་གླུ་ཨ་ལ་ཐ་ལ་དང་བཅས་བཤད་མཁན་དང་གྱེར་མཁན་ཚོས་སྙན་མོ་དབྱངས་ལ་བཀུགས་ནས་འཁྲབ་པ་འགའ་རེ་མཐོང་མྱོང་ཡང་། གླུ་ཚིག་གི་གྱེར་ལེན་བཤད་པ་ཅི་ཡང་མེད་པར་ཚད་མཐོའི་སྒྱུ་རྩལ་གྱི་བང་རིམ་ནས་བདེ་ལྕག་འཁྱུག་པའི་རྐང་ལག་གི་སྟངས་སྟབས་ཉམས་འགྱུར་ཁོ་ན་ལ་བརྟེན་ནས་ཞི་དྲག་གཉིས་འཛོམས་སྒོས་གེ་སར་སྒྲུང་རབས་ཆེན་མོའི་བྱུང་རིམ་སྣ་ཚོགས་ཡང་དག་མ་ནོར་བར་ཇི་བཞིན་མཚོན་པའི་འཁྲབ་གཞུང་མཐོང་བ་ནི་ད་ཐེངས་དངོས་གནས་ཐོག་དང་པོ་ཡིན། འཁྲབ་ཁྲིད་པ་པད་མ་རྒྱ་མཚོས་སྲོལ་རྒྱུན་ལ་བསྒྱུར་བཅོས་བྱས་ཏེ་ཐོག་མར་གསར་གཏོད་བྱས་པའི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ཤིག་ཀྱང་ལགས།
བྲོ་གར་ཆེན་མོ་འདི་ལ་མགོ་མཇུག་གི་ལེའུ་ཚན་ཕུད་པའི་དངོས་གཞིའི་ནང་དོན་ཁོ་ནར་བསྡོམས་པས་འཁྲབ་ཚན་བཞི་རུ་དབྱེ་ནས་མིག་ལམ་དུ་ཁད་ཀྱིས་བསྟན་ཡོད།
འཁྲབ་ཚན་དང་པོ། རྩལ་འགྲན་དབང་སྩོལ།
ཞོགས་པའི་ཉི་རྩེ་མགོ་མ་ས་པད་མ་འདབ་བརྒྱད་ཀྱི་སྟེང་དུ་ཀྲོང་ངེར་བསླངས་པའི་པད་མའི་རལ་གྲི་སྟེ་གེ་སར་རྒྱལ་བོའི་བཀའ་བཞག་རལ་གྲིའི་སྟེང་ལ་གསལ་ལེར་འཕྲོས། སྐབས་དེར་ཤར་ཁྲ་མོ་གླིང་གི་ས་ཆ་ན་གླིང་རྗེ་གེ་སར་རྒྱལ་བོ་ཁོང་བྱང་དུ་བདུད་འདུལ་བར་སོང་ནས་ད་དུང་ཕྱིར་ཡོང་མེད་ཅིང་། གླིང་དཀར་སྟོད་སྨད་ཀྱི་དབང་ཆ་ཡོད་ཚད་རྒྱ་ཚ་ཞལ་དཀར་ལ་གནང་མོད། འོན་ཀྱང་ས་སྤུན་ཁྲེལ་མེད་གཡོ་ཅན་ཨ་ཁུ་ཁྲོ་ཐུང་མ་འཐད་པར་དབང་ཆ་རང་ལ་ཐོབ་འདོད་སྐྱེས། གདོང་སྤྱི་དཔོན་རོང་ཚ་ཁྲ་རྒན་དང་སྐྱ་ལོའི་སེང་ལྕམ་འབྲུག་མོ་གཉིས་ཀྱིས་ནང་གྲོས་བྱས་ཏེ་རྩལ་འགྲན་དབང་སྩོལ་གྱི་ཇུས་བཀོད་འཐེན་པས། དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་དང་ཨ་ཁུ་ཁྲོ་ཐུང་གཉིས་ཀྱིས་དྲག་རྩལ་ཐེངས་འགའ་འགྲན་མཐར་གདོང་འབུམ་པ་རྒྱ་ཚ་ཞལ་དཀར་ཀུན་ནས་རྒྱལ་ཏེ་གླིང་གི་ས་སྐྱོང་དབང་ཆ་ཁ་ལ་གཏད་ཅིང་། གླིང་གི་བུ་མོའི་དྭངས་རྩེ་སྐྱ་ལོ་སེང་ལྕམ་འབྲུག་མོས་གེ་སར་རྒྱལ་བོའི་ཕ་གཅིག་མ་མི་གཅིག་པའི་སྤུན་མཆེད་རྒྱ་ཚ་ཞལ་དཀར་ལ་དཔའ་དར་འཐེན་ཞིང་ཆང་དཀར་བཏེགས་ནས་དགའ་བའི་རྟེན་འབྲེལ་ཞུས། མ་བཞིའི་དཔོན་པོ་ཁྲོ་ཐུང་ཕམ་པས་ཕྲག་དོག་འཁོན་འཛིན་སྙིང་ལ་བཅངས། ཧོར་གུར་དཀར་གནམ་སྐྱོང་རྒྱལ་བོའི་སྲས་མོ་གུར་མོ་མཚོ་ཞེས་པ་གླིང་ཡུལ་དུ་རྩེད་འཇོར་གཡེང་བ་གླིང་དམག་གིས་བཟུང་སྟེ་ཁྲོ་ཐུང་གིས་དེ་ལ་མི་འདོད་བརྙས་བཅོས་བྱེད་པ་རྒྱ་ཚས་མཐོང་ནས་དྲང་བདེན་གྱིས་བསྐྱབས་པའི་བདེན་མཐོང་བྱས་རྗེས་ལ་བརྟེན་ནས། གུར་མོ་མཚོ་ནི་རྒྱ་ཚའི་དཔའ་ཉམས་དང་ཕོ་སྒོ་གཤིས་སྤྱོད་ལ་ཤིན་ཏུ་དུངས་ཤིང་མི་མངོན་ཡིད་ཀྱི་ཟབ་ཟ་ནས་ཕན་ཚུན་བར་བརྩེ་དུང་གི་མྱུ་གུ་ཞིག་འགོག་མེད་དལ་གྱིས་འབུས་པ་བྲོ་གར་གྱི་ཉམས་འགྱུར་ཁྲོད་ནས་མངོན་པར་མཐོང་།
བོད་ཀྱི་བྲོ་གར་ཆེན་མོ《གདོང་འབུམ་པ་རྒྱ་ཚ་ཞལ་དཀར》གྱི་འཁྲབ་པར།
འཁྲབ་ཚན་གཉིས་པ། གསང་གྲོས་ལྐོག་ཇུས།
དེ་ཡང་གླིང་སྒྲུང་དུ། ཁྲོ་བ་ལྷ་སྡེ་ནང་དུ་ཁྲོ།།ཐུང་བ་ཕུ་ནུའི་སྟེང་དུ་ཐུང་།།ཆང་སྐྱེམས་འབར་འཐུང་ན་དཔའ་བོ་སྟག།སྡང་དགྲ་བོ་མཐོང་ན་སྡར་མ་ཝ།།ཁྲོ་ཐུང་ཝ་མོ་སྡར་ཐུང་ཞེས།།ཆུང་མ་ལས་སྐྱེས་པའི་ཞག་བདུན་དུས།།མས་མ་སོས་བ་དྲུས་མཛོ་མོར་བསྣུན།།མཛོ་མོས་མ་སོས་རྒོད་མར་བསྣུན།།རྒོད་མས་མ་སོས་ཁྱི་མོར་བསྣུན།།དེས་སོས་པས་མ་བཞིའི་ཁྲོ་ཐུང་ཐོགས།།ཞེས་སྣང་བརྙན་ཇི་བཞིན་བཀོད་པའི་མི་སྣ་གཙོ་བོ་ཁྲེལ་མེད་བློ་གཏད་མེད་པ་ཧམ་སེམས་ཅན་འདིས་མ་རུངས་ཁོག་བཅུག་གི་བསམ་སྦྱོར་ལ་བརྟེན་ནས་ཧོར་གུར་དཀར་རྒྱལ་བོར་མགོ་བཏེགས་ནས་གླིང་གི་ནང་མི་སྤུན་ཟླ་ལ་ཁྲེལ་མེད་ངོ་ལོག་རྒྱབ་འགལ་བྱས་ཏེ་ནང་རུལ་གྱི་སྤྱོད་ངན་ཐ་ཤལ་བཟོས་པ་དང་། རང་ཉིད་གླིང་གི་རྒྱལ་བོར་འདུག་རྩིས་བྱས་ནས་ངན་པ་སྐྱ་འཐབ་ཀྱིས་མི་མངོན་ལྐོག་ཏུ་ངན་ཇུས་འཐེན་བཞིན་དབྱར་གྱི་སྤྲོ་གསེང་གི་དུས་ཆེན་ཏེ་དྲུག་པའི་ཆུ་དཀར་གྱི་ཉིན་མོ་བསླེབས་པ་དང་བསྟུན་ནས་རྒྱ་ཚ་ཞལ་དཀར་དུག་གིས་དགྲོང་རྒྱུ་དང་འབྲུག་མོ་གཡོ་ཐབས་ཀྱིས་འཕྲོག་ནས་ཧོར་ལ་ངོ་དགའི་ལེགས་སྐྱེས་སུ་འབུལ་རྒྱུའི་འོས་མེད་ངོ་ལོག་གི་གསང་གྲོས་ལྐོག་ཇུས་ཞིབ་ཏུ་འཐེན་ཞིང་། རྐྱེན་ངན་ཕུང་སྦྱོར་གྱི་ཚུལ་དེ་རྒྱ་ཚ་ཞལ་དཀར་ལ་ཁ་མིན་སྙིང་ནས་དུངས་པའི་བུ་མོ་མཛེས་མ་རྣམ་དཔྱོད་ཅན་ཞིག་གིས་མ་ལུས་པར་འཕྲལ་དུ་ཤེས་སོང་། སྙིང་སྡུག་ཡིད་འོང་གི་མཛེས་མ་དེ་ནི་ཧོར་གུར་དཀར་རྒྱལ་བོའི་སྲས་མོ་གུར་མོ་མཚོ་ཞེས་པ་དེ་རེད། འདི་ལྟར་འཁྲབ་ཚན་གཉིས་པའི་བརྗོད་དོན་མཐའ་དག་བྲོ་གར་གྱི་ལམ་ནས་མངོན་པར་མཚོན་རྗེས་འཁྲབ་ཡོལ་དལ་གྱིས་བསུམ་བྱུང་།
བོད་ཀྱི་བྲོ་གར་ཆེན་མོ《གདོང་འབུམ་པ་རྒྱ་ཚ་ཞལ་དཀར》གྱི་འཁྲབ་པར།
འཁྲབ་ཚན་གསུམ་པ། དུས་བཟང་རྙོག་དཀྲུགས།
གླིང་གེ་སར་རྒྱལ་བོ་བྱང་འདུལ་དུ་སོང་ནས་ལོ་གསུམ་འགོར་བའི་རིང་ལ། རྒྱ་ཚ་ཞལ་དཀར་གྱིས་མངའ་དབང་བསྒྱུར་བའི་ཁྲ་མོ་གླིང་གི་ས་ཆ་ཀུན་ཏུ་དབྱར་ཟླ་དྲུག་པའི་དུས་བཟང་སྤྲོ་གསེང་ལ་དངོས་སུ་རོལ་ཏེ་དྲུག་པའི་ཆུ་དཀར་གྱི་ཉིན་མོ་དེར་སྐྱེ་བོ་ཀུན་གྱིས་དགའ་བའི་གླུ་ལེན་སྐྱིད་པའི་བྲོ་གར་འཁྲབ་བཞིན་ལོ་ཁྱུད་འཁོར་རེའི་དུས་ཆེན་གྱི་དགའ་སྟོན་ཡོ་ལང་དཔལ་ལ་དགྱེས་དགུར་རོལ་བ་ན། ཞོ་བཞིན་ཆགས་པ་ཁྲག་བཞིན་དཀྲུག་པའི་ནང་རུལ་གཡོ་ཅན་ངན་པ་གཉའ་རེངས་ཨ་ཁུ་ཁྲོ་ཐུང་གིས་སྔ་མོ་ནས་གཡོ་ཇུས་འཐེན་པ་ལྟར་སྐངས་གླགས་འཕྲལ་བསྟུན་གྱིས་རྒྱ་ཚ་ཞལ་དཀར་ལ་དུག་ཆང་དྲངས་ནས་དགྲོང་རྩིས་བྱེད་བཞིན་པ་གུར་དཀར་སྲས་མོ་གུར་མོ་མཚོས་ཡུན་རིང་སོ་ལྟ་གཟབ་ཉན་བྱས་ནས་མཉམ་བཞག་པས་དུས་ཐོག་ཏུ་རིག་སྟེ་མྱུར་མཆོང་གིས་རྒྱ་ཚ་ལག་གི་དུག་ཆང་གསོལ་དཀར་ཡོ་གཟུར་མེད་པར་རྒྱག་ཐེངས་གཅིག་གིས་ཐང་ལ་གཡུགས་པ་དང་། ས་ཐོག་ནས་སྐད་ཅིག་དེ་ཉིད་ལ་དུག་ནུས་རྒྱས་ཏེ་མེ་ལ་འབར་ཞིང་། མཐའ་འཁོར་གྱི་མི་རྣམས་ཧ་ལས་ཧང་སངས་ཏེ་རེ་ཞིག་ལ་ཧད་དེ་ལུས། ཁྲོ་ཐུང་ནི་རང་གི་ལྐོག་ཇུས་བརླག་མཁན་གྱི་བུ་མོ་དེ་ལ་ཁོང་ཁྲོ་ཞེ་སྡང་གཏིང་ནས་ལངས་ཀྱང་ཕྱི་ཚུལ་ནས་ཅི་ཡང་མི་ཤེས་པའི་ཚུལ་དུ་བརྫུས་ནས། དུག་འདེམས་མཁན་གྱི་ནག་ཉེས་ཞྭ་མོ་དེ་འཕྲལ་དུ་གུར་མོ་མཚོའི་མགོ་ལ་བཙན་གྱིས་གཡོགས། དེར་ཡོད་ཀྱི་མི་རྣམས་ཁྲོ་ཐུང་གི་བྱ་སྤྱོད་ལ་ཡིད་ཆེས་གཏན་ནས་མེད་མོད། སུ་ཞིག་གིས་ཀྱང་དྲང་གཏམ་ངག་ནས་མི་འཁྲོལ་བར་ཇི་མི་སྙམ་པར་བསྐྱུར་ཞིང་། དགའ་སྤྲོའི་དུས་བཟང་དེ་ཅི་ཡིན་འདི་ཡིན་མེད་པར་ཡིད་སེམས་མི་སྐྱིད་པའི་ངང་རང་སར་གྲོལ་སོང་། དགོང་མོ་དེར། ཧོར་གུར་དཀར་གྱི་གསོས་བྱ་ཁྭ་ཏ་དང་རྨ་བྱ། ནེ་ཙོ། ཕུག་རོན་བཅས་ཀྱིས་མཉམ་དུ་སྦྲེལ་ནས་གླིང་དཀར་སྟོད་ཀྱི་སྨན་བུ་མོའི་ནང་གི་ཡང་རྩེ་སེང་ལྕམ་འབྲུག་མོ་འཕྲོག་ནས་བུད་སོང་། འདི་སྒྲུང་དཔེ་དངོས་ཀྱི་ནང་གི་བཤད་ཚུལ་དང་མི་མཐུན་མོད། རྟོག་བཏགས་ཀྱི་སྒྱུ་རྩལ་བརྩམས་ཆོས་ལ་གར་སྟེགས་ཀྱི་དགོས་མཁོར་གཞིགས་ནས་མཐའ་གཅིག་ཏུ་ཡིད་རྟོན་མ་བྱས་ཀྱང་འགལ་བ་ཆེར་མེད་དོ་སྙམ།
འཁྲབ་ཚན་བཞི་བ། དཔའ་རྒོད་ཀྱི་གཟི་ཉམས།
དཔལ་མི་འགྱུར་རྒྱ་ཚ་ཞལ་དཀར་ནི་བྲོ་གར་ཆེན་མོའི་འཁྲང་གཞུང་འདིའི་མི་སྣ་གཙོ་བོ་ཡིན་ལ། ཁོང་གི་ཕྱོགས་ཀྱི་དམག་མི་རྣམས་དྲང་ཕྱོགས་ཀྱི་ཁོངས་གཏོགས་ཡིན་པས་དམག་ཆས་མཚོན་ཆ་རྣམས་ཀྱང་སྤྱིར་བཏང་གི་དམག་དཔུང་ལྟར་བརྗིད་ཉམས་ཞི་བདེ་རྣམ་པར་ཚུལ་མཐུན་དུ་ཡོད་ཅིང་། གུར་དཀར་གྱི་ཕྱོགས་རྣམས་ནག་ཕྱོགས་དགྲ་བོའི་ཁོངས་གཏོགས་སུ་བཞག་ཡོད་པས་དམག་ཆས་མཚོན་ཆ་གོ་ཁྲབ་རྨོག་གསུམ་ཚང་མ་གཞན་དང་མི་མཐུན་པར་ཁྲོ་ཉམས་དང་དྲག་པོ་འཇིགས་སུ་རུང་བའི་རྣམ་པར་བསྟན་ཡོད་པས། བྲོ་གར་གྱི་ཐོག་ནས་དམག་འཁྲུག་གཡུལ་འགྱེད་ལ་ཆས་པའི་ཧོར་དང་གླིང་གི་དམག་མི་དཔུང་གཤར་ཁྲོད་དགྲ་ཕྱོགས་དང་རང་ཕྱོགས་ལྟ་མཁན་སུས་ཀྱང་གསལ་བོར་འབྱེད་ཐུབ་པའི་ཁྱད་ཆོས་ཐོན་ཡོད་ཅིང་། སྒྲུང་གཞུང་དུ་རྒྱ་ཚ་ཞལ་ལུ་ལ། དངུལ་ཆུ་ཁྲོ་རྫོང་ཟེར་བ་གདའ།།རྨ་རི་བོ་བཞི་ཡི་འདུས་མདོ་ན།།མཁར་མི་འགྱུར་དངུལ་ཆུའི་ཁྲོ་རྫོང་ན།།དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་ཡིན།།ཤར་སྒོ་སྲུང་བའི་གྲུབ་ཆེན་དེ།།གདོང་འབུམ་པའི་རྒྱ་ཚ་ཞལ་ལུ་རེད།།གཉེན་བྱམས་པའི་སྟེང་གི་ཕ་མ་ཡིན།།དགྲ་མ་ཐུབ་སྟེང་གི་འཆི་བདག་ཡིན།།བོད་མགོ་ནག་གཞུང་ན་འགྲན་མེད་ཡིན།།དགྲ་ནག་པོར་ཁྲོ་བོ་རྟ་མགྲིན་ཡིན།།ནང་ལྷ་སྡེར་ཐུགས་རྗེ་ཆེན་པོ་ཡིན།།ཞེས་དྲང་བདེན་སྐྱོང་བའི་གཟུར་གནས་དཔའ་བོ་རྟུལ་ཕོད་ཅིག་ཡིན་པར་ཆེ་བསྟོད་བསྔགས་བརྗོད་ཡང་ཡང་བྱས་ཡོད་པས་མཚོན། བྲོ་གར་ཆེན་མོའི་འདིའི་འཁྲབ་སྟོན་ཁྲོད་ནས་ཀྱང་གླུ་ཚིག་གི་ངོ་སྤྲོད་ལ་མ་བརྟེན་ཀྱང་ཁོང་ཉིད་དེ་འདྲའི་དཔའ་མཛངས་ཡ་མེད་ཅིག་ཡིན་པ་ཟུར་གང་རུང་ནས་ཤེས་ཐུབ་པ་མ་ཟད། གུར་དཀར་རྒྱལ་བོའི་འདོད་རྔམ་དང་ཁྲོ་ཐུང་གི་ཧམ་སེམས་གཡོ་སྒྱུ་ལ་རྒོལ་ལམ་མཐའ་གཅིག་ཏུ་སྤྲད་ནས་གཟུར་གནས་དཔའ་བོའི་རང་མདངས་མ་ཉམས་པར་རང་ས་སྲུང་སྐྱོང་དང་དགྲ་ཇག་ཕམ་པར་བརྒྱབ་ནས། གླིང་དམག་གི་སྣེ་ཁྲིད་ནས་བཀའ་བཞག་རལ་གྲི་དཔལ་འབར་དེ་ཆགས་སྲེད་ཧོར་རྒྱལ་ལ་འཛེར་ཏེ་ལྔ་ལམ་དུ་བརྫངས་གྲབས་བྱེད་སྐབས་གུར་མོ་མཚོའི་བཤོལ་འདེབས་ཀྱི་ངོ་མ་བཟློག་པར་ཐར་དུ་བཅུག་ཀྱང་། ཡིད་ཕངས་པ་ཞིག་ལ་བར་གླགས་དེར་མ་བསམ་ས་ནས་ཁྲོ་ཐུང་གིས་ལག་གང་མགྱོགས་བརྩད་དེ་གེ་སར་རྒྱལ་བོའི་བཀའ་བཞག་རལ་གྲི་དེ་རང་ལ་ཐོབ་འདོད་ཀྱིས་གུར་དཀར་གྱི་ལུས་སྟེང་ནས་ཕྱིར་བལ་ཏེ་ཞིབ་ལྟ་བྱེད་བཞིན་པའི་སྒང་དུ། གུར་དཀར་གྱིས་གཞུག་ནས་གློ་བུར་དུ་ཁྲོ་ཐུང་ལ་འཕུད་རྒྱག་ཅིག་བྱས་པ། ཡིན་རྒྱུ་ནི་རྒྱ་ཚ་ལ་བསྣུན་འདོད་ཀྱང་སྟབས་མ་ལེགས་ས་ནས། བསླུ་མེད་ཀྱི་བརྩེ་དུང་འཆང་བའི་གུར་མོ་མཚོས་གདོང་ལེན་བྱས་ཤིང་། རང་སྲོག་ལ་ཇི་མི་སྙམ་པར་མྱུར་སྟབས་ཀྱིས་རང་ཡིད་དགའ་མོས་ཀྱི་མ་འོངས་གཏན་གྲོགས་རྒྱ་ཚ་ལ་འཁེལ་དུ་མ་བཅུག་པར་གཞོགས་སུ་དེད་ཅིང་། རང་སྲོག་ཕྲ་མོ་རལ་གྲི་རྣོན་པོའི་རྩེ་ལ་དྲངས་ཏེ་ཟོལ་མེད་ཀྱི་བརྩེ་འདང་ཕྱིར་བསྟན་པ་རེད། སྐབས་དེར་འགྲམ་དུ་ཡོད་པའི་རང་གཞན་དགྲ་གཉེན་ཚང་མའི་སྐྱེ་འགྲོ་ཐམས་ཅད་ཧད་དེ་ལུས་ཤིང་། རྒྱ་ཚ་ཞལ་དཀར་དང་གུར་མོ་མཚོ་གཉིས་ཀྱི་མ་བཅོས་མཛའ་བརྩེ་ཟབ་མོ་ལ་མི་མངོན་ཡིད་ནས་བདེན་ཁ་བྱིན་པར་མ་ཟད། བྲོ་གར་ལ་ལྟ་མཁན་གྱི་གཟིགས་མོ་བ་རྣམས་ཀྱི་སེམས་ལ་ཡང་ཧོར་གུར་དཀར་རྒྱལ་བོ་ནི་ལས་དང་རྒྱུ་འབྲས་མི་བསམ་པར་ངོ་བསྟོད་དང་བཀུར་བསྟི་ལ་དགའ་བ། ལྷག་བསམ་དང་སྙིང་རྗེ་མི་ལྡན་པར་འདོད་སྲེད་དང་གདུག་རྩུབ་ཆེ་བ་ཞིག་ཏུ་སྣང་ལ། གླིང་གི་མ་བཞིའི་དཔོན་པོ་ཁྲོ་ཐུང་ནི་ཝ་མོ་བཞིན་དུ་གཡོ་ཟོལ་ཆེ་ཞིང་སྡར་མའི་བརྟུལ་ཞུགས་འཛིན་པ། གྱོད་དང་ཁ་མཆུའི་སྣ་འདྲེན་བྱེད་པ། ཕྱི་བཤིག་གི་སྟ་རེ་དང་ནང་བཤིག་གི་སྟེའུ་ལྟ་བུ་ཞིག་ཏུ་མངོན་པ་དང་། གེ་སར་སྒྲུང་ལས་ཕོ་མོའི་བརྩེ་དུང་གི་རིན་ཐང་དང་སྟོབས་ཤུགས་ནི་གཞལ་མཐའ་བྲལ་བ་དང་རྫོགས་མཐའ་མེད་པ་ཞིག་ཡིན་པ་རྟོགས་སུ་བཅུག་བྱུང་ལ། དཔའ་མཛངས་རྟུལ་ཕོད་ཀྱི་གདོང་འབུམ་པ་རྒྱ་ཚ་ཞལ་དཀར་ཟེར་བའི་སྒྲུང་ནང་གི་མི་སྣ་འདིས་རང་གི་ཕ་ས་གླིང་གི་ཡུལ་དང་གླིང་གི་རྒྱལ་བོ་སེང་ཆེན་ནོར་བུ་དགྲ་འདུལ་ལ་ཞེ་བློ་དཀར་ཞིང་། རང་ཡུལ་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་རང་སྟོབས་སྤོབས་པ་ལྷོད་མེད་བསྐྱེད་ནས་དགྲ་ནག་པོ་དང་དམར་འཛིང་ཤི་འཐབ་བྱས་ཤིང་ཕམ་པར་བརྒྱབ་པའི་ལོ་རྒྱུས་ཀུན་ལ་གྲགས་ཤིང་། ནང་འཁྲུག་དང་གཉའ་གནོན་ལ་གྱེན་རྒོལ་བྱས་ནས་མཐུན་སྒྲིལ་དང་གཅིག་གྱུར་ལ་རེ་མོས་མཛད་པ་དང་། ཁ་བྲལ་དང་དབང་རྩོད་ལ་ངོ་རྒོལ་བྱས་ནས་སྤྱི་མཐུན་དང་ཞི་བདེ་ལ་ཡིད་སྨོན་མཛད། རང་སྲོག་འབེན་ལ་བཙུགས་ཏེ་ཕ་ཡུལ་དང་རྒྱལ་ཁབ་སྲུང་སྐྱོབ་ལ་བྱས་རྗེས་དཔེ་མེད་བཞག་པའི་དཔའ་རྒོད་ཡ་མེད་ཀྱི་མཚན་སྙན་གྲགས་པ་དཀར་པོ་གནའ་ནས་ད་བར་སྲིད་གསུམ་ཁྱོན་ལ་ལྡིར་ཞིང་། དཔའ་བོའི་སྣང་བརྙན་ཁྱད་དུ་འཕགས་པ་ཞིག་གེ་སར་སྒྲུང་གི་བྲོ་གར་ཆེན་མོ་འདི་ལ་བརྟེན་ནས་ཇི་སྲིད་བསྐལ་བའི་བར་དུ་གངས་ལྗོངས་བོད་མིའི་སེམས་ཁོང་དུ་བརྟན་པོར་གཤགས་ཡོད།
མདོར་ན། སྒྱུ་རྩལ་གྱི་མཚོན་ཐབས་སྟེང་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་ལྡན་པའི་རོལ་དབྱངས་དྲག་ཞན་མཐོ་དམའ་འཇམ་རྩུབ་སྣ་ཚོགས་སྦྲགས་ནས་དཀྲོལ་ཞིང་། གར་སྟེགས་ཀྱི་མཛེས་རྩལ་རི་མོ་རྣམ་པ་སྣ་ཚོགས་དང་། གློག་འོད་ཀྱི་འཁྱུག་འགྱེད་ངོ་མཚར་མིག་དབང་འཕྲོག་པ་དེ་བས་མང་པོ་མཉམ་དུ་མིག་ཡིད་དགའ་བའི་དཔལ་དུ་ཤར་བས། སྒྲུང་གི་བརྗོད་དོན་སྒྱུ་རྩལ་གྱི་མཐོ་ས་ནས་ཉམས་དང་ལྡན་པར་མཚོན་ཐུབ་ཡོད་ཅིང་། 《གདོང་འབུམ་པ་རྒྱ་ཚ་ཞལ་དཀར》གྱི་བྲོ་གར་ཆེན་མོ་འདིར་མཛེས་རིས་ཇུས་འགོད་དང་སྒྱུ་རྩལ་ཉམས་འགྱུར་གང་གི་ཆ་ནས་དེང་གི་དུས་ཀྱི་འགྲོས་དང་མཐུན་ལ། དེང་རབས་སྒྱུ་རྩལ་གྱི་ལམ་ནས་གེ་སར་སྒྲུང་གི་བྲོ་གར་འཁྲབ་སྟོན་བྱས་པ་ཧ་ཅང་ལེགས་འགྲུབ་བྱུང་ཡོད་སྙམ།
ཞིང་ཆེན་འགོ་ཁྲིད་དང་འཁྲབ་སྟོན་མི་སྣའི་ལྷན་བཞུགས་འདྲ་པར།