logo

ཨ་ཅེ་མཁའ་འགྲོ་ཞེས་པའི798ཡི་བོད་རིགས་སྒྱུ་རྩལ་ཁང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-28 ཀློག་གྲངས།:


ཨ་ཅེ་མཁའ་འགྲོའི་སྒོ་ཆེན། 

            པེ་ཅིན798ནི་ཀྲུང་གོའི་དེང་རབས་ཀྱི་སྒྱུ་རྩལ་རྣམ་པ་མཚོན་པའི་འདུ་གནས་གསར་བ་ཞིག་ཡིན་ལ།  ལྕགས་རི་རིང་པོ་སོགས་ལ་ལྟ་སྐོར་དུ་འགྲོ་བའི་ཡུལ་སྐོར་ལྗོངས་རྒྱུའི་ལམ་ཐིགས་གལ་ཆེན་ཞིག་རེད།  ན་ནིང་ཟླ5བའི་ནང་།  ཨ་ཅེ་མཁའ་འགྲོ་ནི་བོད་ཀྱི་རིག་གནས་གཙོ་བྱས་པའི་སྒྱུ་རྩལ་ཁང་ཉག་ཅིག་ཡིན་པའི་ཆ་ནས798སྒྱུ་རྩལ་ལྟེ་གནས་སུ་འཚུད་པ་རེད།  
            ཨ་ཅེ་མཁའ་འགྲོ་ཞེས་པའི་སྒྱུ་རྩལ་ཁང་འདིའི་གཙོ་འགན་བཞེས་མཁན་ནི་ཕ་ཡུལ་ལྷ་ས་ནས་ཡིན་པའི་བསོད་རྡོ་ཟེར་བའི་ཕོ་རྒོད་ཞིག་ཡིན་ཞིང་།  ཁོས་གསར་འགོད་པ་ལ་བཤད་རྒྱུར།   གནས་འདི་ན་བོད་ཀྱི་རིག་གནས་ཧ་ཅང་དཀོན་པས་འདི་ལྟ་བུའི་སྒྱུ་རྩལ་ཁང་ཞིག་གཉེར་རྒྱུ་ནི་ཤིན་ཏུ་མཁོ་ཆེ་བ་ཞིག་རེད་ཟེར།


ཐང་ཀ་གཤམ་སྟོན་ཁང་། 

            ཨ་ཅེ་མཁའ་འགྲོ་ཞེས་པའི་སྒྱུ་རྩལ་ཁང་དུ་མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་གསེར་མདོག་གི་མ་ཎི་འཁོར་ལོ་དང་དར་ལྕོགས་སོགས་ཡོད་ལ།  མ་ཎི་འཁོར་ལོ་ལ་དུངས་པ་ཟབ་པའི་ནང་ཆོས་པ་རྣམས་ཡུལ་སྐོར་བྱེད་དུས་ཏག་ཏག་འདིར་ཡོང་སྟེ་མ་ཎི་རེ་སྐོར་ཏེ་བར་ཆད་སེལ་བ་དང་ཀུན་སློང་རྣམ་དག་ཏུ་བསྐྱོད་པར་སྨོན་ལམ་འདེབས་ཀྱི་ཡོད།  
            དེང་རབས་ཅན་གྱི་ཉིས་ཐོག་ཁང་པ་རུ་དཔེ་ཁང་ཞིག་དང་རོལ་མོ་མྱོང་རོལ་བྱེད་ས།  ཇ་ཁང་ལྟ་བུའི་ངལ་གསོ་བྱེད་ས་སོགས་དང་།  ད་དུང་བོད་ཀྱི་རྒྱན་ཆས་གཡུ་བྱུར་སོགས་ཀྱང་གཤམ་ཡོད་པ་ཡིན།   ཡུལ་སྐོར་བ་རྣམས་ཀྱིས་དཔེ་ཆ་ལྟ་བ་དང་གླུ་གཞས་ཉན་པ།  གསོལ་ཇ་བཞེས་པ།  བོད་ཀྱི་རྒྱན་ཆ་ཉོ་བ་སོགས་གང་རུང་བྱེད་ཆོག་པ་རེད། 


གཤམ་སྟོན་ཁང་གི་ཞིབ་འགྲེལ་བྱེད་མཁན། 

            ཨ་ཅེ་མཁའ་འགྲོའི་སྒྱུ་རྩལ་ཁང་གཉེར་ཏེ་ཅུང་མ་འགོར་བར།  ཨུ་རུ་སུའི་རི་མོ་བ་མིང་གྲགས་ཅན་ནེ་ཁུའུ་ལེད་ཏུའུ་ཏིག་ཁ་ཞེས་པས་འདིར་རང་ཉིད་ཀྱི་ཐང་ཀ་གཤམ་པ་རེད།  ཏུའུ་ཏིག་ཁ་ནི་མིང་གྲགས་ལྡན་པའི་སྣུམ་རིས་རི་མོ་བ་ཞིག་ཡིན་ལ། དུས་རབས80བའི་དུས་དཀྱིལ་ནས་བཟུང་ཁོ་བོ་ཐང་ཀའི་ཕྱོགས་ལ་སྤྲོ་སེམས་འཁོལ་བ་རེད།  
            ཁོའི་ད་ལོའི་འཆར་གཞི་གཙོ་བོ་ནི་བོད་སྨན་ཐང་ཀ་གཤམ་སྟོན་བྱེད་པ་དེ་ཡིན་ཞིང་།  ཁོས་བཤད་རྒྱུར།   མི་མང་པོས་ཐང་ཀ་ནི་སངས་རྒྱས་ཀྱི་སྐུ་ཁོ་ནར་ངོས་འཛིན་གྱི་ཡོད་པ་རེད།  ཡིན་ཡང་དོན་དངོས་སུ་ཐང་ཀ་ནི་བོད་ཀྱི་རིག་གནས་ཀུན་བསྡུས་དཔེ་དེབ་ཤིག་ཏུ་ངོས་འཛིན་བྱས་ཆོག་ལ།   བོད་ཀྱི་རིག་གནས་ཡོངས་རྫོགས་ཐང་ཀ་ལས་མཚོན་པར་བྱེད་ཅིང་། བོད་སྨན་ཐང་ཀ་ཡང་དེ་བཞིན་ཡིན་ཏེ།  《རྒྱུད་བཞི》ནང་གི་སྨན་རྫས་དང་། སྨན་གསོ་བྱ་ཐབས་སོགས་ཐང་ཀ་ལས་མཚོན་པར་བྱས་ཆོག་པ་རེད་ཟེར། 


འབྲེལ་ཡོད་འོས་སྦྱོར།