མཚོ་ལྷོ་ཁུལ་བོད་སྨན་ཁང་གི་འཕེལ་འགྱུར།
གངས་ཅན་སྨན་བླ་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་བརྙན།
སྤྱི་ཟླ12པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་བོད་སྨན་ཁང་བཙུགས་ནས་ལོ་འཁོར་སུམ་བཅུ་ལོན་པའི་དགའ་སྟོན་བོད་སྨན་ཁང་དུ་གཟབ་རྒྱས་ངང་ཚོགས།
དགའ་སྟོན་སྟེང་ཕེབས་པའི་འགོ་ཁྲིད་རྣམ་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་ཁང་ནི་སྤྱི་ལོ1980ལོར་བཙུགས་པ་དང་། ལོ་ངོ་སུམ་ཅུ་རིང་གི་འཕེལ་རྒྱས་བརྒྱུད་ནས་ད་ལྟ་སྨན་བཅོས་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག སྨན་སྦྱོར་བཅས་གཞི་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཞིག་ཏུ་གྱུར་ཡོད་ཅིང་། ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཆེད་ལས་ལག་རྩལ་མཛུབ་སྟོན་ལྟེ་གནས་དང་། བོད་སྨན་ཐོན་སྐྱེད་ལྟེ་གནས། བོད་ལུགས་གསོ་རིག་མི་སྣ་གསོ་སྐྱོང་དང་དངོས་སྦྱོང་བྱེད་སའི་གཞི་རྩ་རུ་གྱུར་པའི་སྨན་ཁང་ཞིག་ཡིན་པ་མ་ཟད། ཁུལ་ཡོངས་ཀྱི་རྫོང་ལྔའི་སྨན་བཅོས་ཉེན་སྲུང་གི་དཀྱིལ་སྙིང་སྨན་ཁང་ཡང་ཡིན། སྨན་ཁང་གི་ཁོངས་གཏོགས་སུ་སྒོ་བསྟེན་ཚན་ཁག་དང་། ཁོང་ནད་ཚན་ཁག དཔྱད་བཅོས་ཚན་ཁག མོ་ནད་ཚན་ཁག སྨན་སྦྱོར་ཚན་ཁག སྨན་ལུམས་ཆེད་གཉེར་ཚན་ཁག མཆིན་མཁྲིས་ཆེད་གཉེར་ཚན་ཁག་བཅས་ཡོད།
བོད་སྨན་ཁང་གི་ལས་བྱེད་མི་སྣ་ཡོངས་དང་ཚོགས་ཞུགས་འགོ་ཁྲིད་ཀྱིས་མཉམ་དུ་པར་བསྐྱོན་པ།
སྨན་ཁང་ཡོངས་སུ་ད་ཡོད་ཀྱི་ལས་བཟོ་བ80ཡོད་ལ། དེའི་ནང་དུ་ཆེད་ལས་ལག་རྩལ་མི་སྣ46ཡོད་ཅིང་། ཆེད་ལས་ལག་རྩལ་མི་སྣ་ཡིས་སྨན་ཁང་ཡོངས་ཀྱི་ལས་བཟོ་བའི་སྤྱི་གྲངས་ཀྱི78% ཟིན། ཆེད་ལས་མི་སྣའི་ཁྲོད་དུ་འབུམ་རམས་གཞོན་པ་ཡན་གྱི་ཐོབ་ཐང་ཅན་མི12དང་། རབ་འབྱམས་པའི་ཐོབ་ཐང་ཅན་མི18ཡོད་ལ། སྨན་པའི་དཔུང་སྡེ་ཡི་གསོ་རིག་གཞུང་ལུགས་ཀྱི་རྩ་བ་བརྟན་ཅིང་གསོ་བཅོས་ལག་ལེན་དང་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། བོད་ཀྱི་གསོ་རིག་གི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་བྱས་ཏེ་ནད་རིགས་སྣ་ཚོགས་གསོ་བཅོས་ཀྱི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།
བོད་སྨན་ཁང་གི་རིམ་ཁུར་འགོ་ཁྲིད།
གཞོགས་འདེགས་བརྟག་དཔྱད་ལ་སྙིང་པར་རླབས་རིས་དཔྱད་ཆས་དང་། Xགློག་འོད་དཔྱད་ཆས། Bབརྒལ་སྒྲ་རླབས་དཔྱད་ཆས། ཕོ་བ་བརྟག་དཔྱད་འཕྲུལ་ཆས། རང་འགུལ་ཅན་གྱི་སྐྱེ་འགྱུར་དབྱེ་ཞིབ་དཔྱད་ཆས་སོགས་ཡོད་ལ། དཔྱད་ཆས་དེ་དག་གིས་ནད་གཞི་ངོས་འཛིན་དང་གསོ་བཅོས་ཀྱི་ཐད་ལ་ཞབས་འདེགས་གང་ལེགས་སྒྲུབ་བཞིན་ཡོད། སྨན་ཁང་འདི་ཡི་ལོ་རེའི་སྒོ་བསྟེན་བརྟག་བཅོས་མི་གྲངས69600ལྷག་དང་། ཞག་སྡོད་ནད་པ་ལོ་རེར1200ལྷག ལོ་གཅིག་གི་སྨན་ཁང་གི་སྤྱིའི་ཡོང་སྒོ་སྒོར་ཁྲི800ལྷག་རེད།
བོད་སྨན་ཁང་གི་ལས་བྱེད་མི་སྣས་ཨ་རྩེད་འཁྲབ་བསྟོན་བྱེད་བཞིན་པ།
1990ལོར་མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་སྔོན་ཐོན་ཚོགས་ཁག་གི་མཚན་སྙན་གནང་་བ་དང་། 1994ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་ཚོགས་ཁག་གི་མཚན་སྙན་གནང་། 1996ལོར་རྒྱལ་ཡོངས་ཀྱི་དཔེ་སྟོན་ཚད་ལྡན་སྨན་ཁང་བརྒྱའི་ནང་དུ་འདེམས། 2000ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་རིམ་པ་གཉིས་པའི་རྩེ་གྲས་སྨན་ཁང་གི་ཐོབ་ཐང་གནང་། 2010ལོར་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་སྔོན་ཐོན་ཚོགས་ཁག་གི་མཚན་སྙན་གནང་བ་བཅས་མཚོ་ལྷོ་ཁུལ་བོད་སྨན་ཁང་གི་མཚན་སྙན་གྲགས་དབྱར་མཚོ་ལྟར་རྒྱས།
མཚོ་ལྷོ་བོད་སྨན་ཁང་གི་ར་སྐོར་ནང་གི་མ་ཎི་འཁོར་ལོ།