logo

༄༅།།མཚོ་སྔོན་པོའི་མཚོ་སྙིང་མ་ཧཱ་དེ་བའི་ཐོག་གི་དོང་ཆུའི་གསང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། དུས་ཚོད།:2020-01-14 ཀློག་གྲངས།:
བར་སྣང་ནས་པར་དུ་བླངས་པའི་མཚོ་སྔོན་པོ།
མཚོ་སྔོན་པོ་ནི་རང་རྒྱལ་ནུབ་བྱང་གི་མཚོ་སྔོན་ཞིང་ཆེན་གྱི་རི་སྒང་དང་རྩྭ་ཐང་ཆེན་པོའི་དཀྱིལ་དབུས་སུ་རིན་པོ་ཆེའི་མེ་ལོང་ཞིག་གིས་ཕྲ་བཏབ་པ་ནང་བཞིན་ཆགས་ཡོད་ལ། དེ་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་ལྡན་མཚེའུ་ཆེས་ཆེ་བ་དང་ལྷ་མཚོ་གྲགས་ཅན་ཞིག་ཡིན། གནའ་དུས་སུ། རྒྱ་རིགས་ཀྱིས་དེ་ལ་ནུབ་མཚོ་ཞེས་འབོད་པ་དང་། སོག་རིགས་ཀྱིས་ཁུ་ཁུ་ནོར་ཞེས་འབོད།
མཚོ་སྔོན་པོའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་4583དང་། ཆ་སྙོམས་གཏིང་ཚད་ལ་སྨི་19ལྷག་ཡོད། མཐའ་སྐོར་གྱི་རིང་ཚད་ལ་སྟོང་སྨི་360ཡས་མས་མཆིས་ཤིང་། རྒྱང་རིང་ནས་བལྟས་ན་ཤར་ནུབ་རིང་ཞིང་ལྷོ་བྱང་དོག་ལ། ཆགས་དབྱིབས་སྡོང་ལོ་ཆེན་པོ་ཞིག་དང་ཀུན་ནས་མཚུངས། མཚོ་སྔོན་པོའི་ཕྱོགས་བཞིའི་ཤར་དུ་ཨ་མ་ཟོར་དགུ་དང་། ལྷོ་རུ་བློན་པོ་གསེར་ཆེན། ནུབ་ཏུ་བྲག་དཀར་ཐེམ་ཆེན། བྱང་དུ་རྐང་ཚའི་རྫ་དམར་བཅས་རྫ་རི་མཐོན་པོས་བསྐོར་ནས་ཡོད་ལ། འགྲམ་རྒྱུད་ནི་མུ་མཐའ་མེད་པའི་རྩྭ་ཐང་ཆེན་པོ་ཡིན་སྟབས། མཛེས་ཤིང་ཡིད་དུ་འོང་བའི་རི་ཆུའི་མཛེས་ལྗོངས་ཤིག་ལྷུན་གྱིས་གྲུབ་ཡོད། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ལ་ཕྱོགས་བཞིའི་ཡུལ་སྐོར་བ་མང་པོ་བར་མེད་དུ་ལྗོངས་རྒྱུར་འོང་བ་དང་། མདོ་དབུས་ཁམས་གསུམ་གྱི་བོད་རིགས་མང་པོ་མཚོ་སྐོར་གནས་མཇལ་དུའང་བགྲོད་བཞིན་ཡོད།
མཚོ་སྔོན་པོའི་མཚོ་སྙིང་མ་ཧཱ་དེ་བ།
མཚོ་སྔོན་པོའི་ནང་དུ་མཚོ་སྙིང་མ་ཧཱ་དེ་བ་དང་མཚེར་བ་རིའམ་བྱ་གླིང་། འདྲེ་མོ་བྲག་དཀར་སོགས་གླིང་ཕྲན་དུ་མ་མཆིས་པ་དང་། དེའི་ནང་གི་མཚོ་སྙིང་མ་ཧཱ་དེ་བ་ནི་ཧ་ཅང་ལྐོག་གྱུར་གྱི་གླིང་ཕྲན་ཞིག་ཡིན་ལ། གླིང་ཕྲན་འདི་ནས་ངོ་མཚར་གྱི་ངག་རྒྱུན་གང་མང་ཞིག་བྱུང་། མཚོ་སྙིང་མ་ཧཱ་དེ་བའི་ཐོག་ན་ལོ་ངོ་སྟོང་ལྷག་འགོར་བའི་དོང་ཆུ་ཞིག་ཡོད་པ་དེ་མཚོ་སྔོན་པོའི་གསང་བ་ལྐོག་གྱུར་ཏུ་བརྩིས།
མཚོ་སྙིང་མ་ཧཱ་དེ་བ་ནི་མཚོ་སྔོན་པོའི་དཀྱིལ་སྙིང་གི་ལྷོ་ཕྱོགས་ན་ཡོད་པ་དང་། ཆགས་དབྱིབས་དུང་དཀར་གཡས་འཁྱིལ་གྱི་ཤུན་པ་ཞིག་དང་འདྲ། མཚོ་སྙིང་མ་ཧཱ་དེ་བའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1.14ཙམ་ལས་མེད་ནའང་། དེ་ནི་མཚོ་སྔོན་པོའི་ནང་གི་གླིང་ཕྲན་ཁྲོད་ཀྱི་ཆེས་ཆེ་བ་ཡིན།
མཚོ་སྙིང་མ་ཧཱ་དེ་བ་ནས་བསྡད་མྱོང་བ་དག་གིས་ལོ་ངོ་སྟོང་ལྷག་གི་སྔོན་ནས་མཚོ་སྙིང་མ་ཧཱ་དེ་བའི་ཐོག་ཏུ་མི་བསྡད་མྱོང་བ་དང་། མཚོ་སྙིང་ཐོག་ནས་སྡོད་ཐུབ་པ་ནི་དེ་ན་འཐུང་ཆུར་རུང་བའི་དོང་ཆུ་ཞིག་ཡོད་པའི་རྐྱེན་ཡིན་ཞེས་བརྗོད། བཤད་རྒྱུན་འདིས་མི་རྣམས་ལ་ངོ་མཚར་གྱི་སྣང་བ་ཞིག་སྐྱེས་སུ་འཇུག
མཚོ་སྙིང་མ་ཧཱ་དེ་བའི་ཐོག་གི་དོང་ཆུ།
ཚང་མས་ཤེས་གསལ་ལྟར་ན། མཚོ་སྔོན་པོ་ནི་ཀྲུང་གོའི་ཚྭ་ལྡན་མཚེའུ་ཆེས་ཆེ་བ་དེ་ཡིན་ལ། དེའི་ཆུ་ནི་སྐྱུར་ལ་ཁ་བས་འཐུང་དཀའ། འོན་ཀྱང་། ཕྱོགས་བཞི་ཐམས་ཅད་ཚྭ་ཆུ་ཡིས་བསྐོར་བའི་མཚོ་སྙིང་མ་ཧཱ་དེ་བའི་ཐོག་ཏུ་འཐུང་ཆུར་རུང་བའི་དོང་ཆུ་ཞིག་འདུག་ཟེར་ན། ངོ་མཚར་བའི་སྣང་བ་ཞིག་མི་སྐྱེས་དབང་མེད་རེད།
དེ་ལས་ལྷག་པ་ཞིག་ལ། མི་མང་པོ་ཞིག་གིས་དོང་ཆུ་དེའི་ནང་གི་ཆུ་འཐུང་རྗེས། བྲོ་བ་སྐྱུར་ལ་ཁ་བ་ཞིག་མིན་པ་མ་ཟད། ད་དུང་ཞིམ་ཞིང་འཇམ་པའི་ཡན་ལྡན་བརྒྱད་ལྡན་གྱི་ཆུ་བོའི་ཁྱད་ཆོས་ཀུན་འཛོམས་པ་ཞིག་རེད་ཅེས་བརྗོད། དོང་ཆུ་འདི་ནི་མཚོ་སྔོན་པོའི་འགྲམ་ངོགས་དང་བར་ཐག་སྨི་40ཙམ་ཡོད་པ་དང་། མཚོ་སྙིང་མ་ཧཱ་དེ་བའི་ཐོག་ཏུའང་འཐུང་ཆུར་རུང་བའི་བཞུར་ཆུ་མི་འདུག་པས།ཞིམ་ཞིང་འཇམ་པའི་དོང་ཆུ་འདི་ནི་གང་ནས་བྱུང་བ་ཡིན་ནམ་ཞེས་པའི་དྲི་བ་ཞིག་དབང་མེད་དུ་འདྲེན་བཞིན་ཡོད།
མདོ་དབུས་མཐོ་སྒོང་གི་ས་གཤིས་རྩད་ཞིབ་ཀྱི་ལས་ཀ་བསྒྲུབས་ནས་ལོ་མང་འགོར་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་དང་ས་གཤིས་རྩད་ཞིབ་ཅུའུ་ཡི་སྤྱིའི་བཟོ་བཀོད་གཞོན་པ་ལུའོ་དབྱིན་ཧྥེ་ལགས་ཀྱིས་དོང་ཆུའི་ནང་གི་ཆུ་ཞིམ་ཞིང་འཇམ་པའི་གསང་བ་དེ་ཤེས་འདོད་ན། ཐོག་མར་དོང་ཆུ་དང་མཚོ་ཆུ་གཉིས་ཀྱི་ཆུ་བབ་མཐོ་ཚད་བསྡུར་ནས་ཚད་འཇལ་དགོས་ཞེས་བརྗོད་ཀྱང་། ཚད་འཇལ་རྟོག་ཞིབ་བྱས་པ་ན། དོང་ཆུའི་ཆུ་བབ་ནི་མཚོ་ཆུའི་ཆུ་བབ་མཐོ་ཚད་ལས་སྨི་0.5ནས་0.8ཀྱི་དམའ་འདུག་པས། རྟོག་ཞིབ་བྱེད་མཁན་ཚོ་སྔར་ལས་ལྷག་པའི་མགོ་འཐོམ་པ་ཞིག་ཏུ་བཏང་།
མཚོ་སྙིང་མ་ཧཱ་དེ་སའི་ཆགས་དབྱིབས་དང་དོང་ཆུ།
ཆུ་དམའ་སར་བཞུར་ཞེས་པ་འདི་རྒྱུན་ཤེས་ཤིག་ཡིན་པ་དང་། རྒྱུན་ཤེས་འདིར་གཞིགས་ནས་བལྟས་ན། མཚོ་སྔོན་པོའི་ཆུ་བབ་མཐོ་བ་དང་དོང་ཆུའི་ཆུ་བབ་དམའ་བ་རེད། སྐྱུར་ལ་ཁ་བའི་མཚོ་ཆུ་དེ་ཞིམ་ཞིང་འཇམ་པའི་དོང་ཆུ་ནང་དུ་བཞུར་ཐུབ་པར་གདོན་མི་ཟ།ཡིན་ནའང་། དོན་དངོས་ཀྱི་གནས་ཚུལ་དེ་ལས་ལྡོག་པ་ཞིག་སྟེ། དོང་ཆུ་ལ་མཚོ་ཆུའི་ཤན་ཤུགས་ཆེན་པོ་ཐེབས་མེད་སྟབས། དོང་ཆུའི་ཞིམ་འཇམ་གྱི་རང་བཞིན་དེ་སྔར་ལྟར་གནས་པ་རེད།
དེར་བརྟེན། ལུའོ་དབྱིན་ཧྥེ་ལགས་ཀྱིས་བྱེད་ཐབས་གཞན་པ་ཞིག་བཀོལ་ནས་ཚད་འཇལ་བྱས་པ་སྟེ། ངོ་མཚར་གྱི་དོང་ཆུ་འདིའི་འབྱུང་ཁུངས་ནས་རྟོག་ཞིབ་བྱས་པ་རེད། རྟོག་ཞིབ་བྱས་རྗེས། མཚོ་སྙིང་མ་ཧཱ་དེ་བའི་ཆགས་ཚུལ་རྒྱུན་ལྡན་མིན་པ་ཞིག་ཏུ་སྣང་སྟེ། མཚོ་སྙིང་མ་ཧཱ་དེ་བའི་སྟོད་ཕྱོགས་སེར་ཁ་མང་པོའི་བྲག་རྡོ་ལེབ་མོའི་རིགས་ཡིན་པ་དང་སྨད་ཕྱོགས་ལྟོས་བཅས་ཀྱིས་ཧྲིལ་པོར་གནས་པའི་འཛེང་རྡོ་ཡིན་ལ། རྡོ་རིགས་འདི་གཉིས་ཀ་དོང་ཆུ་ཡོད་སར་བསྙེས་ནས་ཆགས་པ་རེད། ལུའོ་དབྱིན་ཧྥེ་ལགས་ཀྱིས་དབྱེ་ཞིབ་བྱས་རྗེས་ས་གཤིས་རྣམ་པ་འདི་ནི་ས་འོག་ཆུའི་ཕྱོགས་འདུས་དང་གསོག་ཉར་ལ་ཧ་ཅང་ཕན་ཞེས་བརྗོད།
ལུའོ་དབྱིན་ཧྥེ་ལགས་ཀྱིས་ང་ཚོས་ས་གཤིས་གཏུབ་འབྱེད་ཀྱི་ངོས་ནས་བྲག་རྡོའི་བང་རིམ་ནང་དུ་སེར་ཁ་མང་པོ་ཡོད་པ་མཐོང་། ཆར་ཆུ་མང་པོ་བབས་པ་བྲག་རྡོའི་བང་རིམ་ནང་དུ་སིམ་རྗེས། ཆར་ཆུ་དེ་བང་རིམ་ནང་གི་སེར་ཁ་བརྒྱུད་ནས་འོག་གི་བྲག་རྡོའི་བང་རིམ་ནང་དུ་བཞུར་བ་དང་། དེ་རྗེས་མཐོ་ས་ནས་དམའ་སར་འབབ་པའི་བཞུར་རྒྱུན་ཆགས་འདུག་ཅེས་གསལ་བཤད་བྱས།
རྟོག་ཞིབ་བྱས་པ་ན། མཚོ་སྙིང་མ་ཧཱ་དེ་བའི་ཐོག་གི་དོང་ཆུ་དེ་མཚོ་སྙིང་ཐོག་གི་ཆེས་དམའ་བའི་གནས་སུ་ཆགས་ཡོད་པ་དང་། མཚོ་སྙིང་མ་ཧཱ་དེ་བའི་ཐོག་གི་ཆར་ཆུ་རྣམས་ཀྱང་བྲག་རྡོའི་སེར་ཁ་བརྒྱུད་ནས་དོང་ཆུ་ཡོད་པའི་ཉེ་འཁོར་དུ་འདུས་ཡོད་པ་ལས་ངོ་མཚར་ཆེ་བའི་དོང་ཆུ་འདི་བྱུང་བ་རྟོགས།
དུས་མཚུངས་སུ། དོང་ཆུའི་འགྲམ་གྱི་འཛེང་རྡོ་ལ་ཆུས་སིམ་དཀའ་བས། མཚོ་སྔོན་པོའི་མཚོ་ཆུའི་ཆུ་བབ་ནི་དོང་ཆུ་ལས་མཐོ་ན་ཡང་དེ་རུ་བཞུར་ཐབས་མེད་པ་རེད། གནས་ཚུལ་འདི་དག་མཐོང་བ་ན། རང་བྱུང་གི་ལྷའི་བཟོ་བོ་ནི་ཇི་འདྲའི་རྨད་དུ་བྱུང་བ་ཞིག་དང་ངོ་མཚར་བ་ཞིག་རེད་ཅེས་ཡིད་སྨོན་གྱི་སེམས་པ་ཞིག་དབང་མེད་དུ་སྐྱེས།
འབྲེལ་ཡོད་འོས་སྦྱོར།