༄༅།།དབྱངས་གསལ་སོ་བཞིའི་མུ་ཏིག་གི་ཕྲ་རྒྱན་བཏབ་པའི་མདོ་ལའི་སྒོ་བྱང་མཛེས་སོང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ།
དུས་ཚོད།:2020-01-15
ཀློག་གྲངས།:

རིག་གནས་ཀྱི་རྫོང་མཐུག་ཅིང་འཆམ་མཐུན་མཉམ་གནས་ཀྱིས་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་པའི་མདོ་ལ་རྫོང་མཁར་ནི་ཕྱིའི་ཁོར་ཡུག་གི་རྣམ་པ་མཛེས་ཤིང་གྲལ་དག་ཅིང་། གྲོང་ཁྱེར་གྱི་སྲང་ལམ་རེ་རེ་ན་ས་གནས་རིག་གནས་ཀྱིས་ཡོངས་སུ་བརྒྱན་ཡོད། ལྷག་པར་དུ་རྫོང་མཁར་དེའི་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་དག་གི་བོད་རྒྱ་ཡིག་རིགས་གཉིས་ཀྱིས་བརྒྱན་པའི་སྒོ་བྱང་གིས་གསར་འགོད་པའི་ཡིད་དབང་རབ་ཏུ་འཕྲོག་སོང་། ས་གནས་དེའི་སྒོ་བྱང་ནི་གནས་གཞན་དང་མི་འདྲ་བར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཆེ་ཆུང་དོ་མཉམ་ལ་བོད་ཡིག་གོང་དང་རྒྱ་ཡིག་གཤམ་གྱི་ས་གནས་སྲོལ་ཡིག་གཏན་འཁེལ་དང་མཐུན་ཞིང་། བསྟན་བྱའི་ནང་དོན་ལ་ནོར་འཆུག་མེད་པ། སྒོ་བྱང་ཡོངས་ཀྱི་སྒྲིག་བཟོའི་རྒྱུ་ཆ་གཅིག་མཐུན་ཡིན་པས། རྫོང་མཁར་དེའི་ཕྱིའི་ཁོར་ཡུག་ལ་སྔར་ལས་ལྷག་པའི་མཛེས་པ་གཞན་ཞིག་བསྣན་ཡོད་ལ། རྒྱལ་ཡོངས་རིག་གནས་གྲོང་ཁྱེར་བསྐྲུན་པར་རམ་འདེགས་ཀྱི་ནུས་པ་གང་ལེགས་ཤིག་ཐོན་འདུག་པ་གདོན་མི་ཟའོ།།
འདི་འདྲའི་གཞན་ལ་ངོམ་ཆོག་པའི་ལས་འདིའི་རྒྱབ་ཕྱོགས་ན་མི་བུ་མང་བོ་ཞིག་གི་རྔུལ་ཁྲག་བཏོན་ཡོད་པ་མ་བཤད་ཀྱང་རང་བཞིན་གྱིས་རྟོགས་ཡོང་བས། གསར་འགོད་པས་འདིའི་སྐོར་གྱི་ཉམས་མྱོང་བཟང་བོ་དང་འབྲེལ་ཡོད་ཀྱི་གཏན་འབེབས་ཅི་ཡོད་ཤེས་འདོད་སྐྱེས་ནས། ཆེད་དུ་མདོ་ལ་རྫོང་བོད་སྐད་ཡིག་གཞུང་ལས་ཁང་དུ་བསྐྱོད་ནས་འདིའི་སྐོར་ལ་རྒྱུས་ལོན་བྱས་དོན། མདོ་ལ་རྫོང་བོད་སྐད་ཡིག་ཁང་གི་བླ་མ་ཚེ་རིང་གིས་བཅར་འདྲི་དང་ལེན་བྱས་ནས་བཤད་དོན། ཚོང་ཁང་དང་ཟ་ཁང་། མགྲོན་ཁང་། འབྲེལ་ཡོད་ཡིག་ཆ་གང་ཞིག་ཡིན་ནའང་། དེར་ཞུ་དག་དང་དཔྱད་ཞིབ་ཀྱི་ལས་འགན་ང་ཚོས་ཁུར་ཡོད་པས། ང་ཚོས་ནམ་རྒྱུན་ཁུལ་དང་རྫོང་གི་འབྲེལ་ཡོད་སྤྱི་ཚོགས་སྤྱོད་ཡིག་གི་གཏན་འཁེལ་གཞིར་བཟུང་། ནན་ཏན་གྱིས་ཡིག་སྒྱུར་དང་ཞུ་དག དེ་མིན་དཔྱད་ཞིབ་གང་ལེགས་བྱས་ཏེ་གཏན་འཁེལ་དང་མཐུན་པ་དང་ཡིག་ནོར་གྱི་སྐྱོན་བྲལ་བ་རྩ་བར་བཟུང་སྟེ་བསྒྲུབས་པ་ཞིག་ཡིན། ཚོང་ཁང་སོགས་ཀྱི་སྒོ་བྱང་བཟོ་དུས་ཀྱང་བཟོ་ཚོང་ཅུས་དང་མཁར་གྲོང་དོ་དམ་ཅུས། རྫོང་བོད་སྐད་ཡིག་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་པ་ཞིག་ཡིན་ལ། ཚོང་གཉེར་འགྲོ་ལུགས་སྒྲུབ་སྐབས་ངེས་པར་དུ་སྒོ་བྱང་གི་ཆ་རྐྱེན་དང་ཡིག་རིགས་གཉིས་ཀྱི་ཆེ་ཆུང་སོགས་གཏན་འཁེལ་དང་མཐུན་ན་ད་གཟོད་འགྲོ་ལུགས་སྒྲུབ་པའི་མཐུན་རྐྱེན་གནང་བ་ཞིག་ཡིན། གལ་ཏེ་སྒོ་བྱང་ཁྲོད་ཡིག་ནོར་ལྡན་པ་དང་གཏན་འཁེལ་དང་མི་མཐུན་པའི་ཚོང་ཁང་དང་ཟ་ཁང་སོགས་ལྡན་ཚེ་ཚོང་གཉེར་འགྲོ་ལུགས་བསྒྲུབ་པར་ཆོག་མཆན་མི་གནང་བ་དང་དུས་ཐོག་ཏུ་བརྡ་བཏང་ནས་བསྐྱར་ལས་བྱེད་དགོས་པའི་རེ་བ་བཏོན་ཏེ་ནམ་ཞིག་སྐྱོན་མེད་ཚད་ལྡན་ཡིན་ན་ད་གཟོད་འགྲོ་ལུགས་སྒྲུབ་པའི་འབྲེལ་ཡོད་ཆོག་མཆན་སྤྲད་པ་ཡིན་ཟེར།

གཞི་རིམ་ས་ཁུལ་གྱི་སྒོ་བྱང་དང་སྤྱི་ཚོགས་ཁྲོམ་རའི་སྤྱོད་ཡིག་ཚད་ལྡན་དང་གཏན་འབེབས་སྐོར་ནས་གླེང་སྐབས། བླ་མ་ཚེ་རིང་གིས་འདི་ལྟར་བཤད་དོན། མཚོ་བྱང་ས་ཁུལ་མཚོན་ན་སྒོ་བྱང་དང་སྤྱི་ཚོགས་ཁྲོམ་རའི་སྤྱོད་ཡིག་ཚད་ལྡན་སྐོར་ནས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཆེས་མཐོའི་མཐོང་ཆེན་བྱས་ཡོད་ལ། འབྲེལ་ཡོད་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་འཐུས་ཚང་དང་སྒོ་བྱང་གི་དག་ཐེར་གྱི་སྐོར་ནས་གཏན་འབེབས་མང་བོ་བཏོན་ཡོད་དེ། 2014ལོར་བཏང་བའི་ཡིག་ཆ《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་གཞུང་སྒྲུབ་ཁང་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་བཏང་བའི་འབྲེལ་ཡོད་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྤྱི་ཚོགས་སྤྱོད་ཡིག་ལ་སྔར་ལས་ཤུགས་སྣོན་དང་ཚད་ལྡན་གཏོང་དགོས་པའི་སྐོར་གྱི་བརྡ་སྦྱོར》དང་། 2013ལོའི་ཡིག་ཆ《ཀྲུང་གུང་མདོ་ལ་རྫོང་ཨུ་གཞུང་སྒྲུབ་ཁང་དང་མདོ་ལ་རྫོང་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་བཏང་བའི་འབྲེལ་ཡོད་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་དགོས་པའི་སྐོར་གྱི་བརྡ་སྦྱོར 》《མདོ་ལ་རྫོང་གི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱ་ཐབས》སོགས་འབྲེལ་ཡོད་ཡིག་ཆ་དང་གཏན་འབེབས་མང་དུ་མཆིས། ང་ཚོས་ནམ་རྒྱུན་གྱི་བྱ་བའི་ཁྲོད་ནས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་གཏན་འབེབས་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་རང་གི་ཕྲག་སྟེང་ལ་བབས་པའི་འགན་འཁྲི་དང་དུ་བླངས་ནས་མདོ་ལའི་སྤྱི་ཚོགས་སྤྱོད་ཡིག་ཚད་ལྡན་དང་སྒོ་བྱང་སྟེང་བྲིས་པའི་ཡི་གེའི་དག་ཆ་དང་ཡིག་སྒྱུར་ཚད་ལྡན་ལ་རང་ནུས་གང་ཡོད་བཏོན་ཏེ་འབྱོར་ཕྱུག་དང་འཆམ་མཐུན། མཛེས་སྡུག་གི་མདོ་ལའི་འཕེལ་རྒྱས་ལ་རང་ནུས་གང་ཡོད་འདོན་བཞིན་ཡོད་ཟེར།
གང་ལྟར་གཞི་རིམ་ས་ཁུལ་གྱི་སྤྱི་ཚོགས་སྤྱོད་ཡིག་དང་། ལས་ཁུངས་དང་ཚོང་ཁང་། ཟ་ཁང་དང་མགྲོན་ཁང་། ལམ་རྟགས་སོགས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ལ་དག་ཆ་ལྡན་ཞིང་སྒྲིག་བཟོ་མཛེས་པ་ལས་ས་གནས་དེའི་གྲོང་ཁྱེར་སྲང་ལམ་གྱི་ཕྱིའི་མཛེས་པར་འོད་སྣང་བསྩལ་ཡོད་པར་མ་ཟད། མི་དམངས་ཀྱི་འཚོ་བར་སྟབས་བདེ་ཡང་གང་མང་ཞིག་བསྐྲུན་ཡོད་ལ། གཞན་ས་གནས་དེའི་རིག་གནས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་ཡིན་པའི་རྣམ་པ་གཞན་ཞིག་ཀྱང་ངང་གིས་བསྟན་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།