logo

༄༅།།ལྷ་ས་ཞོལ་གཞུང་སྒོའི་མདུན་གྱི་རྡོ་རིང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-08 ཀློག་གྲངས།:
ཞོལ་གཞུང་སྒོའི་མདུན་ངོས་སུ་ཁང་སེར་རྡོ་རིང་གཉིས་ཡོད་པ་དེ་སྔ་པོ་ཏ་ལའི་གཞུང་ལམ་ལྷོ་ངོས་སུ་ཡོད། སྤྱི་ལོ་༡༩༦༥ལོར་སྣང་ཆུང་ལྟ་བུས་ཀླུ་ཁང་ནང་དུ་སྤོས། རྗེས་སླར་ཚུར་སྤོས་བྱས། ཁང་སེར་རྡོ་རིང་ཤར་མ་དེ་རུས་སྦལ་སྒལ་པའི་སྟེང་རྡོ་ལེབ་ཀྱི་མདུན་ངོས་གཡས་ཕྱོགས་སུ་རྒྱ་ཡིག་དང་། གཡོན་ཕྱོགས་སུ་བོད་ཡིག རྒྱབ་ངོས་གཡས་ཕྱོགས་སུ་སོག་ཡིག གཡོན་ཕྱོགས་སུ་མན་ཇུའི་ཡི་གེ་བཅས་བཀོད་ཡོད་པ་དེ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིའི་ཁྲི་ལོ་དྲུག་ཅུ་པ་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་སྤྱི་ལོ་༡༧༢༡ལོར་གོང་མ་སྐུ་ངོ་མས་བརྩམས་པར་གྲགས། གོང་མ་ཡུང་ཀྲེང་ཁྲི་ལོ་ཁྲི་ལོ་གཉིས་པ་ཤིང་འབྲུག་སྤྱི་ལོ་༡༧༢༤ལོར་རྡོར་ཡི་གེ་བརྐོས་ཏེ་བཙུགས། ནང་དོན་གཙོ་བོ་ནི་ཆིང་རྒྱལ་རབ་ཀྱི་གོང་མ་ཁང་ཤིའི་ཡིས་བོད་ལ་དམག་རོགས་གནང་ནས་སོག་པོ་ཇུན་གར་བ་བོད་ནས་མཐར་སྤྲོད་བཏང་ནས་བོད་ལ་དུས་བདེ་ས་འཇམ་བྱུང་སྐོར་སོགས་ཡིན། 
སྐབས་དེའི་སྔ་རྗེས་བོད་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་ན། བོད་ཀྱི་སྤྱི་ཚོགས་ཟང་ཟིང་ཆེ་བའི་སྐབས་ཡིན་པ་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་གཤེགས་རྗེས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱི་ཚ་བོ་ལྷ་བཟང་ཁང་གཉིས་ཀྱིས་སྲིད་བསྐྱངས། སྡེ་སྲིད་དང་ལྷ་བཟང་ཁང་གཉིས་བར་འགལ་བ་བྱུང་ནས་སྡེ་སྲིད་བཀྲོངས། སྡེ་སྲིད་ཀྱིས་ངོས་འཛིན་གནང་བའི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཡང་སྲིད་ཚངས་དབྱངས་རྒྱ་མཚོ་ཡང་སྲིད་དངོས་མིན་པ་དང་། ཡང་སྲིད་ཚ་བ་དཔའ་ཤོད་ནས་ཡིན་པའི་སྤྲང་པོའི་ཕྲུ་གུ་ངག་དབང་ཡེ་ཤེས་རྒྱ་མཚོ་ཟེར་བ་ཡིན་ཚུལ་གོང་མར་ཞུས། བོད་རབ་བྱུང་བཅུ་གཉིས་པའི་མེ་ཁྱི་སྤྱི་ལོ་༡༧༠༦ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ཁྲི་ཐོག་ནས་ཕབ་སྟེ། པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པར་ངོས་འཛིན་བྱས་ཏེ་པོ་ཏཱ་ལའི་ཁྲིར་བསྐོས། དར་སེ་འབྲས་སོགས་ཀྱི་གྲྭ་དམངས་ཀྱིས་ཁས་ལེན་མ་བྱས། ལྷ་བཟང་ཁང་གིས་ལོ་བཅུ་གཉིས་ཙམ་སྲིད་དབང་འཛིན། མཐར་སོག་པོ་ཇུན་གར་བས་ལྐོག་གཡོ་སྣ་ཚོགས་བཤམས་ནས་སྟོད་མངའ་རིས་བསྐོར་ནས་རྟ་དམག་ཁག་གཅིག་དང་ལྷ་བཟང་ཁང་གི་བུའི་མནའ་མ་ལྷ་སར་བཏང་ཁུལ་གྱིས་སྐུ་སྲུང་རྟ་དམག་སྟོང་ཕྲག་འགའ་བཏང་ནས་བསྡོམས་རྟ་དམག་སྟོང་ཕྲག་དྲུག་ཙམ་འདམ་གཞུང་དུ་མཉམ་འཛོམས་བྱས་ནས་བོད་རབ་བྱུང་བཅུ་གཉིས་པའི་མེ་བྱ་སྤྱི་ལོ་༡༧༡༧ལོར་སོག་པོ་ཇུན་གར་བའི་འགོ་གཙོ་ཚེ་དབང་རབ་བརྟན་གྱིས་དགེ་ལུགས་པའི་ཆོས་ལ་དད་གུས་དང་སྲུང་སྐྱོབ་བྱེད་པའི་མིང་འཁྱེར་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགྲ་ཤ་ལེན་དགོས་ཞེས་བརྗོད་ནས་ལྷ་སར་དཔུང་འཇུག་བྱས། རྒྱལ་པོ་ལྷ་བཟང་ཁང་ཡང་ཕོ་བྲང་པོ་ཏཱ་ལ་ནས་ཤོར་ཏེ་ཀླུ་སྒུག་ཏུ་དམར་འཛིང་ནང་བཀྲོངས། དེ་མིན་བོད་ཀྱི་ས་གནས་མང་པོར་རྙིང་མའི་བླ་མ་གྲགས་ཅན་མང་པོ་བཀྲོངས། དགོན་སྡེ་མང་པོ་གཏོར་བརླག་འཕྲོག་བཅོམ་བྱས། བོད་ཀྱི་སྤྱི་ཚོགས་ཟང་ཟིང་དང་། མི་དམངས་ལ་གནོད་འཚེ་ཆེན་པོ་བྱུང་བའི་སྐབས་དེར་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིའི་ཁྲི་ལོ་༥༩ལོའི་བར་བོད་དུ་སྔ་རྗེས་དམག་རོགས་ཐེངས་གཉིས་བཏང་སྟེ་སོག་པོ་ཇུན་གར་གྱི་སྟོབས་ཤུགས་ཡོད་ཚད་བོད་ནས་མཐར་སྐྲོད་བཏང་། བོད་ཀྱི་སྤྱི་ཚོགས་དུས་བདེ་ཞི་འཇགས་བྱུང་། 
རྡོ་རིང་ནུབ་མའི་འགོ་ཡིག་ཏུ་ཆན་ལུང་གིས་བཙུགས་པ་ཞེས་ཡོད་པ་དེའི་མདུན་ངོས་སུ་རྒྱ་ཡིག་དང་། མན་ཇུའི་ཡི་གེ རྒྱབ་ངོས་སུ་བོད་ཡིག་དང་སོག་ཡིག་བཅས་ཡིན་པའི་ནང་དོན་གཙོ་བོ་ནི། བོད་རབ་བྱུང་གསུམ་པའི་ལྕགས་ཕག་སྤྱི་ལོ་༡༧༩༡ལོར་བླ་མ་ཞྭ་དམར་ཟེར་བས་དཀྲུག་རྐྱེན་འོག་གོར་ཁས་བོད་ལ་བཙན་འཛུལ་བྱས་ནས་གོར་དམག་གཙང་གཞིས་ཀ་རྩེར་ལྷགས་ཏེ་བཀྲ་ཤིས་ལྷུན་པོ་དགོན་གྱི་རྩ་ཆེའི་སྐུ་ཆས་དང་། ལྷ་ཁང་ཁག་གི་སྐུ་འདྲའི་དབུ་རྒྱན། སྙན་རྒྱན། ཕྲ་རྒྱན། སྐུ་གདུང་གི་ཕྲ་རྒྱན། གསེར་ཀོང་། མཆོད་ཆས་སོགས་འཕྲོག་བཅོམ་དང་། གཞིས་རྩེ་རྫོང་དང་། གྲོང་ཁྱེར་ནང་གི་འབྱོར་ལྡན་ཁྱིམ་ཚང་དང་། ཚོང་རིགས་པ་སོགས་ཀྱི་རྒྱུ་ནོར་འཕྲོག་བཅོམ་ཚད་མེད་དང་། མི་བསད་རྟ་འགྱེལ་གྱི་ནམ་མཁར་མི་བཤོངས་བའི་ནག་ཉེས་བསགས་པར་རྟེན་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་མཁྱེན་ནས་དགོངས་བཞེས་བླ་མེད་ཀྱིས་ནང་བློན་ཕུ་ཟི་ཀྲུང་ཐང(མཚན་གཞན་ལ་ཕུ་ཀང་རྔན་Fu kang An གོང་མ་ཆན་ལུང་གི་སྤུན་ཉེའི་གྲས་ཡིན་པར་གྲགས)བོད་དུ་དམག་རོགས་བཏང་ནས་གོར་ཁ་མཐར་སྐྲོད་བཏང་ཚུལ་དང་། ཕུ་ཟི་ཀྲུང་ཐང་གིས་བྱས་རྗེས་ཆེན་པོ་བཅུ་བཞག་པའི་སྐོར་བཀོད་ཡོད། རྡོ་རིང་དེ་ནི་གནམ་གྱི་ལྷ་ཁྲི་ལོ་ལྔ་བཅུ་ང་བདུན་དགུན་ཟླའི་ཟླ་བ་དང་པོའི་ཚེས་སྟོད་དང་། ཆུ་ཕོ་བྱི་བའི་ལོ་ལ་བྲིས་ཞེས་གསལ། བོད་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་སྤྱི་ལོ་༡༧༩༢ལོ་ལ་ཡིན་ནོ།།
ད་དུང་རྡོ་རིང་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྗེ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སྟག་སྒྲ་ཀླུ་ཁོང་གིས་ཞང་རྒྱལ་གཟིགས་དང་། ཞང་སྟོང་བཙན་ལ་སོགས་པས་བོད་དམག་འབུམ་ཕྲག་ཙམ་ཁྲིད་དེ་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་ཕར་རྒོལ་བྱས་ནས་ཁྲང་ཨན་ཉིན་བཅོ་ལྔ་བཟུང་བ་སོགས་ཀྱི་གཡུལ་ལས་རྒྱལ་བའི་བྱས་རྗེས་ལ་བསྔགས་བརྗོད་དང་སླར་ཡང་སྟག་སྒྲ་ཀླུ་ཁོང་གི་བུ་ཚ་ཡང་པཙན་པོ་ལ་ངོ་མི་ལོག་ན་ཚེ་རབས་ཀུན་ཏུ་ཞབས་འབྲིང་བརྒྱུད་འཛིན་བྱེད་ཆོག་པའི་གནའ་ཡིག་རྡོ་རིང་སུ་བརྐོས་ཡོད། ཁྲི་སྲོང་ལྡེ་བཙན་སྐབས་བློན་པོ་སྟག་སྒྲ་ཀླུ་ཁོང་དང་སྟག་ར་ཀླུ་གོང་གཉིས་ཡོད་པས་ནོར་ཉེན་ཆེན་པོ་ཡོད། སངས་རྒྱས་ཆོས་ལ་མི་དགའ་བའི་བློན་པོ་ནི་སྟག་ར་ཀླུ་གོང་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།