logo

༄༅།།མཚོ་བོད་མཐོ་སྒང་གི་ཚོན་ལྡན་ཕྱག་རྒྱའི་བྲག་བརྐོས་རི་མོ་ཐོག་མ་རྐང་ཚ་རྫོང་དུ་རྙེད།

རྩོམ་པ་པོ།:གཡང་འབུམ་ཚེ་རིང་། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2020-09-07 ཀློག་གྲངས།:
བྲག་བརྐོས་རི་མོ་གནས་ས།
བྲག་བརྐོས་རི་མོའི་ངོས་ཆ་ཚང་།
ཉེ་དུས། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་དང་རྐང་ཚ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་ཧྲའན་ཤིས་གནའ་རྫས་རྟོག་ཞིབ་ཆེད་མཁས་པ་ཀྲང་ཅན་ལིན་དང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡི་དེ་སྔའི་སུའོ་ཀྲང་གཞོན་པ་ཅ་ཧུང་ཅན་གཉིས་གདན་འདྲེན་བྱས་ཏེ་མཚོ་སྔོན་པོའི་བྱང་ངོགས་སུ་བརྟག་དཔྱད་བྱས་པ་དང་རྐང་ཚ་རྫོང་དུ་ཚོན་ལྡན་ཕྱག་རྒྱའི་བྲག་བརྐོས་རི་མོ་ཞིག་རྙེད་པ་རེད། དེ་ནི་མཚོ་བོད་མཐོ་སྒང་དུ་ཐེངས་དང་པོ་ཤེས་རྟོགས་བྱུང་བར་གཏོགས།
རི་རྒྱུད་དེའི་བྱང་ཕྱོགས་ཀྱི་རི་ལྡེབས་སུ་ཕ་བོང་སྐོར་ཞིག་གཞོགས་གཅིག་ན་གནས་ཤིང་། ཕན་ཚུན་གཅིག་ཐོག་གཅིག་ལ་རྩེག་ནས་ཡོད་ལ། སྨི་གྲུ་བཞི་མ8ཙམ་གྱི་བར་སྟོང་ཞིག་ཆགས་པ་དང་། ས་ངོས་སུ་ཐ་ཐོར་སོང་བའི་རྡོ་དང་འདམ་ས་ཡོད། གོང་ཕྱོགས་སུ་གནས་པའི་ཕ་བོང་བར་གྱི་སྲུབས་ཀ་ནས་ནམ་མཁའ་མཐོང་ཐུབ། ད་ལྟའི་བར་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་གནས་རྟེན་ཅན་དུ་བརྩིས་ནས་ཁ་བཏགས་དང་ཞོ་འོ་མ་མཆོད་ཀྱིན་ཡོད། བྲག་བརྐོས་རི་མོ་ནི་ནུབ་ངོས་ཕ་བོང་གི་གཡོན་ངོས་ཀྱི་མཐོ་ཚད་སྨི1.12དང་ཞེང་ཚད་སྨི1.95ཡི་ཁྱབ་ཁོངས་ནང་བྲིས་ཡོད། རི་མོ་ཅུང་གཅིག་སྡུད་ཡིན་པས་བྲག་བརྐོས་རི་མོའི་མཐའ་གྲལ་འགྲིག་པོ་མིན། ཕ་བོང་གི་མཐོ་ཚད་ལ་སྨི2.3དང་། ཞེང་ལ་སྨི4.3ཙམ་ཡོད། ཆེད་མཁས་པས་དབྱེ་འབྱེད་ཞིབ་མོ་བྱས་རྗེས། བྲག་བརྐོས་རི་མོ་ནི་ཕྱག་རྒྱ་གཙོ་བོ་ཡིན་པ་དང་། མདོག་དམར་པོའི་ཚོན་རིས་ལས་གྲུབ་ཅིང་། རི་མོ་ཚང་མ་ཁོག་རྐོས་སུ་གཏོགས་ལ། མི་དར་མའི་ཕྱག་རྒྱ་ཡིན། ཁྱོན་བསྡོམས13ཡོད། དེའི་ནང་གཡོན་ལག4དང་གཡས་ལག4དབྱེ་འབྱེད་ཐུབ་པ་དང་དེའི་ལྷག་མ་རྣམས་དབྱེ་འབྱེད་བྱེད་དཀའ། རི་མོ་མང་ཆེ་བ་ཅུང་གསལ་བོ་ཡིན་ལ། གཡས་ཕྱོགས་ཀྱི་རི་མོ་མི་གསལ་བར་གྱུར་འདུག དབྱེ་འབྱེད་བྱེད་ཐུབ་པ་ཞིག་ནི་ཕྱག་རྒྱ་བཞི་ནི་རབ་རིབ་ཏུ་སྣང་། ཞོལ་མ་སྔོན་ཆད་ཆུ་བསགས་ནས་སྦངས་མྱོང་བས། ཅུང་རིང་བའི་སྔོ་དྲེག་སྲབ་མོ་ཞིག་སྐྱེས་ཡོད། དེ་མིན་དབྱེ་འབྱེད་གསལ་བ་ཞིག་ནི་ཕྱག་རྒྱའི་རི་མོ་གཉིས་ཀྱི་མཛུབ་རིས་མ་གཏོགས་མི་གསལ། ཕྱག་རྒྱ་བལྟོས་བཅས་ཀྱིས་གཡོན་ཕྱོགས་སུ་གཅིག་བསྡུས་བྱས་ཡོད། ཕྱག་རྒྱ7ནི་ཕན་ཚུན་ལ་ཅུང་སྣོལ་ཏེ་སྒྲིབ་ནས་ཁྱབ་འདུག བྲག་བརྐོས་རི་མོའི་དཀྱིལ་གྱི་མར་ཕྱོགས་སུ། ཐིག་རྐྱང་གིས་བྲིས་པའི་མཉམ་གཤིབ་མི་སྣ་ཆུང་ཆུང་གཉིས་ཡོད། རྐང་བ་གཉིས་དྲང་མོར་བསྲིངས་འདུག དཔུང་བ་གཉིས་མར་གསེག་ལ་བརྐྱངས་ཡོད། དེ་མིན་འདོམས་སུ་ཐིག་ཐུང་ཞིག་སྲིང་ཡོད། བལྟས་ཚོད་ཀྱིས་སྐྱེས་པའི་ཕོ་མཚན་དང་འདྲ། མི་སྣ་ཆུང་ཆུང་གི་སྟེང་དུ་བྱ་སྒྲོའི་དབྱིབས་ཀྱི་རི་མོ་ཞིག་བྲིས་ཡོད། དཀྱིལ་ཕྱོགས་སུ་མི་སྣའི་གཟུགས་བརྙན་ཅུང་ཆེ་བ་ཞིག་བྲིས་ཡོད་པ་དང་། བཟོ་དབྱིབས་ནི་མི་སྣ་ཆུང་ཆུང་དང་འདྲ་མཚུངས་རེད།
བྲག་བརྐོས་རི་མོའི་ཚོན་རྫས་ནི་གཏིང་ཚད་མི་འདྲ་བའི་མདོག་དམར་པོ་རེད། གྲུབ་ཆའི་ཞིབ་དཔྱད་ཚད་ལེན་བྱས་པ་ལས་ལྕགས་ཀྱི་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་བྱས་ཤིང་དངུལ་ཆུ་དང་མུ་ཟིའི་གཞི་རྒྱུ་མ་བྱུང་བས། འདི་ནས་རྒྱ་འཚལ་མིན་པ་ཐག་གཅོད་བྱས་ཆོག དབྱང་ལྕགས་རིགས་ཀྱི་གཏེར་རྫས་ཚོན་རྫས་ཡིན་སྲིད། གཞན་ཡང་བྲག་ངོས་སུ་དཀར་ཐིག་མང་བོ་ཁྱབ་ཡོད། མདོག་རྒྱུ་དཀར་པོ་ཞིབ་དཔྱད་ཚད་ལེན་ལས་ཀལ་དང་ཐཱན་གྱི་འདུས་ཚད་ཅུང་མཐོ་བ་མ་ཟད། མུ་ཟིའི་གཞི་རྒྱུ་ཡོད་པས། མུ་ཟི་སྐྱུར་ཀལ་དང་ཐཱན་སྐྱུར་ཀལ་ཡིན་ཤས་ཆེ།
ཕྱག་རྒྱའི་བྲག་རིས་ནི་འཛམ་གླིང་རང་བཞིན་གྱི་བྲག་བརྐོས་རི་མོ་ཞིག་ཡིན་ལ། ཨེ་ཤ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ་གླིང་། ཨ་མེ་རི་ཁ་གླིང་བྱང་མ། ཨོ་སི་ཁྲུ་རི་ཡ་བཅས་སུ་གསར་རྙེད་བྱུང་ཞིང་། དེ་ནི་བྲག་བརྐོས་རི་མོའི་ཁྲོད་ཀྱི་ཆེས་གནའ་བོའི་མཚོན་ཚུལ་ཞིག་རེད། རྡོ་ཆས་རྙིང་པའི་དུས་མཇུག་ཏུ་ཐོག་མར་བྱུང་བ་དང་ཉེ་རབས་ཀྱི་གདོད་མའི་ཚོ་བའི་བྲག་བརྐོས་རི་མོའི་ནང་ད་དུང་བརྗོད་བྱ་དེ་རིགས་ཉར་ཚགས་བྱས་ཡོད། རང་རྒྱལ་ལ་བྲག་བརྐོས་རི་མོ་ཕུན་སུམ་ཚོགས་པོ་འདུག རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས20ལྷག་ཏུ་ཁྱབ་ཡོད་མོད། འོན་ཀྱང་ཕྱག་རྒྱའི་བྲག་བརྐོས་རི་མོ་མང་པོ་མེད། ད་ལྟ་ཤེས་ཟིན་པའི་ཕྱག་རྒྱའི་བྲག་བརྐོས་རི་མོ་ནི་ནང་སོག་གི་ཨ་ལ་ཧྲན་ཡིའུ་ཆི་དང་ཝུའུ་ལ་ཐེ་ཤིག་ཆི། ཀན་སུའུ་ཡི་ཅ་ཡུས་ཀོན་མེ་ཏོག་ཞིང་ར། ཉིང་ཞ་ཧོ་ལན་རི་བོ། ཞིན་ཅང་གི་ཐ་ཧྲི་ཁུར་སྐན། ཧུའུ་པེ་པ་ཏུང་། ཡུན་ནན་གྱི་ཚང་ཡོན་སོགས་ན་ཡོད། དེའི་ནང་ནང་སོག་ཝུའུ་ལ་ཐེ་ཤིག་ཆིའི་ཕུའུ་ཨར་ཧན་ཐུའུ་ཧྲན་གྱི་ཕྱག་རྒྱའི་བྲག་བརྐོས་རི་མོ་ནི་བརྐོས་ནས་གྲུབ་པ་ཞིག་རེད། དེའི་སྟེང་བོད་ཡིག་དང་གཡུང་དྲུང་བོན་གྱི་རི་མོ“卐”རྟགས་སོགས་ཡོད་པ་དང་། ལོ་རབས་ནི་འཕྱི་ན་མིན་ཆིང་གི་དུས་ཡིན་པ་མངོན་གསལ་རེད། ཡུན་ནན་གྱི་ཚང་ཡོན་བྲག་བརྐོས་རི་མོ་ལ་ཕྱག་རྒྱའི་བྲག་རིས་ཤིག་ལས་མེད་པ་དང་མང་ཕྱོགས་ཁོག་རྐོས་རི་མོ་ཡིན། ཀན་སུའུ་ཅ་ཡུས་ཀོན་གྱི་མེ་ཏོག་ཞིང་རའི་ཕྱག་རྒྱའི་བྲག་བསྐོས་རི་མོ་ནི་ཐང་སྟོང་གི་རྡོ་ལེབ་ཐོག་བྲིས་པ་ཞིག་རེད། རྐང་ཚའི་བྲག་བརྐོས་རི་མོ་ནི་ནང་སོག་ཨ་ལ་ཧྲན་ཡིའུ་ཆིའི་ཡ་པུའུ་ལའེ་རི་བོའི་བྲག་ཕུག་དང་། ཧུའུ་པེ་པ་ཀྲུང་རྫོང་ཐེན་ཙི་ཡ་དང་ཀུའེ་ཀྲོའུ་ཀྲེན་ཧྥེང་བྲག་དམར་སོགས་ཀྱི་རི་མོ་དང་འདྲ་ལ། ཕྱག་རྒྱའི་རི་མོ་ཅུང་མང་ལ་གཅིག་སྡུད་ཀྱང་ཆེ། མང་ཆེ་བ་ནི་ཁོག་བརྐོས་རི་མོ་ཡིན་ལ་བྲག་ཕུག་གམ་བྲག་ལྡེབས་སུ་གནས་ཡོད། ཐིག་གཅིག་གིས་བྲིས་པའི་མི་སྣའི་རི་མོའི་རྐང་པ་གཉིས་སོ་སོར་གྱེས་ཡོད། དཔུང་བ་གཉིས་མར་གསེག་སྒོས་བརྐྱངས་ཡོད་པ་དང་། རིགས་འདྲའི་བཟོ་དབྱིབས་ནི་སྲིབ་རི་བྲག་རིས་དང་། ཀུའེ་ཀྲོའུ་ཀྲེན་ཧྥེང་བྲག་དམར་སོགས་སུ་མཐོང་ཐུབ། རྐང་ཚའི་ཚོན་ལྡན་ཕྱག་རྒྱའི་བྲག་བསྐོས་རི་མོའི་མཚོན་ཐབས་དང་རི་མོའི་ནང་དོན་ལྟར་ན། ཐོག་མའི་འདེད་གཅོད་ཐུབ་པའི་ལོ་རབས་ནི་ཕལ་ཆེར་ལོ་རྒྱུས་གོང་གི(史前)དུས་སྐབས་སུ་ཡིན་པ་རེད།
མཚོ་སྔོན་པོའི་འགྲམ་རྒྱུད་ནི་མཚོ་སྔོན་གྱི་བྲག་བརྐོས་རི་མོ་ཁྱབ་ཚུལ་ཅུང་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་མཚོ་བྱང་དང་། མཚོ་ལྷོ། མཚོ་ནུབ་བཅས་སུ་བྲག་བརྐོས་རི་མོ30ལྷག་ཙམ་རྙེད་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཡུལ་ཤུལ་དང་མགོ་ལོག་ཏུ་ཅུང་ཕུན་སུམ་ཚོགས་པའི་བྲག་བརྐོས་རི་མོ་རྙེད་ཡོད། གོང་སྨོས་ཀྱི་བྲག་བརྐོས་རི་མོ་ཚང་མ་བྲག་ངོས་ཀྱི་བྲག་བརྐོས་རི་མོ་དང་རྡོའི་བྲག་བརྐོས་རི་མོ་ཡིན། རྐང་ཚའི་ཚོན་ལྡན་ཕྱག་རྒྱའི་བྲག་བརྐོས་རི་མོས་མཚོ་སྔོན་མངའ་ཁོངས་སུ་ཕ་བོང(བྲག་སྤྱིལ)བྲག་བསྐོས་རི་མོ་མེད་པའི་སྟོང་ཆ་བསྐངས་ཡོད་པ་དང་། མཚོ་སྔོན་གྱི་བྲག་བརྐོས་རི་མོ་ནི་རྒྱུན་དུ་རྡོ་བརྐོས་དང་། བརྡར་ཐབས། སྐུད་བརྐོས་བཅས་ཀྱི་ཐབས་ལ་བརྟེན་ནས་བྲག་བརྐོས་རི་མོ་བྲིས་ཡོད། ད་ཐེངས་ཤེས་རྟོགས་བྱུང་བའི་ཚོན་ལྡན་བྲག་བརྐོས་རི་མོ་ལས་མཚོ་སྔོན་ས་ཁོངས་ནང་ཚོན་རིས་མེད་པའི་བྲག་བརྐོས་རི་མོའི་སྟོང་ཆ་བསྐངས་ཡོད། མཚོ་བོད་མཐོ་སྒང་གི་བྲག་བརྐོས་རི་མོ་ལས་སྲོག་ཆགས་ཀྱི་རི་མོ་ནི་འབུར་དུ་ཐོན་པའི་ཁྱད་ཆོས་ཡིན། དེའི་ནང་འབྲི་གཡག་དང་། ཤྭ་བ། གླག་བཅས་ནི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྲོག་ཆགས་ཀྱི་རི་མོ་ཞིག་ཡིན་པ་དང་། རྐང་ཚའི་ཕྱག་རྒྱའི་བྲག་བསྐོས་རི་མོ་ཤེས་རྟོགས་བྱུང་བ་དེས་མཚོ་བོད་ས་མཐོར་ཕྱག་རྒྱའི་བྲག་བསྐོས་རི་མོ་མེད་པའི་སྟོང་ཆ་བསྐངས་ཡོད།
རྐང་ཚའི་ཚོན་ལྡན་ཕྱག་རྒྱའི་བྲག་བསྐོས་རི་མོ་རྙེད་པ་དེས། མཚོ་སྔོན་གྱི་བྲག་བརྐོས་རི་མོའི་སྟོང་ཆ་གསུམ་ཁ་བསྐངས་ཡོད་པར་མ་ཟད། མཚོ་སྔོན་གྱི་བྲག་བརྐོས་རི་མོའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། མཚོ་བོད་ས་མཐོའི་ལོ་རྒྱུས་གོང་གི(史前)སྒྱུ་རྩལ་བྲག་བརྐོས་རི་མོར་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་གསར་པ་བསྣན་ཡོད་པ་དང་། རིག་གཞུང་ཞིབ་འཇུག་གི་རིན་ཐང་ཧ་ཅང་གལ་ཆེན་ལྡན།
འབྲེལ་ཡོད་འོས་སྦྱོར།