logo

༄༅།།ཡུལ་ཤུལ་དུ་སྐར་རྡོ་ཞིག་ལྷུང་བ་ཅི་ཡིན་ནམ། ད་དུང་དེ་འདྲ་འབྱུང་ངམ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2020-12-25 ཀློག་གྲངས།:

      ཟླ12པའི་ཚེས23ཉིན། དྲ་གྲོགས་ཤིག་གིས་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་ཁོངས་སུ་སྐར་རྡོ་ལྷུང་བ་དང་འདྲ་བའི་གནས་ཚུལ་ཞིག་འདུག་ཅེས་བསྒྲགས་པ་རེད།
      སོ་ལྟའི་བརྙན་ལམ་དུ་གསལ་བ་ལྟར་ན། སྒྲ་ཆེན་པོ་ཞིག་གྲགས་པ་དང་བསྟུན་ནས། ནམ་མཁའ་ནས་མེ་ཕུང་ཞིག་རྒྱུ་བ་རེད།

འདྲ་པར་དྲ་བ་ལས་དྲངས།

      ས་གནས་དེ་གའི་སྤྱི་བདེ་ཅུའུ་ཡི་ལས་དོན་མི་སྣ་ཞིག་གིས་རྒྱུས་མེད་ཀྱི་དངོས་པོ་ཞིག་འཕུར་ཡོང་བཞིན་པ་མཐོང་བ་ན། ངོ་མ་ཡ་མཚར་བ་ཞིག་རེད་ཅེས་བཤད།

འདྲ་པར་དྲ་བ་སོ་སོ་ལས་དྲངས།

      ཚེས23ཉིན་གྱི་ཆུ་ཚོད18:00སྐབས་ཙམ་ལ། ཀྲུང་གོའི་ས་ཡོམ་དྲ་བ་ཡིས་འཕྲལ་མར་མཚོ་སྔོན་ས་ཡོམ་དྲ་བ་ཡིས་དོན་དག་འདི་ཟིན་ཐོར་བཀོད་ཡོད་པ་དང་། མེ་ཕུང་དེ་ས་ཐོག་ཏུ་ལྷུང་དུས་ནི་ཆུ་ཚོད7དང་སྐར་མ25ཡི་སྐབས་རེད་ཅེས་མྱུར་འཕྲིན་སྤེལ་བ་རེད།


      རྒྱལ་ཁབ་མཁའ་དབྱིངས་གནས་གཤིས་ལྟ་ཞིབ་སྔོན་བརྡ་ལྟེ་གནས་ཀྱིས་དོན་དག་འདི་གསལ་བཤད་བྱས་པ་སྟེ། སྐར་རྡོའི་མེ་ཕུང་དེ་མར་ལྷུང་དུས། རླུང་ཁམས་ཆེན་མོ་དང་གཙུབ་བརྡར་ཆེན་པོ་བྱུང་བའི་དུས་ཚོད་ལ་བལྟས་ན། སའི་གོ་ལའི་ཕྱི་རོལ་ནས་ཐོན་པའི་དངོས་པོ་འདི་ཕལ་ཆེར་ཅུང་ཆེན་པོ་ཞིག་ཡིན་པ་འདྲ། ཉུང་མཐའ་ཡང2013ལོར་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཁྲེ་ལི་ཨ་པིན་སི་ཁ་ཡ(车里雅宾斯克 Chelyabinskaya)ས་ཁུལ་དུ་བྱུང་བའི་སྐར་རྡོ་དང་འདྲ་པོ་རེད། 
      མིག་སྔའི་གནས་ཚུལ་ལ་བལྟས་ན། འདི་ནི་འཇིག་རྟེན་འཕུར་གྲུ་སོགས་མཁའ་དབྱིངས་སུ་ཡོད་པའི་མིས་བཟོས་གད་སྙིགས་རླུང་ཁམས་ཆེན་མོ་རུ་ལྷུང་བ་མ་རེད། དངོས་པོ་འདི་མར་ལྷུང་དུས་ཀྱི་འགྲོས་ཚད་མྱུར་བ་དང་རྒྱུན་མཐུད་དུས་ཡུན་རིང་བ། སར་ལྷུང་དུས་ཀྱི་འོད་ཧ་ཅང་ཆེ་བ་སོགས་ལ་གཞིགས་ན། འདི་ནི་སའི་གོ་ལའི་ཕྱི་རོལ་གྱི་དངོས་པོ་ཞིག་རླུང་ཁམས་ཆེན་མོར་ལྷུང་རྗེས་གྲུབ་པའི་སྐར་རྡོའི་མེ་ཕུང་ཞིག་ཡིན་ལ། སར་ལྷུང་དུས་ཀྱི་མེ་འོད་ཧ་ཅང་ཆེ་བ་ལས་དངོས་པོ་འདི་ད་དུང་འབར་ནས་ཚར་མེད་པ་རེད། ཚོད་དཔག་བྱས་ན། ད་དུང་སྐར་རྡོ་མང་པོ་ས་ངོས་སུ་ལྷུང་ཉེན་ཡོད་པ་རེད།
      དྲང་མོར་བཤད་ན། ཉིན་རེ་ལའང་སའི་གོ་ལའི་ཕྱི་རོལ་གྱི་དངོས་པོ་མང་པོ་རླུང་ཁམས་ཆེན་མོའི་ནང་དུ་ལྷུང་བཞིན་ཡོད་ལ། དེའི་གྲངས་ཀ་ནི་ཏུན་བཅུ་ཕྲག་བྱས་ནས་བརྩིས་ཆོག དེ་དག་གི་ཁྲོད་དུ་རྒྱུ་སྐར་ཆུང་ཆུང་དང་སྐར་མ་མཇུག་རིང་། འཇིག་རྟེན་འཕུར་གྲུའི་ལྷུ་ལག་རྙིང་བ་སོགས་ཡོད། ཡིན་ནའང་། མར་ལྷུང་བའི་དངོས་པོ་མང་ཤོས་ནི་བོངས་ཚད་ཆུང་བ་དང་འགྲོས་ཚད་མྱུར་བ་སོགས་ཀྱི་དབང་གིས། ས་ངོས་ལ་ཐོན་དུས་འབར་ནས་ཚར་ཏེ་མི་མཐོང་བར་གྱུར་ཡོད། 
འབྲེལ་ཡོད་འོས་སྦྱོར།