logo

༄༅།།ངོ་མཚར་རྨད་དུ་བྱུང་བའི་མཚོ་སྔོན་གྱི་ཚོན་ལྡན་རྫ་ཆས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2021-01-13 ཀློག་གྲངས།:
བྲོ་འཁྲབ་པའི་རི་མོ་ཡོད་པའི་རྫ་སྣོད། ལོ་ཟླའི་གྲུ་ཟུར་ཞེས་པས་པར་བླངས།
      མདོ་དབུས་མཐོ་སྒང་གི་ཤར་བྱང་རྒྱུད་དུ་ཡོད་པའི་མཚོ་སྔོན་ཞེས་པའི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཆ་འདི་ནས། གྲངས་ཀ་མང་ལ་རྣམ་པ་སྣ་ཚོགས་ཀྱི་ཚོན་ལྡན་རྫ་ཆས་སྔོག་རྙེད་བྱུང་དོན་ཅི་ཡིན་ནམ། 
རྨ་ཙོང་གཙང་རོང་གི་ས་ཆ། པར་རིས་ས་བབ་ལས་འཛམ་གླིང་ལ་ལྟ་བ་ཞེས་པ་ལས་དྲངས།
      གཅིག ཙོང་ཆུ་སྔོན་མོས་བསྐྲུན་པའི་ངོ་མཚར།
      “རྨ་ཙོང”ཞེས་པའི་མིང་འདི་ནི་དེང་གི་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུ་དང་ཙོང་ཆུ་གཉིས་ཀྱི་བཞུར་ཁོངས་བར་གྱི་ས་ཆ་ལ་གོ་ཞིང་། རྒྱའི་ལོ་རྒྱུས་ཡིག་ཚང་《ཧན་རྒྱལ་རབས་ཕྱི་མའི་ལོ་རྒྱུས་ཀྱི་ནུབ་ཆཱང་གི་སྐོར་》ཞེས་པ་རུ། རྨ་ཙོང་ས་ཆ་ན། འབྲུ་རིགས་སྣ་ལྔ་ཉུང་། གཅན་གཟན་རི་དྭགས་མང་། རྔོན་པའི་ལས་ནི་གཙོ་ཞེས་བཀོད་ཡོད། ཙོང་ཆུ་འདི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཆེན་པོ་ཞིག་ཡིན་པའི་ཆ་ནས། མདོ་དབུས་མཐོ་སྒང་ནས་ས་སེར་མཐོ་སྒང་ལ་བརྒལ་བའི་བར་དུ། གཙང་རོང་གི་ས་ཆ་ཆེན་པོ་ཞིག་བསྐྲུན་ཡོད་ཅིང་། ས་ཁུལ་འདི་ནི་འབྲོག་གི་ཕྱུགས་ཟོག་འཚོ་སྐྱོང་དང་རོང་གི་ཞིང་ལས་ཐོན་སྐྱེད་གཉིས་ཀར་ཧ་ཅང་འཚམ་པ་ཡིན།
གནའ་ཤུལ་ནང་རོལ་གྱི་རྣམ་པ། ཁུང་ཀྲི་ཞང་གིས་པར་བླངས།
      རྨ་ཙོང་ས་ཁུལ་གྱི་རང་བྱུང་གནས་བབ་ཧ་ཅང་ལེགས་སྟབས། སྔ་གཞུག་ཏུ་མ་ཅཱ་ཡའོ་མི་དང་ཆི་ཅཱ་མི། ཁ་ཡའེ་མི། ཞིན་ཏན་མི། ཆཱང་མི། རྒྱ་མི། ཞན་པེ་མི། ཐུ་ཡུ་ཧོན་མི། བོད་མི། ལྡོང་མི་སོགས་ཀྱི་མི་དམངས་ས་ཆ་འདི་ནས་འཚོ་སྡོད་བྱས་མྱོང་བར་མ་ཟད། རྨ་ཆུ་དང་ཙོང་ཆུའི་ངོགས་གཉིས་ཀྱི་ས་འདམ་འདི་ཡང་། མེས་པོ་གོང་མ་རྣམས་ཀྱི“རྒྱུ་ནོར”ལྟ་བུར་གྱུར་ནས་ཚོན་མདོག་སྣ་ལྔ་དང་རྣམ་པ་སྣ་ཚོགས་ཀྱི་རྫ་ཆས་མང་པོ་བཟོས་ཏེ་རིན་ཐང་བྲལ་བའི་སྒྱུ་རྩལ་གྱི་མཛོད་ཅིག་བསྐྲུན་ཡོད།
བཤམས་མཛོད་ཁང་དུ་ཉར་བའི་ཚོན་ལྡན་རྫ་ཆས། པར་རིས་གྲོ་ཚང་སྐུད་ཐོག་ཅེས་པ་ལས་དྲངས།
      གཉིས། ཚོན་ལྡན་རྫ་ཆས་ཀྱིས་གཏམས་པའི་བང་མཛོད།
      1923ལོ་ནས་བཟུང་། མཚོ་སྔོན་ནས་སྔ་གཞུག་ཏུ་གནའ་བོའི་དུས་སྐབས་ཀྱི་རིག་གནས་རྣམ་པ་མི་འདྲ་བའི་སྐབས་ཀྱི་ཚོན་ལྡན་རྫ་ཆས་མང་དུ་རྙེད་པ་དང་། གནའ་ཤུལ་འདི་དག་གི་ཁྲོད་ནས་ལྕང་ཁུག་(柳湾)ཅེས་པའི་ས་ཆ་འདི་ལ“ཚོན་ལྡན་རྫ་ཆས་ཀྱི་ཕ་ས”ཞེས་པའི་མིང་ཐོགས་ཡོད།
ལྕང་ཁུག་སྡེ་བ། ཁུང་ཀྲི་ཞང་གིས་པར་བླངས།
      ལྕང་ཁུག་ཅེས་པའི་ཙོང་ཆུའི་བཞུར་ཁོངས་ཀྱི་སྡེ་བ་འདི་ནས་རྡོ་ཆས་གསར་མའི་དུས་རབས་ནས་འཁར་བའི་དུས་རབས་(青铜时代)བར་གྱི་བང་སོ་1500ལྷག་སྔོག་འདོན་བྱུང་བ་དང་། དེ་དག་ནས་རྫ་ཆས་ཆིག་ཁྲི་ལྷག་རྙེད་སྟབས། འཛམ་གླིང་ལ་སྐད་གྲགས་ཆོད་པར་གྱུར་ཡོད།
ལྕང་ཁུག་སྡེ་བ་ནས་རྙེད་པའི་ཚོན་ལྡན་རྫ་ཆས། མཱ་ལེན་གྱིས་པར་བླངས།
      ས་གནས་གཅིག་ཏུ་ཚོན་ལྡན་རྫ་ཆས་ཆིག་ཁྲི་ལྷག་སྔོག་རྙེད་བྱུང་བའི་དོན་དག་འདི་འདྲ་ནི་འཛམ་གླིང་ཡོངས་ལ་བལྟས་ནའང་། ཧ་ཅང་དཀོན་པ་རེད། དེའི་མི་ཚད། ལྕང་ཁུག་ཅེས་པ་འདི་ནི་མིག་སྔའི་བར་དུ་ཀྲུང་གོའི་ཁོངས་གཏོགས་སུ་རིགས་རྒྱུད་སྤྱི་ཡི་བང་སོ་ཆེས་ཆེ་བ་རྙེད་པའི་ཡུལ་དང་ཀྲུང་གོའི་གདོད་མའི་སྤྱི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་ཁྲོད་ཀྱི་བང་སོ་སྔོག་རྙེད་བྱུང་བ་ཆེས་མང་བའི་ས་ཆ་ཞིག་ཀྱང་རེད།
ལྕང་ཁུག་གི་ཚོན་ལྡན་རྫ་ཆས། མཱ་ལེན་གྱིས་པར་བླངས།
      ཆེད་མཁས་པ་རྣམས་ཀྱིས་ལྕང་ཁུག་ནས་རྙེད་པའི་ཚོན་ལྡན་རྫ་ཆས་ཡོངས་ལ་སྐབས་བསྟུན་མཛོད་ཁང་10ཙམ་གྲ་སྒྲིག་བྱས་ཡོད་ནའང་། ད་དུང་སྔར་བཞིན་འཚང་ཁ་རྒྱག་པའི་ཚོར་བ་ཞིག་སྟེར། རྫ་ཆས་ཀྱི་རྣམ་པ་སྣ་ཚོགས་ལ་དཔེ་རིས་ངོ་མཚར་བ། གྲངས་ཀ་མང་བ་བཅས་ནས་གནའ་བོའི་རྫ་ཆས་ཀྱིས་གཏམས་པའི་བང་མཛོད་ཅིག་ཏུ་སླེབས་པ་དང་མཚུངས།
ལྕང་ཁུག་ཚོན་ལྡན་རྫ་ཆས་ཀྱི་བཤམས་མཛོད་ཁང་། མཱ་ལེན་གྱིས་པར་བླངས།
      གསུམ། རྨ་ཙོང་ས་ཆ་ནས་འཛམ་གླིང་ལ་བསྐྱོད་པ།
      ལྕང་ཁུག་ཚོན་ལྡན་རྫ་ཆས་ཀྱི་བཤམས་མཛོད་ཁང་ནི་རིག་དངོས་དེ་དག་གི“སྡོད་གནས་གསར་བ”ལ་གྱུར་ཡོད་ཅིང་། བཤམས་མཛོད་ཁང་གི་བཟོ་བཀོད་ཀྱང་རྨ་ཙོང་གཙང་རོང་ཆེན་མོ་ནས་ཐོན་པའི་ཚོན་ལྡན་རྫ་ཆས་ཀྱི་རྣམ་པ་དང་དཔེ་རིས་ལ་གཞི་བྱས་ནས་བསྐྲུན་ཡོད་ལ། འདི་རུ་མཱ་ཁྲང་(马厂)དང་ཆི་ཅཱ་(齐家)སོགས་རིག་གནས་ཀྱི་དཔེ་སྟོན་བང་སོའང་བསྐྱར་བཟོ་བྱས་ཡོད་སྟབས། འདི་ནི་མཚོ་སྔོན་གྱིས་འཛམ་གླིང་ལ་ཚོན་ལྡན་རྫ་ཆས་ངོམ་སྟོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད།
ཚོན་ལྡན་རྫ་ཆས་ཐོག་གི་རི་མོ། མཱ་ལེན་གྱིས་པར་བླངས།
      ད་ལྟར། རྫ་ཆས་ཁྲི་3.8ལྷག་བཤམས་མཛོད་ཁང་འདི་དང་མཛོད་ཁང་5ཡི་ནང་དུ་ཉར་ཚགས་བྱས་ཡོད་པ་རེད།
      ཡིན་ནའང་། རྫ་ཆས་འདི་དག་གི་བདག་པོ་ངོ་མ་སུ་ཡིན་ནམ། རྫ་ཆས་ཐོག་གི་རི་མོ་རྣམས་ཀྱིས་ཅི་ཞིག་མཚོན་ནམ། འདྲ་གཟུགས་ཡི་གེ་ལྟ་བུའི་རི་མོ་དེ་དག་གིས་གཏམ་རྒྱུད་ཅི་འདྲ་ཞིག་བརྗོད་བཞིན་ཡོད་དམ།
      དྲི་བ་འདི་དག་ལ། ད་དུང་ལན་གསལ་པོ་ཞིག་མེད་ཀྱང་། ལྕང་ཁུག་ཚོན་ལྡན་རྫ་ཆས་ཀྱི་ངོ་མཚར་ནི་སྔར་བཞིན་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་ཀྱི་ཡིད་དབང་འཕྲོག་ཤུགས་ཤིག་ཏུ་གྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།