༄༅།།སྤྲེ་ནག་ཞང་གི“ཐེབ་རྒྱའི་རྒྱལ་མཁར”ནས་གསར་རྙེད་ཆེན་པོ་བྱུང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2021-01-27
ཀློག་གྲངས།:
ཐེབ་རྒྱའི་རྒྱལ་མཁར་གྱི་ས་རིས་རྣམ་པ།
2021ལོའི་ཟླ1པའི་ཚེས18ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གནས་ཤུལ་བཞག་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གཉིས་ལས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྲེ་ནག་ཞང་གི་ཐེབ་རྒྱའི་རྒྱལ་མཁར(吐谷浑伏俟城)ལ་གསོར་འབིགས་རྩད་ཞིབ(钻探调查)བྱས་པའི་སྙན་ཞུ་བསྒྲགས་པ་རེད། ཆེད་མཁས་པས་བཤད་ན། ཐེངས་འདིའི་རྩད་ཞིབ་ཏུ་རྫ་ལེབ་དང་རྫ་ཆས་ཀྱི་དུམ་བུ་མང་པོ་རྙེད་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། འདི་ནི་ཐེབ་རྒྱའི་རྒྱལ་མཁར་ནས་ལོ་མང་རིང་ལ་བྱུང་མ་མྱོང་བའི་ཐོད་རྒལ་རང་བཞིན་གྱི་གསར་རྙེད་ཆེན་པོ་ཞིག་ཀྱང་རེད།
གསར་རྙེད་བྱུང་བའི་ཡི་གེ་ཡོད་པའི་རྫ་ལེབ།
ར་སྤྲོད་བྱས་པར་གཞིགས་ན། “伏俟”ཞེས་པ་ནི་ཞན་པེའི་རིགས་ཀྱི་སྐད་ཡིན་ལ། དོན་དུ“རྒྱལ་པོའི་མཁར”ཞེས་པ་དང་། 2019ལོའི་ཟླ10བའི་ཚེས7ཉིན་ལ། ཐེབ་རྒྱའི་རྒྱལ་མཁར་གྱི་ཤུལ་རྗེས་འདི་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་མིང་ཐོ་ཐེངས་བརྒྱད་པའི་ནང་ལ་ཚུད་པ་རེད། ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གནས་ཤུལ་བཞག་སློབ་གླིང་གི་ཞིབ་འཇུག་པ་ལིའུ་ཝེ་ཕེང(刘卫鹏)གིས་མཚམས་སྦྱོར་བྱས་ན། 2018ལོའི་ཟླ7པ་ནས9བའི་བར་དང2020ལོའི་ཟླ7པ་ནས8པའི་བར་གྱི་ཐེངས་གཉིས་ལ། དར་གོས་འགྲུལ་ལམ་གྱི་ཨེ་ཤ་ཡ་ལྷོ་མའི་ཁྱམས་ར་ཡི་མཚོ་སྔོན་ལམ་དུམ་འདི་གཟུགས་འདས་རིག་གནས་ཤུལ་བཞག་ལ་རེ་ཞུ་བྱེད་པའི་བྱ་བར་རོགས་འདེགས་བྱ་ཆེད། གནའ་རྫས་རྟོག་ཞིབ་མི་སྣ་ཡིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྲེ་ནག་ཞང་གི་ཐེབ་རྒྱའི་རྒྱལ་མཁར་ལ་གཞི་རྒྱ་ཆེ་བའི་གསོར་འབིགས་རྩད་ཞིབ་ཀྱི་བྱ་བ་བསྒྲུབས་པ་རེད།
གསར་རྙེད་བྱུང་བའི་ཡི་གེ་ཡོད་པའི་རྫ་ལེབ།
ལོ་གཉིས་རིང་ལ་རྩད་ཞིབ་བྱས་མཐར། གནའ་རྫས་རྟོག་ཞིབ་མི་སྣ་ཡིས་ཐེབ་རྒྱའི་རྒྱལ་མཁར་ནང་གི་འཛུགས་སྐྲུན་བཀོད་པ་ལ་རྒྱུས་ལོན་ཞིབ་ཆ་ཐོན་པར་མ་ཟད། ད་དུང་རྒྱལ་མཁར་ཕྱི་ཡི་བྱང་ངོས་ཀྱི་རྩིག་གྱང་དང་མཁར་སྒོ་གཉིས་རྙེད་ནས་གཏན་འཁེལ་བྱས་ལ། མཁར་ཕྱིའི་ལྷོ་རྒྱུད་ནས་སྡོད་ཁང་གི་ཤུལ་རྗེས་དང་ཐལ་དོང་ཞིག་དང་། མཁར་ཕྱིའི་ཤར་དང་བྱང་། ནུབ་བཅས་ཀྱི་ཕྱོགས་གསུམ་ནས་མཁར་ཤུལ་བཞི། ས་བརྩིགས་སོ་ཁང་ལྔ། མི་བཟོས་སོ་ཁང་གཅིག སྡོད་ཁང་གི་ཤུལ་རྗེས་གཅིག་བཅས་རྙེད་པ་རེད།
ཐུ་ལུ་ཧུན་ཐེབ་རྒྱའི་རྒྱལ་མཁར་ནང་གི་རྣམ་པ།
གསོར་འབིགས་རྩད་ཞིབ་དང་ཤུལ་དངོས་ལོ་བརྟག་གི་ཐབས་ཤེས་གཉིས་ལ་བརྟེན་ནས། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྲེ་ནག་ཞང་གི་ཐེབ་རྒྱའི་རྒྱལ་མཁར་ནི་ཐུ་ལུ་ཧུན་གྱི་རྒྱལ་པོའི་མཁར་ཡིན་པ་གཏན་འཁེལ་བྱུང་ལ། དེ་ནི་རྒྱ་ནག་གི་ལྷོ་བྱང་རྒྱལ་རབས(南北朝)ཀྱི་སྐབས་ནས་སུའེ་དང་ཐང་རྒྱལ་རབས་ཀྱི་སྟོད(隋和唐初)བར་དུ་བརྒྱུད་ཡོད་ཅིང་། སུང་རྒྱལ་རབས་ཀྱིས་རྒྱལ་པོའི་མཁར་འདི་བེད་སྤྱོད་དང་ཞིག་གསོ་བྱས་པ་རེད། འདི་ལས་ལོ་རྒྱུས་ཡིག་ཚགས་ཀྱི་ནང་དོན་ལ་ཁ་གསབ་དང་ར་སྤྲོད་བྱས་པ་རེད།གནའ་རྫས་རྟོག་ཞིབ་མི་སྣ་ཡིས་ཐེངས་འདིའི་རྟོག་ཞིབ་གྲུབ་འབྲས་ནི་ཐུ་ལུ་ཧུན་གྱི་རྒྱལ་པོའི་མཁར་ནས་ལོ་མང་རིང་ལ་བྱུང་མ་མྱོང་བའི་གསར་རྙེད་ཆེན་པོ་ཞིག་ཡིན་ལ། འདི་ནི་རྒྱའི་ལྷོ་བྱང་རྒྱལ་རབས་དང་སུའེ་ཐང་དུས་སྐབས་ཀྱི་ཐུ་ལུ་ཧུན་གྱི་ཤུལ་དངོས་ཐེངས་དང་པོར་རྙེད་པ་དང་ངོས་འཛིན་ཐུབ་པ་རེད་ཅེས་འདོད་པ་རེད།
ཐུ་ལུ་ཧུན་ཐེབ་རྒྱའི་རྒྱལ་མཁར་གྱི་ཕྱི་ནང་གི་རྣམ་པ།
“དུས་ཡུན་རིང་པོ་ཞིག་ལ། ཐུ་ལུ་ཧུན་གྱི་དངོས་པོའི་ཤུལ་རྗེས་ལ་སྨག་རུམ་སྟུག་པོ་ཞིག་གཡོགས་ཡོད། རྒྱལ་པོའི་མཁར་གྱི་ཕྱི་ནང་དང་ཉེ་འཁོར་གྱི་ཤུལ་རྗེས་ལ་སྔོག་འདོན་བྱས་པ་ལས། རྫ་ལེབ་དང་རྫ་ཆས་ཀྱི་དུམ་བུ་མང་པོ་རྙེད་པ་དང་། དེའི་རིགས་སྣ་མང་ལ་དཔེ་རིས་ཕུན་སུམ་ཚོགས་པར་མ་ཟད། ད་དུང་རྫ་ལེབ་འགའ་ཡི་ཐོག་ན་ཡོད་པའི་ཡི་གེ་དང་རྫ་ཆས་ཐོག་གི་རྒྱན་རིས་དང་འཁྱོག་རིས་མང་པོ་ཡོད་པ་ཡིས་ཐུ་ལུ་ཧུན་གྱི་ཤུལ་དངོས་འདི་དག་ལ་ངོས་འཛིན་དང་གཏན་འཁེལ་བྱེད་པར་རྒྱུ་ཆ་ཁུངས་བཙན་འདོན་སྤྲོད་བྱས་ཡོད།” ལིའུ་ཝེ་ཕེང་གིས་བཤད་ན། ཐེངས་འདིའི་གསོར་འབིགས་རྩད་ཞིབ་ལ་གསར་རྙེད་མང་པོ་ཞིག་འདུག་པ་ལས། རྒྱལ་པོའི་མཁར་གྱི་འཛུགས་སྐྲུན་བཀོད་པ་ཡི་སྟོང་ཆ་ཁ་སྐོང་བྱས་ལ། འདི་ཡིས་ཐུ་ལུ་ཧུན་གྱི་རྒྱལ་པོའི་མཁར་ལ་སྲུང་སྐྱོབ་དང་འཆར་འགོད། ཞིབ་འཇུག་བཅས་བྱེད་པར་ཚན་རིག་གི་རྨང་གཞི་རྒྱུ་ཆ་འདོན་སྤྲོད་བྱས་པར་མ་ཟར། ད་དུང་དར་གོས་འགྲུལ་ལམ་གྱི་ཨེ་ཤ་ཡ་ལྷོ་མའི་ཁྱམས་ར་ཡི་མཚོ་སྔོན་ལམ་དུམ་འདི་གཟུགས་འདས་རིག་གནས་ཤུལ་བཞག་ལ་རེ་ཞུ་བྱེད་པའི་བྱ་བ་ལའང་གཞི་འཛིན་ས་ཆེན་པོ་ཞིག་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།