༄༅།།དུར་ལམ་གྱི་ཤེའུ་བང་སོ་དང་པོ་དང་དེའི་བདག་པོ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2021-02-03
ཀློག་གྲངས།:
གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། གནའ་རྫས་རྟོག་ཞིབ་པ་ཚོས2018ཤེའུ་བང་སོ་དང་པོའི་ནང་ནས་སྔོག་རྙེད་བྱུང་བའི་རྔ་མོང་གི་རི་མོ་དང་གནའ་བོའི་བོད་ཡིག་གི་ཡིག་རིས་ཡོད་པའི་དངུལ་ཆས་ཀྱི་ཐམ་ག་གཙང་སེལ་བྱས་པ་དང་། བོད་རིག་པའི་ཆེད་མཁས་པ་ཡིས་དེའི་ཐོག་གི་རི་མོ་དང་ཡི་གེ་སོགས་ལ་འགྲེལ་བཤད་བརྒྱབ་པ། ཏུན་ཧོང་ཡིག་རྙིང་གི་བོད་བཙན་པོའི་ལོ་རྒྱུས་ཡིག་ཆ་ལ་ཞིབ་བསྡུར་བྱས་པ་བཅས་བརྒྱུད་ནས། 2018ཤེའུ་བང་སོ་དང་པོ་འདི་ཡི་བདག་པོ་ནི་བོད་བཙན་པོས་དབང་སྒྱུར་སྐབས་འ་ཞའི་ཡུལ་གྱི་རྗེ་རིགས་ཤིག་ཡིན་ཚུལ་གཏན་འཁེལ་བྱས་པ་རེད།
ཉེ་སྔོན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་གཉིས་ཀྱིས་གཙོ་སྒྲུབ་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི2018ཤེའུ་བང་སོ་དང་པོའི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཀྱི་ཆེད་མཁས་པའི་ཚོགས་འདུའི་ཐོག་ཏུ། རྒྱལ་ནང་གི་རིག་གཞུང་སྡེ་ཁག་མི་འདྲ་བའི་ཆེད་མཁས་པ12འཛོམས་ཏེ་ཤེའུ་བང་སོ་དང་པོ་ནས་རྙེད་པའི་འབྲེལ་ཡོད་རིག་དངོས་དང་གནའ་རྫས་རྟོག་ཞིབ་ཀྱི་ཆ་འཕྲིན་ལ་དགག་སྒྲུབ་བྱས་པ་རེད།
“ཐམ་གའི་དཀྱིལ་ན་རྔ་མོང་གི་རི་མོ་ཞིག་ཡོད་ཅིང་། ལོགས་གཉིས་སུ་གནའ་བོའི་བོད་ཡིག་འདུག དོན་དུ་དབོན་(ཚ་བོ)འ་ཞ་རྗེའི་ཐམ་ག་ཞེས་པ་རེད།” བོད་ལྗོངས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཤ་བོ་མཁའ་བྱམས་ལགས་ཀྱིས་རྣམ་པ་དང་བཟོ་རྩལ་ལ་བལྟས་ན། འདི་ནི་བོད་བཙན་པོའི་སྐབས་ཀྱི་ཐམ་ག་ཞིག་རེད། ཏུན་ཧོང་ཡིག་རྙིང་དུ་ཐམ་ག་འདི་འདྲ་མང་པོ་འདུག ཐམ་གའི་དཀྱིལ་དུ་སེང་གེ་དང་བྱ། རྟ་སོགས་ཀྱི་རི་མོ་བརྐོས་འདུག་ཅེས་གསར་འགོད་པར་བཤད།
“བོད་བཙན་པོའི་སྐབས་སུ། ཐུ་ལུ་ཧུན་ལ‘འ་ཞ’ཞེས་འབོད། འ་ཞ་ལ་དབང་སྒྱུར་ཆེད། བོད་བཙན་པོས་འ་ཞའི་རྗེ་པོ་དང་གཉེན་གྱི་འབྲེལ་བ་བཙུགས་ནས་དབོན་ཞང་གི་འབྲེལ་བར་གྱུར་ཡོད།” ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་རྫས་རྟོག་ཞིབ་ཁང་གི་ཞིབ་འཇུག་པ་གཞོན་པ་ཧན་ཅན་ཧྭ་ཡིས་བང་སོ་ནས་ཐོན་པའི་གསེར་ཆས་དང་དར་གོས་ཀྱི་དངོས་པོ་སོགས་ལ་གཞིགས་པ་དང་། ཤུག་པའི་ལོ་ཚད་ལ་བརྟག་པ་གཉིས་ཟུང་འབྲེལ་བྱས་ན། བང་སོ་འདི་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་ཡས་མས་(སྤྱི་ལོ་744±35)ཤིག་ལ་བསྐྲུན་པ་རེད་ཅེས་བཤད།
ཧན་ཅན་ཧྭ་ཡིས་མཚམས་སྦྱོར་བྱས་ན། ཏུན་ཧོང་ཡིག་རྙིང་གི་བོད་བཙན་པོའི་ལོ་རྒྱུས་ཡིག་ཆའི་ནང་དུ། བོད་བཙན་པོའི་སྲས་མོ་ཁྲི་སྤང་འ་ཞའི་རྗེ་ལ་མནའ་མར་ཕྱིན་པ་ལ་བུ་མའོ་ཧོ་ཐུ་ཧན་རྗེ་(莫贺吐浑可汗)སྐྱེས་ཞེས་བཀོད་ཡོད། “འདི་ནི་བང་སོའི་ནང་གི་ཤིང་ཆས་ལ་ལ་ལོ་བརྟག་བྱས་པ་དང་འཚམ་ལ། བང་སོ་ནས་ཐོན་པའི་ཀེང་རུས་ཀྱི་ལོ་ཚད་དང་ཡང་འདྲ། རིགས་འདེད་བྱས་པ་འདི་ངོ་མ་ཡིན་ན། བང་སོའི་བདག་པོ་ནི་ཕལ་ཆེར་མའོ་ཧོ་ཐུ་ཧུན་རྗེ་རེད།”
ཆུ་ཁོལ་བང་སོའི་ཚོགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཆུ་ཁོལ་ཞང་གི་ཁོངས་གཏོགས་ན་ཡོད་ལ། 1996ལོར་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུའི་ནང་གི་གཅིག་ཏུ་གྱུར་པ་དང་། ད་སྐབས་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་གཙོ་གནད་ལས་ཁུངས་ཡིན། ཆུ་ཁོལ་བང་སོའི་ཚོགས་སུ་བང་སོ་300ལྷག་ཡོད་ལ། 2018ཤེའུ་བང་སོ་དང་པོ་ནི་མིག་སྔའི་བར་དུ། མདོ་དབུས་མཐོ་སྒང་ནས་རྙེད་པའི་གྲ་མ་ཆག་གྲུ་མ་ཉམས་པར་ཡོད་པའི་བང་སོ་ཞིག་ཡིན་པ་རེད།
2018ལོ་ནས2020ལོའི་བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་རྫས་རྟོག་ཞིབ་ཁང་དང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གཉིས་ཀྱིས་མཉམ་འབྲེལ་ངང་བང་སོ་འདི་ལ་སྔོག་འདོན་བྱས་པ་དང་། མིག་སྔའི་བར་དུ། བང་སོ་ནས་གསེར་དངུལ་གྱི་ཡོ་བྱད་དང་། ལྕགས་ཆས། ཟངས་ཆས། རྩི་བྱུགས་ཤིང་ཆས། ཀོ་བ། གཡང་ཊི། ཤེལ། དར་གོས་སོགས་རིགས་དངོས་སྣ་ཚོགས1000ལྷག་ཐོན་པ་རེད།
འབྲེལ་ཡོད་འོས་སྦྱོར།