logo

པདྨ་རྫོང་དུ་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་རྟེན་གཞི་བཙུགས་པ།

རྩོམ་པ་པོ།:ཆབ་འགག་ཇོ་རུ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-07 ཀློག་གྲངས།:
        ༄༅། །མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་པདྨ་རྫོང་དུ༼གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི༽བཙུགས་པ།
        ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་གེ་སར་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་པད་མ་རྫོང་དུགེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞིགཉིས་བཙུགས་ཤིང་། པདྨ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
        རྒྱུས་ལོན་པ་ལྟར་ན། ན་ནིང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེ་སར་སྒྲུང་རབས་ཆེན་མོའི་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་རྟོག་ཞིབ་བྱས་ཏེ་དམངས་ཁྲོད་ཀྱི་གེ་སར་སྒྱུ་རྩལ་ཚོགས་པ་དང་ཁྲིད་སྦྱོང་ཁང་ལ་སོགས་པར་རྒྱུས་ལོན་གསལ་བོ་བྱས་པའི་རྨང་གཞི་སྟེང་དུ། གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཁྲོད་ཐོབ་པའི་གྲུབ་འབྲས་དང་ཐོན་པའི་ཤུགས་རྐྱེན་ལ་གཞིགས་ནས་ལྕགས་རི་ཐང་ཡུལ་ཚོ་དམངས་ཁྲོད་གེ་སར་སྒྱུ་རྩལ་ཚོགས་པ་དང་སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྩེ་གཉིས་ལགེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞིའིསྒོ་བྱང་སྤྲད།
        པད་མ་རྫོང་དུགེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞིབཙུགས་པ་དེས། ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་པདྨ་རྫོང་གི་གེ་སར་རིག་གནས་སྲུང་སྐྱོང་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་མཚོན་པ་དང་། པད་མ་རྫོང་གི་གེ་སར་རིག་གནས་སྲུང་སྐྱོང་དང་ཞིབ་འཇུག་ལ་སྐུལ་འདེད་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། གེ་སར་སྒྲུང་གི་གཟུགས་འདས་རིག་གནས་ཤུལ་བཞག་དེ་དངོས་ཡོད་འཚོ་བ་དང་འབྲེལ་རྒྱུར་སྐུལ་འདེད་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་པ། གེ་སར་སྒྲུང་གི་རིག་གནས་མཚོན་རྟགས་ལ་བརྟེན་ནས་སྣོད་བཅུད་ཡུལ་སྐོར་གྱི་སྟེགས་བུ་བསྐྲུན་ཏེ། མདོག་གསུམ་པདྨའི་གཏམ་རྒྱུད་དེ་སྔར་ལས་ངོ་མཚར་བ་དང་འཐུས་ཚང་དུ་གཏོང་བ་སོགས་ཐད་ནས་དངོས་ཡོད་ཀྱི་དོན་སྙིང་ལྡན་ནོ། །
འཕྲིན་གཏོང་བ། ཆབ་འགག་ཇོ་རུ།
འབྲེལ་ཡོད་འོས་སྦྱོར།