«སྦྲང་ཆར»དུས་དེབ་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་བཀྲ་ཤིས་རྟེན་འབྲེལ་ཞུ།
རྩོམ་པ་པོ།:
ཡོང་ཁུངས།:སྦྲང་ཆར་འཕྲིན་སྟེགས།
དུས་ཚོད།:2022-01-18
ཀློག་གྲངས།:
ལོ་ངོ40ཡི་ཁུག་སོ་ནས་བཏེགས་པའི་བཀྲ་ཤིས་ལྷ་དར།
—«སྦྲང་ཆར»སྤེལ་ནས་ལོ་འཁོར40ལོན་པར་ཕུལ་པའི་གཏམ།
«སྦྲང་ཆར»རྩོམ་སྒྲིག་ཁང་།
༢༠༢༡ལོ་ནི་རྗེས་སུ་དྲན་འོས་པ་དང་རེ་ལྟོས་འཆའ་རུང་བའི་དུས་ཀྱི་སོ་མཚམས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྤྲོ་སེམས་ཁོལ་བའི་ངང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་བགྲང་བྱ༡༠༠འགོར་བའི་དུས་སྟོན་ཁྱད་པར་ཅན་བསུས་པ་དང་ཆབས་ཅིག་ཏུ། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་ཀྱང་ལོ་འཁོར༤༠ལོན་པའི་སྐྱེས་སྐར་དང་། “སྦྲང་ཆར་རྩོམ་རིག་བྱ་དགའ”སྤེལ་ནས་སྐབས་བཅུ་པར་སོན་པའི་བཀྲ་ཤིས་སུམ་འཛོམས་ཀྱི་ཉིན་མོ་བསུ་བར་རིངས།
ལོ་ངོ༤༠ཡི་གོང་རོལ་ཏུ། བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་འཕྲིན་ལས་རླབས་པོ་ཆེ་དང་ལོ་རྒྱུས་ཀྱི་བབ་རིས་ལེགས་པོ་དེའི་བདག་རྐྱེན་ལ་བརྟེན། བོད་ཀྱི་དེང་རབས་རྩོམ་རིག་ལ་གསོན་ཤུགས་ཀྱི་བཅུད་བསྩལ་ཅིང་སྐྱེ་སྟོབས་ཀྱི་ངར་བླུད་དེ། ངེས་པ་དོན་གྱིས་ཆུ་ཞེང་གབ་པ་ལྟ་བུའི་ལྗོན་བཟང་གི་འཁྲུངས་ལྟས་དང་མཚན་མ་ཡོངས་སུ་སྨིན། ༡༩༨༡ལོའི་ཟླ༦པར། «སྦྲང་ཆར»ཞེས་པའི་མཚན་གྱི་དྭངས་མ་འདི། མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་མགོ་ཁྲིད་དང་སྔོན་བྱོན་སྐྱེས་བུ་བཀའ་དྲིན་ཅན་གྱི་བསམ་སྦྱོར། རྩོམ་པ་པོ་རྒན་དར་གཞོན་གསུམ་གཙོས་པའི་དྲི་མེད་ཀྱི་སྐུལ་སློང་དང་བླ་མེད་ཀྱི་ཐུགས་ཁུར་འོག བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཞི་བཅས་ཤིང་། དུས་རབས་ཀྱི་འཕེལ་ཕྱོགས་ལ་མིག་ལྟོས་ཏེ། རང་ཉིད་ཀྱི་ལྷག་བསམ་རྣམ་པར་དག་པས་མཚམས་སྦྱར་བའི་ཉེར་ལེན་གྱིས་གངས་ལྗོངས་རྩོམ་རིག་འཛིན་མའི་རྒྱན་དུ་བལྟམས།
ལྷག་བསམ་ཆུ་འཛིན་དབྱིངས་སུ་འཁྲིགས་པ་ལས།།
ལེགས་འོངས་རིག་གཞུང་སྦྲང་ཆར་མཐུ་དཔལ་གྱིས།།
རིག་པ་ལོ་ཏོག་གསར་བའི་དཔལ་རྒྱས་ནས།།
སྐྱེ་དགུའི་གདུང་བ་ལྷག་མེད་གཞོམ་གྱུར་ཅིག།
ལེགས་འོངས་རིག་གཞུང་སྦྲང་ཆར་མཐུ་དཔལ་གྱིས།།
རིག་པ་ལོ་ཏོག་གསར་བའི་དཔལ་རྒྱས་ནས།།
སྐྱེ་དགུའི་གདུང་བ་ལྷག་མེད་གཞོམ་གྱུར་ཅིག།
ཅེས་པ་ནི་སྙིགས་དུས་ཀྱི་མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་དུས་དེབ་གསར་སྐྲུན་ལ་ཕུལ་པའི་སྨོན་ཚིག་བུང་བ་རྒན་པོའི་གཤོག་སྒྲ་ཞེས་པ་ལས་བར་སྐབས་ཀྱི་ཚིགས་བཅད་དུ་དྲངས་པའོ། །
དེ་ཡང«སྦྲང་ཆར»སྤྱིའི་དེབ་གྲངས་དང་པོར་འཁོད་པའི་སྒྲིག་པ་པོའི་གཏམ་དུ། “ཚན་རིག་རིག་གནས་ཀྱི་ཤེས་བྱ་བརྒྱུད་བསྒྲགས་བྱེད་རྒྱུ་དང་རྒྱ་ཆེའི་ཀློག་པ་པོའི་བསམ་པའི་རིག་གནས་ལོངས་སྤྱོད་ཕུན་སུམ་ཚོགས་པར་གཏོང་བ། བོད་ཀྱི་རིག་གནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱེད་པ། ‘ཅན་བཞི’ལ་ཞབས་འདེགས་བྱེད་པ་བཅས་ནི་དུས་དེབ་འདི་ཉིད་ཀྱི་དམིགས་ཡུལ་ཡིན། མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་མཛུབ་སྟོན་འོག དུས་དེབ་འདིས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་། མི་རིགས་རང་གི་ཡི་གེས་རྩོམ་འབྲི་བ་གཙོར་བཟུང་བྱེད་པ་དང་ཁྱབ་གདལ་དུ་གཏོང་བ་གཙོར་བཟུང་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱེད་རྒྱུ་ཡིན། དུས་དེབ་འདིས་བསམ་པའི་རང་བཞིན་དང་། ཤེས་བྱའི་རང་བཞིན། ཡིད་འགུག་གི་རང་བཞིན་སྦྲགས་འབྲེལ་འོས་འཚམ་ཞིག་ཡོང་བར་མཐོང་ཆེན་བྱས་ནས། རྩོམ་རིག་སྒྱུ་རྩལ་ལ་དགའ་བ་རྣམས་ཀྱི་དགོས་མཁོ་སྐོང་བར་མ་ཟད། ཕྱོགས་གང་ཅིའི་ཐད་ཀྱི་ཀློག་པ་པོ་རང་རང་དགའ་བའི་ཤེས་བྱ་མཁོ་སྤྲོད་བྱེད་ཐུབ་པར་ཡང་འབད་རྒྱུ་ཡིན”ཞེས་པ་ལྟར། ཐོག་མའི་རྩ་དོན་དང་དམིགས་ཡུལ་མ་ནོར་བའི་སྟེང་། ལོ་ངོ༤༠ཡི་རིང་ལ། དུས་དང་རྣམ་པ་ཀུན་ཏུ་རྒྱ་ཆེའི་ཀློག་པ་པོ་དང་རྩོམ་པ་པོ། རྩོམ་རིག་དོན་གཉེར་ཅན་རྣམས་དང་མཐུན་སྒྲིལ་གྱི་མདུད་པ་གཤགས་ཤིང་། བརྩོན་འགྲུས་ཀྱི་གོ་ཆ་བགོས་ནས་ལམ་ཞུགས་ཀྱི་རྣམ་ཐར་བསྐྱངས་དང་སྐྱོང་བཞིན་འོངས་པ་ཡིན། དེར་མ་ཟད། བོད་ཀྱི་དེང་རབས་རྩོམ་རིག་དང་དུས་རབས་ཀྱི་གོམ་འགྲོས་གཉིས་མཉམ་དུ་གཤིབ་ཅིང་། མདུན་སྐྱོད་ཀྱི་རྡོག་སྒྲ་རྣ་བར་སྙན་པ་དག་ཡི་གེའི་གཟུགས་སུ་ཕབ་དང་འབེབས་བཞིན་འོངས་པ་ཡིན། སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་བུ་རིང་མོར། མང་ཚོགས་ཀྱི་དཀའ་སྤྱད་ཁུར་ཐེག་དང་འཚོ་བ་ཡི་སྐྱིད་སྡུག་སྣ་ཚོགས། དངོས་ཡོད་ཀྱི་ཉམས་འགྱུར་མ་ལུས་རྩོམ་རིག་གི་དྲན་ཐོར་བཀོད་དང་འགོད་བཞིན་འོངས་པ་ཡིན། དེ་ལྟ་བས་ན། ཕྱིས་འབྱུང་གི་དུས་དང་སྐབས་གང་རུང་དུའང་ཕྱིར་མི་ལྡོག་པའི་དམ་བཅའ་ཡིད་ལ་བཅགས་ཏེ་ལམ་གྱི་རིམ་པ་སོ་སོར་ཞུགས་དང་འཇུག་ངེས་སོ། །
«སྦྲང་ཆར»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ལྷན་རྒྱས།
ལོ་ངོ༤༠ཡི་རིང་ལ། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་རྩོམ་པ་པོ་རྒན་གྲས་དག་དང་རྡོག་རྩ་གཅིག་སྒྲིལ་སྒོས། དར་མ་རྣམས་དང་སེམས་ངོ་འཕྲོད་ཐབས་ངང་། གཞོན་པ་རྣམས་ལ་སྐྱོར་མ་འདེགས་ནུས་ཀྱིས། སྨྱུག་ཐོགས་པ་ཡོངས་འཚོ་བའི་གཏིང་མཐར་འཇུག་སྐྱེན་པ་དང་སྐབས་བབ་ཀྱི་འཕེལ་འགྱུར་ལ་རྫི་གསང་དོད་པར་སྐུལ་ལྕག་ཡང་ཡང་བྲན་ཏེ། མཐའ་ཡས་པའི་བོད་འབྲེལ་ས་ཁུལ་གྱི་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འཕྲིན་བཟང་རབ་དང་རིམ་པ་སོར་མོའི་འདུ་བྱེད་ཀྱི་རྩལ་དུ་སྤྲུག་པར་བཅོལ་བ་ཡིན་ལ། རྩོམ་རིག་གི་ལྟ་གྲུབ་དང་མཐའ་དཔྱོད་སྣ་སྣེ་མོར་འབྲེལ་འཇོག་པ་དང་། རྩོམ་རིག་སྒྱུ་རྩལ་གྱི་བགྱི་བ་མཐའ་དག་ལེགས་ཚོགས་ཀྱི་ལམ་དུ་བཀྲི་བར་ཡང་ནན་ཏུར་གྱིས་གདམས་པ་ལགས། གཞན་ཡང་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་ཤེས་བྱ་དང་བརྩམས་ཆོས་ཅི་རིགས་ལོ་ཙཱ་དང་མཚམས་སྦྱར་བར་བརྟེན། རྩོམ་པ་པོ་ཆེ་མ་ཆུང་གསུམ་གྱི་བློ་སྦྱོང་དང་མིག་རྒྱ་བསྐྱེད་པར་སྲི་ཞུ་གང་ལེགས་བསྒྲུབས་ཤིང་སྒྲུབ་བཞིན་འོངས་པ་ཡིན།
ལོ་ངོ༤༠འདས་མཚམས་ཀྱི་དུས་ད་ལྟའི་བར།«སྦྲང་ཆར»སྤྱིའི་དེབ་གྲངས༡༦༣སྤེལ་པ་དང་། རྩོམ་པ་པོ༡༢༥༣གྱི་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས༤༩༡༣བཀོད་པ་ལས། རྩོམ་ཡིག་བརྒྱ་ཕྲག་ལྷག་སློབ་གྲྭ་ཆེ་འབྲིང་ཁག་གི་བསླབ་གཞིར་བདམས་ཏེ་ངག་གི་མེ་ལོང་ཐོབ་པའི་ཕྱག་རྗེས་ཁོ་ནར་སྨིན། ལོ་ངོ༤༠ཡི་རིང་། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་གསོ་སྦྱོང་འཛིན་གྲྭ་དང་ཡུལ་དངོས་རྩོམ་སྒྲིག བགྲོ་གླེང་ཚོགས་འདུ་སོགས་ཐེངས༣༠ལྷག་ལ་སྤེལ་པ་དང་། རྩོམ་རིག་གཞུང་ལུགས་སྨྲ་བ་དང་རྩོམ་སྒྲིག་པ་ཉམས་མྱོང་ཅན། རིགས་གཅིག་མཁས་པ་བཅས་གདན་དྲངས་ཏེ། ཚོགས་ཞུགས་རྩོམ་པ་པོ་རྣམས་ལ་གདམས་ངག་ཤིན་ཏུ་སྨར་བ་དག་མི་མཁྱུད་མི་འཆབ་པར་བུམ་པ་གང་བྱོའི་ཚུལ་དུ་གནང་མཐར། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་རྩོམ་རིག་གི་བློ་སྦྱོང་མཐོ་བའི་རྩོམ་པ་པོའི་དཔུང་སྡེ་གྲལ་འགྲིག་པོ་ཞིག་ཆགས་པ་རེད། ད་ལྟ་གསར་རྩོམ་གྱི་སོ་ན་གནས་པའི་རྩོམ་པ་པོ༡༠༠ལྷག་མཆིས། གཞན་ཡང«སྦྲང་ཆར»གྱི་སྟེགས་བུ་བརྒྱུད་དེ་ནར་སོན་ཞིང་ན་སྨིན་པའི་རྩོམ་པ་པོ༦༠ལྷག་ལ་ཞིང་ཆེན་རིམ་པ་ཡན་གྱི་གཟིགས་བཟོས་སྣ་ཚོགས་ཐོབ་པ་དང་། དེའི་ཁྲོད་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་དགའ་རྩེ་གྲས“རྟ་མཆོག་རྟགས་ཅན”རག་མཁན༨འདུ་བ་རེད། དེས་ན་འདི་ལྟར་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲས་ཀྱང་རུང་སྟེ། བོད་ཀྱི་རྩོམ་པ་པོ་ཕལ་མོ་ཆེ་ནི«སྦྲང་ཆར»ལ་རྐང་རྟེན་བཅས་ནས་གསར་རྩོམ་གྱི་ལམ་བུར་ཞུགས་པ་དང་གཏོས་ཆེ་བའི་བརྩམས་ཆོས་ཀྱི་བདག་པོར་གྱུར་པ་འབའ་ཞིག་གོ །ལོ་ངོ༤༠ཡི་གོ་རིམ་ཁྲོད་དམ་བྱེ་བྲག་ཏུ༡༩༩༤ལོར། རྩོམ་རིག་གསར་རྩོམ་གྱི་བྱ་བཞག་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་སླད། བོད་འབྲེལ་ས་ཁུལ་གྱི་རྩོམ་རིག་བྱ་དགའ་ཐོག་མ་སྟེ། “སྦྲང་ཆར་རྩོམ་རིག་བྱ་དགའ”སྟེར་བའི་སྲོལ་བཟང་དངོས་སུ་ཕྱེ་བར་མ་ཟད། “སྦྲང་ཆར་རྩོམ་རིག་བྱ་དགའ་དཔྱད་འདེམ་གྱི་རྩ་དོན་དང་བཅའ་ཡིག”ནན་མོ་ཞིག་ཀྱང་བཟོས་པ་ཡིན། རྩ་དོན་དེར་མཛུབ་སྟོན་དང་ཁྱབ་ཁོངས། ཚད་གཞི། རིགས་དབྱེ། དཔྱད་འདེམ། གོ་རིམ། སྡེ་ཁག སྒྲིག་ལམ་བཅས་ཁྱོན་དོན་ཆེན༨དང་དོན་ཆུང༡༤ཡིས་གྲུབ་པར་གསལ་ཞིང་། གསར་བྱུང་སྨྱན་བྱེད་ཁྱབ་གདལ་དུ་འགྱུར་བཞིན་པའི་གནས་བབ་དང་བསྟུན། དྲ་ཐོག་ནས་འདེམ་ཤོག་འཕེན་པའི་བྱེད་སྒོ་འཕར་སྣོན་གྱིས། ཀློག་པ་པོའི་ཞུགས་ཚད་དང་བྱ་དགའི་དྲང་བཞག བརྩམས་ཆོས་ཀྱི་རྒྱུ་སྤུས་བཅས་སྐས་རིམ་གསར་བ་ཞིག་ཏུ་སླེབས་མཐར། བོད་རྩོམ་གྱི་བྱ་དགའི་ཏོག་ཅེས་པའི་མཚན་སྙན་གང་སར་ཁྱབ་པ་ནི་མངོན་སུམ་གྱི་གཏམ་ཁོ་ནའོ། །“སྦྲང་ཆར་རྩོམ་རིག་བྱ་དགའ”དེ་ཚུགས་ཚུན་དུ་ལོ༣རེར་ཐེངས༡རེ་ཆག་མེད་དུ་སྤེལ་པ་ཡིན་ལ། སྐབས༥པ་ནས་བཟུང་རྩོམ་རིག་བྱེ་བྲག་པའི་དགོས་མཁོར་དམིགས་པ་གཏད་ཐོག“སྦྲང་ཆར་སྨྱུག་གསར་བྱ་དགའ”བསྣན་པའི་འཕྲོས་སུ། སྐབས་དྲུག་པར་དེ་བཞིན་དུ“སྦྲང་ཆར་རྩོམ་རིག་དཔྱད་བརྗོད་བྱ་དགའ”ཁ་གསབ་བགྱིས་པས་ན། ཡན་ལག་གི་ཡོན་ཏན་ཕུན་སུམ་ཚོགས་པའི་བྱ་དགའི་སྒྲིག་གཞི་དངོས་སུ་ཆགས་པར་གྱུར།
«སྦྲང་ཆར»གྱི་ལོ་ངོ༤༠ཡི་རིང་ལ། “སྦྲང་ཆར་རྩོམ་རིག་བྱ་དགའ”ཡང་ཤེས་མེད་ཚོར་མེད་ངང་བགྲང་བྱ༣༠ལོན་པ་དང་སྐབས་གྲངས་བཅུ་པར་སོན། མེད་ན་མེད་ཀྱང་ཆོག་ལ་ཡོད་ན་ཡོད་པའི་མཆོག གང་ཟག་ལ་མི་རྟོན་བརྩམས་ཆོས་ལ་རྟོན་པའི་ཚད་ཤིང་ནན་མོར་བཅལ་བའི་ཁྲོད། རྩོམ་པ་པོ༤༤ཡི་སྒྲུང་གཏམ༢༩དང་སྙན་ངག༡༧ ལྷུག་རྩོམ༧ དཔྱད་བརྗོད༥བཅས་བསྡོམས་པས་བརྩམས་ཆོས་རིགས་མི་འདྲ་བ༥༨ལ་སྔ་ཕྱིར་བྱ་དགའ་ཐོབ་པ་དང་། དེ་དག«སྦྲང་ཆར»གྱི་འཚར་ལོངས་དང་སྦྲགས། རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་རྩོལ་བ་དང་བསྡོངས། ཀློག་པ་པོ་ཁྲི་མ་འབུམ་གྱི་རེ་ལྟོས་དང་ལྷན་ཅིག་ཏུ། བོད་ཀྱི་དེང་རབས་རྩོམ་རིག་ལ་སྣེ་ཁྲིད་ཀྱི་ཟོལ་དང་བྱས་འབྲས་ཀྱི་ཚུལ་དུ། དུས་ད་ལྟ་ཁྱེད་ཅག་གི་བགོ་སྐལ་དུ་འབྲིམ་པའི་སྐལ་བ་མངོན་པར་ཤར་བ་ལགས།
ལོ་ངོ༤༠ཡི་རིང་ལ། དུས་རབས་ཀྱི་འཕེལ་རྒྱས་དང་རྩོམ་རིག་ཁྱབ་གདལ་གྱི་དགོས་མཁོ་བསྐང་ཕྱིར། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་ཐོག་ཐག་ཀུན་ཏུ་དུས་དེབ་སྒྲུབ་ཕྱོགས་ཀྱི་རིགས་ལམ་དང་ལག་ལེན་ལ་བྱི་དོར་དང་གཙང་སེལ་ཡང་ཡང་བགྱིས་ཏེ། རང་ཉིད་ཀྱི་སྐབས་བབ་དང་འཚམ་པའི་ལམ་བུ་ཡང་དག་ཅིག་རྙེད་པ་ནི། གཞན་དང་མ་འདྲེས་པའི་ཁྱད་ཆོས་གཙིགས་སུ་འཛིན་རྒྱུ་དང་། མཐོང་ཚད་ལད་མོ་མི་བྱེད་པའི་རང་ཚུགས་བརྟན་པོ་ཞིག་འཛིན་རྒྱུ་དེ་འདས་དུས་ཀྱི་བྱུང་བ་དང་ད་ལྟའི་དགོས་ཆེད་ཀྱི་དོན་ཁོ་ནར་མ་ཟད། མ་འོངས་ཡུན་གནས་ཀྱི་ཚེ་སྲོག་བླ་གསུམ་དུ་བཀུར་ནས་འོངས་པའང་ཡིན།
«སྦྲང་ཆར»རྩོམ་སྒྲིག་ཁང་གིས་དུས་ནམ་ཡང་དུས་རབས་ཀྱི་སྙིང་སྟོབས་དང་མི་རིགས་ཀྱི་ཁྱད་ཆོས། རྩོམ་རིག་གི་གཟབ་ནན་རང་བཞིན་དང་རྩེད་མཚར་རང་བཞིན། བརྩམས་ཆོས་ཀྱི་བླ་ན་མ་མཆིས་པའི་སྒྱུ་རྩལ་གྱི་གོ་རྟོགས་དང་རྩ་བའི་རྨང་གཞིར་གྱུར་པའི་ཤེས་བྱའི་རྣམ་གྲངས་བཅས་ཕན་ཚུན་ཡ་མ་བྲལ་བར་སྦྱོར་བའི་ཁུར་ཆེན་པོ་དང་དུ་བླངས་པ་དང་སྦྲགས། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དེང་རབས་རིག་གནས་དང་ལེན། དུས་དེབ་ཀྱི་དམིགས་ཡུལ་མི་ནོར་བ་དང་ཁྱད་ཆོས་མི་འདོར་བ་གཞིར་བཅས། གསར་གཏོད་དང་བཅོས་བསྒྱུར་གྱི་ལམ་བུར་གཡེལ་མེད་དུ་བསྐྱོད་ཅིང་འོངས་པ་ཡིན། སྣོད་ཀྱི་འཇིག་རྟེན་ཇི་ལྟར་གཡོས་ཀྱང་རུང་། བཅུད་ཀྱི་འཆར་སྒོ་གང་ལྟར་རྒོད་ཀྱང་བླ། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་དུས་དེབ་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་མའི་རྩ་དོན་མིག་འབྲས་བཞིན་དུ་བསྲུངས་ཤིང་། བླུན་པོ་ཆུ་སྣ་གར་ཁྲིད་དང་གྱང་ཁའི་རྩྭ་མགོ་རླུང་རྒྱག་གི་བརྟུལ་ཞུགས་སྤངས་ཏེ། དུས་ཀྱི་བབ་དང་འཕེལ་བའི་འགྲོས་ལ་བསྟུན་མཁས་སྒོས། ལོ་རྒྱུས་ཀྱི་ཉམས་སད་ཐེག་མྱོང་ཞིང་རྒྱུན་ཆགས་སུ་གྲུབ་པའི་དུས་དེབ་སྒྲུབ་ཕྱོགས་དང་རང་ཁྱད་ཅན་གྱི་ཁ་ཕྱོགས་འདི་ཡོ་བཟུར་མེད་པའི་སྒོ་ནས་རྒྱུན་བསྐྱངས་པ་ཡིན།
«སྦྲང་ཆར»རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་རྩོམ་རིག་དཔེ་ཚོགས།
«སྦྲང་ཆར»རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་རྩོམ་རིག་དཔེ་ཚོགས།
ལོ་ངོ༤༠ཡི་རིང་ལ། རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་བརྩམས་ཆོས་དོན་དུ་སྨིན་པ་དག་ཀློག་པ་པོ་རྣམ་པའི་མདུན་སར་སྤྱན་འབེབས་ཞུ་ཆེད་དང་། སློབ་ཁྲིད་དང་ཞིབ་འཇུག་པ་ཡོངས་ལ་བརྩམས་ཆོས་ཀྱི་མ་ཕྱི་མཁོ་བའི་འདོད་པ་ཚིམ་བྱེད་དམ། བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་བ་གསལ་བའི་མཐུན་རྐྱེན་སྦྱོར་འཇགས་སུ་ཡོང་བའི་ཆེད་དུ། དུས་རབས་གོང་མའི་ལོ་རབས༨༠པ་ནས་བཟུང་། དུས་དེབ«སྦྲང་ཆར»གྱི་གཙོ་སྒྲིག་ཟུར་པ་འགྱུར་མེད་ལགས་ཀྱིས་སྣེ་ཁྲིད་ཅིང་། རྩོམ་སྒྲིག་པ་རྒན་དར་གཞོན་གསུམ་གྱི་བཀའ་དྲིན་ལ་བརྟེན། དང་པོར་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བརྩམས་པའི«སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད»པོད༡ཅན་དང་། བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོ་ཁོང་རྣམ་པ་གཉིས་ཀྱིས་བསྒྲིགས་པའི«གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ»པོད༣ཅན་རྩོམ་སྒྲིག་པར་སྐྲུན་གནང་སྟེ། ཕུ་ཆུ་ཡུར་དུ་དྲངས་ཤིང་ཡུར་ཆུ་ཞིང་དུ་དྲངས་པ་ལྟ་བུའི་བྱས་པ་མངོན་ཅན་དུ་བསྟབས་པ་དང་། བར་དུ«བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས»པོད༡༠ཡི་བདག་ཉིད་ཅན་རྩོམ་སྒྲིག་པར་སྐྲུན་མཛད་དེ། རྡོ་ལག་བརྒྱུད་དང་ཆུ་ལམ་བརྒྱུད་ཀྱི་རྣམ་ཐར་ཤིན་ཏུ་མི་དམན་པ་བསྐྱངས། ཕྱིས་སུ«སྦྲང་ཆར»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཐུན་མོང་གིས་ཀྱང་སྔར་སྲོལ་བཟང་བོ་དམ་འཛིན་སྒོས་རིག་པའི་ཚན་ཁག་འདིའི་ཕྱོགས་གང་ཅིའི་ཐད་ལ་མཐོང་ཆེན་པོ་སྤྲད་ཅིང་། བོད་ཀྱི་རྩོམ་པ་པོ་སྐྱེད་སྲིང་དང་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྩ་བའི་རྩ་དོན་དུ་བཟུང་སྟེ། སྔ་ཕྱིར«སྦྲང་ཆར་ལོ་འཁོར༢༠དཔེ་ཚོགས»པོད༨ཅན་དང«དུས་རབས༢༡པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང»པོད༣༠ཅན། «ཀྲུང་གོའི་བོད་ཀྱི་དེང་རབས་རྩོམ་རིག་གཅེས་བཏུས»པོད༤༠ཅན་ཕུད། «སྨིན་དྲུག་རྩོམ་རིག་དཔེ་ཚོགས»པོད༡༨ཅན་དང་། དེ་ཡང་ད་དུང་མུ་ནས་མུ་རུ་པར་སྐྲུན་བྱ་འཆར་ཡོད་པ་བཅས་ཀྱིས་མཚོན། ཆུ་རྔ་བྱེ་ཐང་དུ་མི་ཐིམ་ཞིང་ཕ་ཤུལ་བུ་ཆད་དུ་མི་འགྱུར་བའི་ཆོད་སེམས་དམ་པོར་བཅངས་ཐོག བོད་ཀྱི་དེང་རབས་རྩོམ་རིག་གི་རྨང་གཞིའི་འཛུགས་སྐྲུན་ཐད་རང་ནུས་ཅི་ལྕོགས་ངང་སྲི་ཞུ་གང་ལེགས་བསྒྲུབས་དང་སྒྲུབ་བཞིན་པ་འདི་ནི། རྩོམ་རིག་གི་ལས་ཀ་དོན་དུ་གཉེར་བ་ཐམས་ཅད་ལ་ཅིས་ཀྱང་གསལ་ཆ་ཆེ་བ་ལྟར་རོ། །
ལོ་ངོ༤༠ཡི་རིང་ལ། དུས་དེབ«སྦྲང་ཆར»གྱི་དག་གསལ་སྙན་གསུམ་གྱི་ཆར་ཀློག་པ་པོ་བྱིངས་ཀྱིས་དགའ་བསུ་ཚད་མེད་བྱེད་ཅིང་། དང་པོར་ཤོག་ངོས༦༨ཅན་གྱི་གཟུགས་གཞི་བསྐམས་ཤིང་རིད་པ་ནས་ད་ལྟའི་ཤོག་ངོས༢༠༨ཅན་གྱི་ལང་ཚོ་དར་ལ་བབ་པའི་བརྒྱུད་རིམ་ཐུང་ཞིང་རིང་བ་དེའི་ཁྲོད། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་དུས་དེབ་ཁག་ལས་ནང་དོན་དང་རྣམ་པ་གང་ཅིའི་ཐད་ཆེས་གཏོས་ཆེ་བའི་རྩོམ་རིག་དུས་དེབ་ཁོ་ནར་གྲུབ། འགྲེམས་སྤེལ་གྱི་རྒྱ་ཁྱོན་ཡང་ཆུ་ཞེང་གབ་པ་ལྟར་རྒྱལ་ནང་གི་བོད་འབྲེལ་ས་ཁུལ་མ་ཟད། རྒྱལ་ཕྱིའི་བོད་རིག་པའི་ཁྱབ་ཁོངས་ནས་ཀྱང་མངགས་ཉོ་དང་ཉར་ཚགས་ཟམ་མ་ཆད་པར་བགྱི་བཞིན་པ་ལགས་སོ། །དེ་ལྟར། དུས་དེབ་འདི་ཉིད་ཀྱི་བྱས་འབྲས་ལ་དམིགས་ཏེ། སྔ་ཕྱིར་ཐེངས་བཅུ་ཕྲག་ལྷག་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་ཕྱི་ནང་གི་བྱ་དགའ་ཐེངས་མང་ཐོབ་པ་རེད།
«སྦྲང་ཆར»རྩོམ་སྒྲིག་ཁང་གིས་བླངས་པའི་གཟིགས་བཟོས་སྣ་ཚོགས།
སྤྱི་ལོ༢༠༠༢ལོར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས་དཔྱད་འཇོག་གནང་བ་བརྒྱུད། དུས་དེབ་འདི་ཉིད“ཀྲུང་གོའི་དུས་དེབ་ཕྲེང་ཚོགས”ཀྱི་གྲས་སུ་ཚུད་པར་མ་ཟད། “ཕན་ཡོན་ཟུང་ལྡན”གྱི་དུས་དེབ་ཏུ་བདམས་ཐོན་བྱུང་བར་བརྟེན། མཚོ་སྔོན་ཞིང་ཆེན་གྱི་དུས་དེབ་ཁག་དང་རྒྱལ་ཡོངས་ཀྱི་བོད་ཡིག་དུས་དེབ་ཁག་ལས་དུས་དེབ་ཕྲེང་ཚོགས་སུ་ཚུད་པའི་སྤྱི་ཚོགས་ཚན་རིག་གྲས་ཀྱི་དུས་དེབ་ཉག་གཅིག་ཏུ་གྱུར། སྤྱི་ལོ༢༠༠༣དང༢༠༠༥ལོར། རྒྱལ་ཡོངས་ཀྱི་དུས་དེབ༩༠༠༠ཁྲོད་ནས་མངོན་པར་འཕགས་ཏེ། སྐབས་གཉིས་པ་དང་སྐབས་གསུམ་པའི་རྒྱལ་ཁབ་དུས་དེབ་བྱ་དགའ་ལས“གཙོ་ཆེའི་དུས་དེབ་སྣ་བརྒྱ”ཡི་མཚན་སྙན་ཐོབ།
སྤྱི་ལོ༢༠༠༩ལོར། “ཀྲུང་གོའི་བྱང་རྒྱུད་ཀྱི་དུས་དེབ་ལེགས་གྲས༡༠ཐམ་པ”ཡི་གདན་གྲལ་དུ་འཁོད་པ་དང་། “ཀྲུང་གོ་གསར་བ་ཚུགས་ཚུན་དུ་ལོ་ངོ༦༠རིང་གི་ཤུགས་རྐྱེན་ཆེས་ཆེ་བའི་དུས་དེབ་ཀྱི་མཚན་ཐོ”རུ་ཚུད། སྤྱི་ལོ༢༠༡༨ལོར། “མཚོ་སྔོན་གྱི་ཆེས་མཛེས་པའི་དུས་དེབ”ཀྱི་གཟི་བརྗིད་བདག་གིར་བཞེས་པ་དང་། སྤྱི་ལོ༢༠༡༩ལོར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར༧༠ལོན་པའི་ཕུལ་བྱུང་དུས་དེབ་འགྲེམས་སྟོན”གྱི་སྟེགས་བུར་འགྲེངས་པ་བཅས། འདིར་རང་གཞན་ཀུན་གྱི་རྒྱན་དུ་ངོམ་ཆོག་ཆོག་གི་གསོལ་རས་གལ་ཆེན་དག་ཆེ་ལོང་ཙམ་དུ་བརྗོད་པ་ཡང་རང་བསྟོད་ཀྱི་ལྷད་མ་ཞུགས་པར་རང་བཞིན་དྲང་བོའི་ངག་ལ་དྲངས་པ་ཙམ་མོ། །
ལོ་ངོ༤༠ཡི་རྩོམ་རིག་གི་བཤུལ་ལམ་ནི་ཞེང་ཆེ་ཞིང་རྒྱུན་རིང་བའི་གཙང་བོ་ཞིག གཙང་བོའི་བཞུར་རྒྱུན་ལ་ཁ་ཕྱོགས་ཚེ། དེ་ཉིད་རྦ་དྲག་ཅིང་འཇིངས་ཟབ་པར་མཐོང་ཐུབ། ལོ་ངོ༤༠ཡི་རྩོམ་རིག་གི་གྲུབ་འབྲས་ནི་དཔངས་མཐོ་ཞིང་རྔམས་བརྗིད་པའི་གངས་རི་ཞིག གངས་རིའི་ཕྲེང་བར་གཟིགས་ན། དེ་ཉིད་ལུ་གུ་རྒྱུད་དུ་བསྟར་ཅིང་སྲིད་པའི་རྩེ་མོ་སྙེག་པར་མཇལ་རུང་། འདི་ནི་མཐོན་མཐིང་གི་སྐར་ཚོགས་རྣམ་པར་བཀྲ་བའི་ཡུལ་ལྗོངས་ཤིག་ཀྱང་སྟེ། གནས་དེར་སྐར་མ་རེ་རེར་རང་ཉིད་ཀྱི་འོད་མདངས་འཚེར་ལ། འོད་མདངས་རེ་རེ་ནི་རྩོམ་པ་པོ་སོ་སོའི་ངག་རིག་གི་ཉིང་བཅུད་དང་རྩོམ་སྒྲིག་པ་གོང་མ་དག་ནས་བརྒྱུད་པའི་བསྲེགས་བཅད་བརྡར་གསུམ་གྱི་བློ་གྲོས་ཀྱི་ཞུན་མའང་ཅི་ལ་མིན། དེ་དག་ཐམས་ཅད་ཀྱང«སྦྲང་ཆར»ཀྱི་གཟེགས་མ་ལམ་ལམ་འཕྲོ་བའི་འོད་ཀྱི་གོང་བུར་ཐིམ་སྟེ། ཁ་དོག་སྣ་ལྔ་ལྡན་པའི་རྩོམ་རིག་གི་དུས་གསུམ་ཁྱད་པར་བ་ཞིག་ཏུ་འགྲུབ་པར་གོར་མ་ཆག
ལོ་ངོ་བཞི་བཅུའི་ཉམས་འགྱུར།
ལོ་ངོ་བཞི་བཅུའི་ཉམས་འགྱུར།
ལོ་ངོ༤༠ནི་སྐད་ཅིག་ཉིད་དུ་འདས། ད་ལྟ་དུས་རབས་གསར་བ་དང་འགན་འཁྲི་གསར་བ། བྱ་བཞག་གསར་བའི་ལོ་རྒྱུས་ཀྱི་ཁུག་སོར་འགྲེང་སྟེ། ང་ཚོས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐའེ་ཉིང་གིས་སྨོན་ཚིག་སྤྲིངས་གསལ་ལྟར། “ཀྲུང་ཧྭ་མི་རིགས་གོང་བུ་གཅིག་གྱུར་གྱི་འདུ་ཤེས་བརྟན་པོར་བཙུགས་ནས། ཀྲུང་ཧྭ་རྩོམ་རིག་གི་དོ་ར་ཆེན་མོར་མཚར་སྡུག་རྣམ་པར་བཀྲ་བར་སྨོན”ཞེས་པའི་བཀྲ་ཤིས་ཁ་གཡང་དང་བསྡོངས། མཚོ་སྔོན་ཞིང་ཨུ་ཡི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡའེ་ཞ་ཡིས་མཛུབ་སྟོན་གནང་བ་བཞིན། “དུས་དེབ«སྦྲང་ཆར»གསར་དུ་སྤེལ་པ་ནས་བཟུང་། ཏང་གི་སྲིད་ཇུས་དྲིལ་སྒྲོག་དང་། མི་རིགས་རིག་གནས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པ་རེད། མ་འོངས་པའང་རྩོམ་སྒྲིག་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་སྒོས། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་སྤང་བླང་གི་རྣམ་གཞག་མི་ཉམས་གོང་འཕེལ་དང་ཕྱོགས་མཐར་སྤེལ་པའི་ཆོད་སེམས་ཀྱི་གོ་ཧྲག་བརྟན་པོར་བགོས་ཏེ། དུས་དེབ«སྦྲང་ཆར»གྱི་འཕྲིན་ལས་སྔར་ལས་ལྷག་པར་རྒྱས་ཤོག”ཅེས་པའི་མཛུབ་སྟོན་ཟབ་མོ་དང་འབྲེལ། རྩོམ་རིག་ཆེད་གཉེར་གྱི་དུས་དེབ་ཅིག་གི་ངོས་ཟིན་ཟབ་མོ་དང་ཁོག་དཔུང་ལ་རྒྱ་མི་འཆོར་བར། མུ་མཐུད་དུ་རྩོམ་རིག་གི་སྲོལ་བཟང་རྒྱུན་འཛིན་དང་རྩོམ་རིག་གི་དྭངས་གཙང་སྲུང་སྐྱོང་བྱེད་པའི་ཞར་དང་ཞོར་ལ། དུས་རབས་ཀྱི་གོམ་རྗེས་མི་གཏོང་བ་དང་ཀློག་པ་པོའི་བཀླག་འདུན་མི་བརྗེད་པ་གཞིར་བྱས། ཤ་རུས་རྡོར་ཐུག་གི་བརྟུན་པ་ཆེར་བསྐྱེད་དེ། ཆེས་བླ་ན་འཕགས་ཤིང་ཆེས་ཡི་གར་འོང་བའི་སྒྱུ་རྩལ་གྱི་ལོངས་སྤྱོད་ཡང་ནས་ཡང་དུ་སྟོབ་ཐུབ་པར་ཡིད་ཆེས་བརྟན་པོ་བཅངས་ཡོད།
ཅེས«སྦྲང་ཆར»རྩོམ་སྒྲིག་ཁང་གིས།
2021ལོའི་ཟླ10པར།
འབྲེལ་ཡོད་འོས་སྦྱོར།