༄༅། །པོ་ཏཱ་ལའི་དཔེ་སྒྲིག་གི་བརྒྱུད་རིམ་སྐོར།
རྩོམ་པ་པོ།:
ཡོང་ཁུངས།:虔诚之美
དུས་ཚོད།:2022-04-06
ཀློག་གྲངས།:
དོམ་པོ་ཐུབ་བསྟན་རྒྱལ་མཚན།(1929-2022)
ཕོ་བྲང་པོ་ཏ་ལར་དཔེ་རྙིང་གི་ཕྱག་ལས་གནང་མཁན་དོམ་པོ་བ་ཐུབ་བསྟན་རྒྱལ་མཚན་མཆོག་སྐུ་ཞི་བར་གཤེགས་བར་མྱ་ངན་ཞུ།
དང་པོ། ཕོ་བྲང་པོ་ཏཱ་ལར་དཔེ་སྒྲིག་གི་ལྷོངས་ཐོབ་པའི་སྤྱི་ཚོགས་ཀྱི་གནས་བབ།དེ་སྔ་སྤྱི་ལོ༡༩༥༩ལོར་དམངས་གཙོའི་བཅོས་བསྒྱུར་སྐབས་ལྷ་ས་ཁུལ་གྱི་དགོན་པ་ཁག་དང་། བླ་བྲང་། མངའ་བདག །ཚོང་ཆེན་བཅས་ཀྱི་ལྷ་སྐུ་དང་། ཆོས་དཔེ་རྣམས་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་ནས་དོ་དམ་གྱིས་ལྷ་སྐུ་རྣམས་ནོར་གླིང་མཛོད་ཁང་དང་། ཆོས་དཔེ་རྣམས་པོ་ཏཱ་ལའི་གོས་སྐུ་ཁང་དང་། གཡུལ་རྒྱལ་ལྕོག །སྟག་ཚང་སྒོར་མོ། རྩེ་སློབ་གྲྭ་ཁང་། ཤར་ཆེན་ལྕོག་སྟེང་ཤོད་ཁག་ལ་བསྡུ་ཚགས་གནང་བ་ཏང་གི་འབོད་སྐུལ་འོག་སྤྱི་ལོ༡༩༧༨ལོའི་ཟླ༩པའི་ནང་ཕྱོགས་སྒྲིག་བྱེད་འགོ་བཙུགས་ཏེ་ལྷ་སའི་མཉམ་ལས་ཁག་ནས་དགེ་བཤེས་མཐར་ཕྱིར་ལགས་དང་།སྐལ་བཟང་ལགས། ངག་དབང་བཟོད་པ་ལགས།ཐུབ་བསྟན་བློ་བཟང་ལགས་བཅས་གདན་ཞུ་གནང་བའི་ཉིན་ཤས་རྗེས་ནོར་གླིང་རིག་དངོས་ལྷན་ཁང་གིས་རང་ཉིད་རྩེར་དཔེ་སྒྲིག་གི་ལས་ཀར་གཏོང་གནང་གིས་སྐབས་དེའི་རྩེའི་འགོ་ཁྲིད་རྒན་བློ་བཟང་ཀུན་མཁྱེན་ལགས་སུ་ངོ་སྤྲོད་སྤྱན་བསྟར་ཞུས་རྗེས་དགེ་བཤེས་མཐར་ཕྱིན་ལགས་དང་། ངོས་གཉིས་ཙུའུ་ཀྲང་གི་འགན་འཁུར་གནང་བར་བརྟེན་ཆོས་དཔེ་འཇུག་ཡུལ་ཁག་ལ་རྟོགས་ཞིབ་སྐབས་ཁང་པ་མང་ཆེ་བའི་ནང་དཔེ་ཆ་ལྷུག་མ་ཕུང་གསོག་རྒྱབ་པ་ཧ་ལམ་ཕོན་འབོར་སྤྱིའི་བརྒྱ་ཆ་སུམ་ཅུ་ཙམ་ཟིན་པ་དེ་སྐོར་རྩེའི་གད་པ་བགྲེས་སོང་པཱ་དབང་ཕྱུག་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ལོ་ཤས་སྔོན་ཚགས་པར་ལས་ཁུངས་དང་། སྲིད་གྲོས་ཁག །ཡིག་ཚགས་ལས་ཁུངས་སོགས་ནས་དཔེ་ཆ་དབྱེ་འབྱེད་བྱས་ཏེ་འཁྱེར་བ་དང་། བོད་ལྗོངས་འགྲེམས་སྟོན་ཁང་གིས་གྲལ་རིམ་སློབ་གསོའི་དགོས་མཁོར་ཡུལ་ལྗོངས་དང་མི་སྣ་བཟོ་སྐབས་འདམ་བག་ནང་མཉམ་བསྲེས་བྱེད་རྒྱུར་དཔེ་ཆ་རྩ་རས་མང་པོ་ཁྱེར་བ་དང་། ཨར་པོ་བས་དཔེ་རས་བཤུས་ཏེ་མགོ་རས་ལ་ཁྱེར་བས་མ་ཚད་ཞོལ་གྲོང་ལྷན་གྱི་དམར་སྲུང་དམག་དང་། གྲོང་མི་བརྒྱ་ལྷག་ཙམ་གྱིས་མི་རེའི་ལག་ཏུ་མདུང་དང་། ལྕགས་ཧྲེང་། སྦྱགས་མ་སོགས་ཁྱེར་ཏེ་རྙིང་བཞི་རྩ་མེད་བཟོ་དགོས་ཟེར་བའི་རྔ་བརྡུང་། དར་འཕྱར་གྱི་འབོད་ཚིག་སྒྲོག་བཞིན་པར་ཤར་ཆེན་ལྕོག་བར་སླེབས་པ་རེད། དེའི་སྐབས་རྩེའི་སྲུང་ཆ་བཅིངས་བཀྲོལ་དམག་དང་། ལས་བཟོ་ཚོས་ཉེན་ཟོན་ལ་མ་འཛེམས་པར་ཁོ་ཚོའི་མདུན་དུ་ལངས་ཏེ། དམག་དཔོན་དེས་པོ་ཏཱ་ལ་འདི་ཉིད་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྡེ་ཚན་ཡིན་པའི་སྲིད་ཇུས་སྦྱང་བཤད་བྱེད་སྐབས་ཁོ་ཚོས་མའོ་ཀྲུའུ་ཞིའི་གསར་བརྗེའི་ལམ་ཕྱོགས་ཡིན་པའི་ཛ་དྲག་གི་འབོད་ཚིག་སྒྲོག་ཀྱང་བཀག་འགོག་ནན་པོས་མི་གཅིག་ཀྱང་བཏང་ཤོར་མ་བྱུང་བ་རེད། ད་དུང་ཞོལ་གྲོང་ལྷན་གྱིས་པོ་ཏཱ་ལའི་པར་ཁང་ཤར་གྱི་འོག་དང་ནུབ་ངོས་འདོད་དཔལ་གྱི་རི་གཤམ་གཉིས་ནས་གབ་ཁུང་བྲུ་བའི་ལས་གྲ་ལོ་བརྒྱད་ཙམ་གཉེར་ནས་ཉིན་ལྟར་རྫས་མེ་ཐེངས་གཉིས་འབར་གས་བྱས་ཏེ་ཤར་ནུབ་གཉིས་མ་ཐུག་ཙམ་བཟོས་པ་དང་། ཕོ་བྲང་དམར་པོའི་དབུ་རྩེར་མཚན་མོ་གློག་ཡིག་འཁྱུད་པའི་རྒྱ་ཡིག་གི་ལྕགས་སྒྲོམ་ལྗིད་ཚད་ཤིན་ཏུ་ཆེ་བ་བཙུགས་ཏེ་ལོ་བཅུའི་ཟང་ཟིང་གི་དུས་ཚོད་ནང་ཕོ་བྲང་འདི་ཉིད་འགྱེལ་ཞིག་འགྲོ་རྒྱུར་བར་ཆད་སྣ་ཚོགས་བྱུང་བ་རེད་གསུང་བྱུང་།
གཉིས་པ། དཔེ་སྒྲིག་དངོས་གཞིའི་སྐོར།
དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་པོ་ཏ་ལར་དཔེ་རྙིང་ལེགས་སྒྲིག་གནང་བ།
དེ་ནས་དཔེ་སྒྲིག་དངོས་གཞིའི་སྐབས་དཔེ་ཆ་འཇུག་ཡུལ་ཁག་ནས་ལྷུག་མ་རྣམས་རྩྭ་རས་ནང་དང་། ཁྲེས་པོ་དྲས་ཏེ་སློབ་གྲྭ་ཁང་གི་ཡང་སྟེང་ཁང་པ་ཁག་ནང་དབོར་འདྲེན་ཟིན་རྗེས་ཉིན་རེའི་ལས་ཀར་དཔེ་ཆ་མིའི་རྒྱབ་འཁུར་ལྔ་དྲུག་ཙམ་མཐོངས་ཡངས་སུ་བཀྲམ་སྟེ་ང་ཚོ་དེའི་མཐའ་འཁོར་དུ་བསྡད་ནས་པར་མ་དང་། བྲིས་མ།གསེར་བྲིས། དངུལ་བྲིས་སོགས་ཤོག་ལྷེ་རེ་རེ་བཞིན་ཕུང་གསོག་དཀྱིལ་ནས་འཐེན་ཏེ་ཕྱག་ལྡེམ་བཟོ་བཞིན་དུ་ཕྱག་ལྡེམ་ཕོན་འབོར་གང་འཚམས་གསོག་རྗེས་རིང་ཐུང་དང་། ཞེང་ཁ་སྙོམ་སྒྲིག་གིས་ཟུར་རྟགས་དང་། ཁ་ཡིག་ལ་བལྟས་ཏེ་པོ་ཏི་བཟོས། དེ་ནས་པོ་ཏི་སོ་སོ་གྲངས་བཤེར་གྱིས་གདོང་འཛར་སྟེང་ཆད་ཐོ་བཀོད་པ་དང་། མུ་མཐུད་འཚོལ་ཞིབ་ཀྱི་ཤོག་གྲངས་རྙེད་སོན་བྱུང་བ་ཁ་གསབ་བརྒྱབ་ནས་ཆད་ཐོ་བསུབ་ཀྱིན་བསུབ་ཀྱིན་བྱེད་པའི་སྐབས། ལྗོངས་རིག་གནས་ཐིང་གི་འགོ་ཁྲིད་རྣམས་རྩེའི་དཔེ་ཆ་འཇོག་ཡུལ་ཁག་ལ་བལྟ་སྐོར་དང་འབྲེལ་ང་ཚོའི་ལས་སར་རྟོགས་ཞིབ་སྐབས་དགེ་བཤེས་ལགས་དང་རང་ཉིད་ནས་དཔེ་སྒྲིག་ལས་ཀའི་གནས་ཚུལ་སྙན་སེང་ཞུས་རྗེས། ཐིང་ཀྲང་བྱམས་ཕུན་ལགས་ཀྱིས་དེང་སྐབས་ཕྱི་རྒྱལ་དུ་བོད་ཀྱི་རིག་གནས་རྩ་མེད་བཟོས་ལུགས་ཀྱི་དཀྲོག་གཏམ་ཁྱར་བཞིན་འདུག་པས་ཁྱོད་ཚོའི་ལས་ཀ་གཞི་རྒྱ་ཆེ་རུ་བཏང་སྟེ།དཔེ་རྙིང་རྣམས་གང་མགྱོགས་ཕྱོགས་བསྒྲིགས་ཀྱིས་ཆོས་ལུགས་གྲུབ་མཐའ་སོ་སོའི་གསུང་འབུམ་དཀར་ཆག་གི་ལམ་ནས་ཕྱི་ཕྱོགས་སུ་གསལ་སྟོན་བྱེད་དགོས་པའི་མཛུབ་སྟོན་གནང་བ་ལྟར། ལས་མི་གསར་པ་མི་ལྔ་འབྱོར་རྗེས་དབྱེ་སེལ་འཚོལ་ཞིབ་ཀྱི་ལས་ཀ་མགྱོགས་སུ་ཕྱིན་ཏེ་དཔེ་ཆ་ལྷུག་མ་རྣམས་སྤྱིའི་ཆ་ནས་ཕྱོགས་སྒྲིག་ཟིན་རྗེས་གཡུལ་རྒྱལ་ལྕོག་དང་། ཤར་ཆེན་ལྕོག །སྟག་ཚང་སྒོར་མོ་སྟེང་ཤོད་ལ་ཡོད་པའི་གསེར་དངུལ་དང་། ནག་བྲིས། པར་མ་བཅས་ཀྱི་བཀའ་འགྱུར། བསྟན་འགྱུར། འབུམ་རྒྱས་འབྲིང་བསྡུས་གསུམ། གྲ་ཏོག་སེར་གསུམ། མདོ་སྡེ་སྐལ་བཟང་། བརྒྱད་སྟོང་རྣམས་ལས་སར་ཕྱོགས་བསྡུས་བྱས་ཏེ། པར་གཞི་ཁག་སོ་སོར་དབྱེ་བ་ཕྱེ་སྟེ། དཀར་ཆག་གཞིར་བཟུང་ཞིབ་བཤེར་གྱིས་སྡེ་ཚན་ཆ་ཚང་རེ་རེ་ཕྱོགས་སྒྲིག་ཟིན་མཚམས་གདོང་འཛར་སྟེང་དང་། དཀར་ཆག་ཏུ་ནང་གསེས་ཨང་གྲངས་བཀོད་པ་རིམ་གསོག་བྱས་ཏེ། སྤྱི་ལོ༡༩༨༣ལོ་གོང་གསལ་བཀའ་བསྟན་འགྱུར་ཡོངས་རྫོགས་ལེགས་སྒྲིག་ཟིན་ནས་ཚོམས་ཆེན་ཤར་མདོ་སྦུག་དང་། དེའི་འོག་བཅས་པར་བསྡུ་བཅུག་ཞུས་པ་དང་། དེའི་ཁོངས་ནས་སྡེ་དགེའི་བཀའ་འགྱུར་དང་བསྟན་འགྱུར་བྲིས་མ་གཉིས་ཤར་བརྒྱུད་རབ་གསལ་གཉིས་པའི་གཟིམ་ཆུང་ནང་པོ་ཏི་རེ་རེར་སྤྱིའི་ཨང་གྲངས་བཀོད་ནས་གྲུབ་མཐའ་བཅུའི་བླ་མའི་གསུང་འབུམ་དང་། ཆོས་དཔེ་སྡེ་ཚན་ཁག་སྒྲིག་གཤོམས་བྱེད་རྒྱུའི་གྲ་སྒྲིག་བྱས་ཏེ་ཆོས་དཔེ་བྱིངས་ཆེ་དབྱེ་སེལ་སྐབས་གསུང་འབུམ་འཚོལ་བསྡུ་གཙོ་བོར་བཟུང་སྟེ་གྲུབ་མཐའ་བཅུའི་ཆོས་དཔེ་པོ་ཏི་དང་། ལེ་ཚན། ཤོག་གྲངས་རྙེད་སོན་བྱུང་བ་རྣམས་སོ་སོའི་མཚན་བྱང་སྟེང་གསོག་འཇོག་གིས་རིམ་བཞིན་པོ་ཏིར་གྱུར་པ་དེ་རྣམས་ཕྱོགས་བསྒྲིགས་ཀྱིས་ད་དུང་ཆ་ཚང་དུ་གཏོང་རྒྱུར་རྨང་གཞི་བཏིང་བ་ཡིན།
གསུམ་པ། དཔེ་སྒྲིག་བརྒྱུད་རིམ་ལས་ཐོབ་པའི་རིག་པའི་དགའ་སྟོན།
སྤྱི་ལོ༡༩༩༧ལོའི་ནང་དཔེ་རྙིང་ལེགས་སྒྲིག་གནང་བ།
སྤྱི་ལོ༡༩༨༣ལོར་ནོར་གླིང་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་ནས་བོད་དུ་ལོ་རྒྱུས་ཐོག་ས་ཡོམ་ཐེངས་གྲངས་ག་ཚོད་བྱུང་ཡོད་མེད་དང་། ས་ཡོམ་རྒྱུ་རྐྱེན་གང་ལས་བྱུང་མིན་སྐོར་ཡིག་ཆ་འཚོལ་ཞིབ་བྱེད་དགོས་པའི་བཀའ་ལྟར་དཔེ་སྒྲིག་ཁོངས་ནས་མི་གསུམ་ཟུར་འཐེན་གྱིས་གྲུབ་མཐའ་རིས་མེད་ཀྱི་རྣམ་ཐར། ཆོས་འབྱུང་། བསྟན་རྩིས་ཡིག་ཆ་ཁག་བལྟ་ཀློག་བྱས་ཏེ།ས་ཡོམ་ཐེངས་རེ་རྙེད་སོན་སྐབས་དཔེ་ཆའི་ཁ་ཡིག་དང་། ཤོག་གྲངས། མཛད་པ་པོའི་མཚན། ཡུལ་ལུང་གང་དུ་ཡིན་མིན་ཐོ་འགོད་རིམ་གསོག་བྱས་ཏེ་ས་ཡོམ་ཐེངས་གྲངས་སུམ་ཅུ་ཐམ་པ་ཙམ་བྱུང་བ་དང་། ས་ཡོམ་རྒྱུ་རྐྱེན་གང་ལས་བྱུང་མིན་ཡིག་ཆ་ཧ་ཅང་མང་པོ་བལྟ་ཀློག་བྱས་ཀྱང་རྙེད་སོན་མ་བྱུང་སྟབས་དེ་སྔའི་མཁན་ཟུར་མཁས་དབང་ཐབས་མཁས་རིན་པོ་ཆེར་བཀའ་འདྲི་ཞུས་པར་བཀའ་འགྱུར་མདོ་ཕྱོགས་རྣམས་ལ་བལྟ་ཞིབ་བྱེད་དགོས་པའི་བཀའ་སློབ་ལྟར། བཀའ་འགྱུར་ཞལ་ཕྱེ་སྟེ་འདུལ་བ་པོད་ཇ་པའི་ཤོག་གྲངས་སུམ་བརྒྱ་བདུན་ཅུ་དོན་དགུའི་ནང་ས་ཡོམ་སྐོར་དོན་ཚན་བརྒྱད་འཁོད་པ་གཤམ་གསལ། ༼༡༽ས་ཆེན་པོ་འདི་ཆུ་ལ་བརྟེན།ཆུ་ནི་རླུང་ལ་བརྟེན། རླུང་ནམ་མཁའ་ལ་བརྟེན་སྟབས་ནམ་མཁར་རླུང་ཆེན་པོ་ལྡང་། དེས་ཆུ་བསྐྱོད་དེ་ཆུ་བསྐྱོད་པས་ས་གཡོ་བར་གྱུར། ༼༢༽ཆོ་འཕྲུལ་ཆེན་པོ་དང་། དེས་ས་ཆུ་བར་འདུ་ཤེས་ཀྱི་བྱིན་གྱིས་བརླབས་ནས་ཆུ་ནི་ཚད་མེད་པར་འདུ་ཤེས་སྦྱར་ཏེ་ས་གཡོ་བར་འགྱུར། ༼༣༽བྱང་ཆུབ་སེམས་དཔའ་ལྷུམས་སུ་བཞུགས་དུས་ས་གཡོ་བར་འགྱུར། ༼༤༽སོ་སོ་སྐྱེ་བོ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་སོ་ཞེས་པའི་སྐབས་ས་གཡོ་བར་འགྱུར། ༼༥༽བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་དུས་ས་གཡོ་བར་འགྱུར།༼༦༽བྱང་ཆུབ་སེམས་དཔའ་འཚོ་བའི་འདུ་བྱེད་སྤངས་དུས་ས་གཡོ་བར་འགྱུར།༼༧༽དེ་བཞིན་གཤེགས་པ་བ་ཆོས་ཀྱི་འཁོར་ལོ་རྣམ་གསུམ་དུ་བསྐོར་དུས་ས་གཡོ་བར་འགྱུར།༼༨༽དེ་བཞིན་གཤེགས་པ་ཟླ་བ་གསུམ་འདས་པ་དང་།ཕུང་པོ་མ་ལུས་པ་མྱ་ངན་ལས་ཡོངས་སུ་འདའ་དུས་ས་གཡོ་བར་འགྱུར་རོ་ཞེས་གསལ་བའི་སྐོར་ས་ཡོམ་ཐེངས་གྲངས་དང་། ས་ཡོམ་རྒྱུ་རྐྱེན་སྐོར་སྙན་ཞུ་ཁག་གཉིས་རིག་དངོས་ལྷན་ཁང་དང་། ས་ཡོམ་ལས་ཁུངས་སུ་འབུལ་ལམ་ཞུས་པ་ཡིན། བཞི་པ། དཔེ་སྒྲིག་འབྲས་བུ་དང་བྱ་དགའི་ལེགས་སྐྱེས། དེ་ནས་འདུལ་བ་མདོ་རྩ་དང་། མངོན་པ་ཀུན་བཏུས། དབུ་མ་འཇུག་པ། ཕར་ཕྱིན། ཚད་མ། དབུ་མ་རིགས་ཚོགས།བྱམས་ཆོས་སྡེ་ལྔ། སྤྱོད་འཇུག །གསང་འདུས་སྒྲོན་གསལ། ཐེག་བསྡུས། དེ་ཉིད་འདུས་པ། གསང་བདེ་འཇིགས་གསུམ། དུས་འཁོར་རྒྱས་འགྲེལ། སྒྲུབ་ཐབས་བརྒྱ་རྩ། རིན་འབྱུང་བརྒྱ་རྩ། རྡོ་རྗེ་ཕྲེང་བ། མེ་ཏྲེ་བརྒྱ་རྩ། མགོན་པོ་གུར་ཞལ། ལྕམ་སྲིང་། ཀུན་རིག། རྣམ་སྲས། བདེ་དགྱེས་གསང་གསུམ། མཁའ་སྤྱོད་དང་། དམར་པོ་སྐོར་གསུམ། བསྲི་གནོན། གཏད་རྟུལ། སྟོན་པའི་འཁྲུངས་རབས་བརྒྱ་ལྔ་བཅུ་པ། མཛད་བརྒྱ་དཔག་བསམ་འཁྲི་ཤིང་། གྲུབ་མཐའ་མཛོད། ཐེག་མཆོག་མཛོད། ཆོས་དབྱིངས་མཛོད། མངོན་པ་མཛོད། འདུལ་བ། དབུ་མ། ཕར་ཕྱིན། ཚད་མ་སོགས་མཚན་ཉིད་ཡིག་ཆ། ཇོ་བོ་རྗེའི་ལམ་སྒྲོན། རྗེ་ཙོང་ཁ་པའི་ལམ་རིམ་ཆེ་ཆུང་། བསྟན་རིམ། གསན་ཡིག །སྤྱོད་འཇུག་དང་ལམ་རིམ་གྱི་འགྲེལ་པ་ཁག །རྒྱལ་བ་སྐུ་ཕྲེང་རིམ་པའི་གསེར་སྡོང་དཀར་ཆག །གྲུབ་མཐའ་ཁག་གི་བླ་མའི་རྣམ་ཐར་དང་རྟོགས་བརྗོད། ཆོས་འབྱུང་། གསོ་བ་རིག་པ། རྩིས་དཀར་ནག །སྙན་ངག །སུམ་རྟགས། དག་ཡིག །མངོན་བརྗོད། ཆབ་ཤོག །དགོན་སྡེ་ཁག་གི་འདོན་ཆ། རབ་གནས། ཞབས་བརྟན་གསོལ་འདེབས། བརྟན་བཞུགས་བཅས་གོང་གསལ་ཆོས་ཚན་རེ་རེར་ཚར་མང་པོ་ཡོད་པ་ཡོངས་རྫོགས་ཕྱོགས་སྒྲིག་ཟིན་ཏེ་པོ་ཏི་སོ་སོར་སྤྱིའི་ཨང་གྲངས་བཀོད་དེ་དཔེ་མཛོད་ཁག་ལ་ཕྱོགས་བགོས་ཀྱིས་སྒྲིག་གཤོམས་བྱས་པ་དང་། དེ་སྔོན་དགེ་ལུགས་བླ་མའི་གསུང་འབུམ་རྣམས་ལ་ཞིབ་ཚགས་ཀྱིས་ལེ་ཚན་དང་ཤོག་གྲངས་ཁ་གསབ་བརྒྱབ་པ་དང་། མཛད་པ་པོར་ལོ་རྒྱུས་སྟབས་བདེ་རེ་འཚོལ་ཞིབ་བྱས་ཏེ་ཟིན་བྲིས་ཀྱི་ལམ་ནས་མཁས་དབང་ཁག་ལ་ནོར་བཅོས་ཞུས་ཏེ་སྤྱི་ལོ༡༩༨༧ལོར་བླ་མ་༢༠༠ལྷག་ཙམ་གྱི་གསུང་འབུམ་དཀར་ཆག་དཔར་འགྲེམས་ཞུས་པ་དང་། དེ་རྗེས་གསང་སྔགས་སྔ་འགྱུར་རྙིང་མ་དང་། བཀའ་བརྒྱུད་པའི་མཁས་དབང་ཉིས་བརྒྱ་ལྷག་ཙམ་གྱི་གསུང་འབུམ་དཀར་ཆག་སྔ་རྙིང་གཉིས་དཔར་འགྲེམས་ཞུས་པའི་འཕྲོས་བཀའ་གདམས་པ། ས་སྐྱ། བུ་སྟོན། ཇོ་ནང་པ། བོ་དོང་། ཞི་བྱེད་པ། བོན་བཅས་གྲུབ་མཐའ་ཁག་གི་པོ་ཏཱ་ལ་བླ་མའི་གསུང་འབུམ་ལམ་ཙམ་ཕྱོགས་སྒྲིག་ཟིན་ཏེ་ཞིབ་བཤེར་བྱེད་པའི་སྐབས་སེ་ར་དགོན་པས་དོ་དམ་ཁྲུའུ་ལ་ཡི་གེ་ཕུལ་བའི་ནང་ང་ཚོའི་ཚོགས་ཆེན་ལ་བཞུགས་པའི་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ལ་མིང་གོང་མ་ཡུང་ལོས་གནང་བའི་ནན་ཅིན་མཚལ་པར་གྱི་བཀའ་འགྱུར་དེ་དག་རིག་གནས་གསར་བརྗེའི་ནང་ཐོར་གྱར་ཕྱིན་ཏེ་པེ་ཅིང་བོད་རིག་པའི་ཞིབ་འཇུག་ཁང་གིས་ཉམས་གསོ་ཞུ་རྩིས་ཀྱི་མདོ་རྒྱུད་གཉིས་ཞིབ་བཤེར་བྱས་ཏེ་ཤོག་གྲངས༣༥༠༠ཆད་པ་དེ་དག་དགོན་པ་རང་ནས་ཉམས་གསོ་ཞུ་རྒྱུ་ཡིན་པས་རྩེ་ནས་མཚལ་པར་དེའི་མ་དཔེ་གཡར་རོགས་ཞེས་འཁོད་པར་རྩེའི་མཚལ་པར་དེའི་གདོང་འཛར་སྟེང་ཤོག་གྲངས༡༣༠༠ཙམ་ཆད་པ་གཉིས་པོས་པོ་ཏཱ་ལ་དོ་དམ་ཁྲུའུ་ནས་ཆབས་ཅིག་ཉམས་གསོ་གནང་རྒྱུར་གཏན་འཁེལ་ལྟར།བལ་ཡུལ་ནས་བོད་ཤོག་བྲེ་ཁ་རེར་ཞེང་དཀྱུས་སྤྱི་ཁྲེ་གང་ལྷག་ཙམ་བྱས་པ་དོ་པོ་འགའ་ཤས་ཉོས་ཏེ་སྤྱི་ལོ༢༠༠༣ལོ་ཟླ༣ཚེས༢༧ནས་ཞོལ་ཁུལ་དུ་རྩེའི་སྐུ་ཞབས་ངག་དབང་བཟོད་པ་ལགས་དང་། དཀོན་མཆོག་བསྟན་དར། ངག་དབང་ཆོས་ཉིད། དགེ་འདུན་སེང་གེ །ཨར་པོ་བ་བསྟན་འཛིན་ཟླ་བ། བུ་མོ་དབང་མོ། རང་ཉིད་བཅས་མི་བདུན་ཤོག་བུ་སྦྱར་ཁ་རྒྱག་པའི་ལས་གྲ་ཚུགས་ཏེ་ཉིན་རེར་ཤོག་བུ་གྲངས་བརྒྱ་ལྷག་ཙམ་རེ་ཉིས་སྦྱར་གྱིས་སྐམ་གསེས་བྱས་ཏེ་ཉིན་ལྔ་བཅུའི་ཐོག་ཤོག་བུ་སྦྱར་ཁའི་ལས་ཀ་ལེགས་གྲུབ་ཀྱིས་ཚགས་པར་ལས་ཁུངས་སུ་ཤོག་དྲས་ཐེངས་འགའ་ཤས་བརྒྱབ་པ་དང་། དེ་ནས་ཤོག་བུའི་རྒྱབ་མདུན་གཉིས་ཀ་མིའི་ནུས་ཤུགས་ཀྱིས་ཨུར་བརྒྱབ་ནས་འཇམ་ཤ་བཏོན་པར་ལས་སྣོན་དུ་སྤྲད་པ་བཅས་ཤོག་བུའི་གྲ་སྒྲིག་ཚར་རྗེས་རང་ཉིད་དང་། དཀོན་མཆོག་བསྟན་དར་ལགས་གཉིས་ཀྱིས་སེ་ར་དང་། རྩེའི་མཚལ་པར་བཀའ་འགྱུར་གྱི་ཆད་ཐོ་གཉིས་ཟུང་སྦྲེལ་གྱིས་སྣར་ཐང་པར་མའི་བཀའ་འགྱུར་མ་དཔེར་བཅོལ་ཏེ་འདུལ་བའི་སྡེ་ཚན་ནས་འགོ་བཙུགས་ཏེ་ཤོག་གྲངས་ཆད་པའི་ཚིག་མཚམས་ནས་མཐུད་སའི་ཚིག་དབར་འཚོལ་ཞིབ་ཀྱིས་ཡིག་འབྲུའི་གྲངས་འབོར་ཐོ་འགོད་ཀྱི་ཡིག་འབྲུ་དེ་དག་ཡིག་ཕྲེང་ལ་ཆ་གསེས་ཀྱིས་ཡིག་འབྲི་མཁས་པ་རྡོ་རྗེ་ཆོས་འཕེལ་དང་། བཀྲ་ཤིས་ཕུན་ཚོགས། བློ་བཟང་ཕུན་ཚོགས། བཀྲ་ཤིས་དོན་གྲུབ། དབང་རྒྱལ་བཅས་མི་དྲུག་ལ་བལྟ་ཞིབ་ནན་པོའི་ཐོག་ཤོག་གྲངས་འཕར་ཐོལ་མེད་པར་རང་ཤོང་དུ་འབྲིར་བཅུག་སྟེ་ཁྱོན་འབོར་གྱི་གསུམ་ཆ་གཅིག་ཙམ་བྲིས་ཚར་མཚམས་སྐུ་ཞབས་ཐུབ་བསྟན་བྱམས་པ་ལགས་དང་། བློ་བཟང་བཀྲ་ཤིས་ལགས། དཀོན་མཆོག་བསྟན་དར་ལགས། རང་ཉིད་བཅས་མི་བཞིས་ཞུ་དག་ཐེངས་གཉིས་རེ་བཏང་བ་དང་། ཤོག་ལྷེ་སོ་སོའི་གཡས་ཀྱི་ཟུར་དུ་རྒྱ་ཡིག་ཡིག་ཆེན་ཨང་གྲངས་འཁོད་པ་འབྲེལ་ཡོད་མི་སྣར་འབྲིར་བཅུག་སྟེ་པོ་ཏི་ཉི་ཤུའི་ཁ་ཤོག་དང་པོ་དང་། གཉིས་པ་སོ་སོར་ལྷའི་སྐུ་བཞེངས་སུ་བཅུག་སྟེ་རྩེ་དང་སེ་རའི་མཚལ་པར་བཀའ་འགྱུར་ཉམས་གསོ་ལེགས་པར་གྲུབ་སྟེ། སྤྱི་ལོ༢༠༠༥ལོའི་ཟླ༥ནང་པོ་ཏཱ་ལའི་ཁྲུའུ་ཀྲང་བྱམས་པ་སྐལ་བཟང་ལགས་དང་རང་ཉིད་ནས་སེ་ར་དགོན་པའི་ཀྲུའུ་རིན་ལྷན་འཛོམས་སར་རྩིས་འབུལ་ཞུས་པ་ཡིན། དེ་ནས་དཔེ་མཛོད་རང་ཁོངས་ཀྱི་གསེར་བྲིས་བཀའ་འགྱུར་དང་། འབུམ། དངུལ་བྲིས། ནག་བྲིས་བསྟན་འགྱུར་བཅས་པོ་ཏི་དྲུག་ཅུ་རེ་ལྔའི་གདོང་འཛར་སྟེང་ཤོག་གྲངས༡༣༥༣ཆད་ཐོ་འཁོད་པའི་ཁོངས་ནས་ཤོག་གྲངས༧༨༥། མཐིང་ཤོག་བཟོ་རྒྱུར་ཕྱི་ཕྱོགས་སུ་ལས་བསྣོན་དུ་བསྐྱལ་རྗེས་སྣར་ཐང་བཀའ་འགྱུར། བསྟན་འགྱུར་གཉིས་མ་དཔེ་བྱས་ཏེ་ཤོག་གྲངས་སོ་སོའི་ཆད་མཐུད་ཀྱི་བྱེད་སྒོ་གོང་གི་མཚལ་པར་བཀའ་འགྱུར་གྱི་ལམ་བཞིན་བྱས་པ་དང་། ཡིག་འབྲིའི་སྐབས་གྲང་གསེར་རྩ་རྫི་མའི་ཁུ་བ་ལ་སྦང་པ་ཡིན་ན་ཡི་གེ་འོད་མདངས་འཕྲོ་བ།བདལ་ཞིག་མི་འགྲོ་བ། ཁུད་ཆེ་བ་བཅས་ཀྱི་གསེར་ཨ་ན་གཅིག་གིས་དཔེ་རིང་ཡིག་ཕྲེང༢༤ཙམ་བྲི་ཐུབ་པ་དང་། གསེར་དངུལ་གྱི་འབུམ་བྲིས་མ་ཁག་གཅིག་སྤྱི་ལོའི་དུས་རབས་བཅུ་གཉིས་ནང་དང་། དེ་འཕྲོས་བཀའ་འགྱུར་དང་། ནག་བྲིས་ཀྱི་བསྟན་འགྱུར་རྣམས་དུས་རབས་བཅུ་བདུན་ནང་གི་རིག་དངོས་རིམ་པ་དང་པོ་དང་། གཉིས་པ་ཤ་སྟག་ཡིན་པས་བྲི་སྲོལ་གྱི་ཁྱད་པར་དབང་གིས་དང་པོའི་ཡིག་གཟུགས་དང་གཞི་མི་མཐུན་པར་མ་བྱེད་པ། བརྗོད་བྱ་དང་དག་ཆ་སྔ་སོར་བཞག་སྟེ་བྲིས་ཚར་རིམ་བཞིན་ཞུས་དག་ཐེངས་གཉིས་རེ་བཏང་སྟེ་པོ་ཏི་སོ་སོའི་ཁོངས་བཅུག་ནས་གྲངས་བཤེར་གྱིས་སྤྱི་ལོ༢༠༠༥ལོའི་ཟླ༦ནང་དཔེ་མཛོད་ཁང་དུ་བསྡུ་བཅུག་ཟིན་རྗེས་ཡིག་འབྲི་བ་རྣམས་ལ་དོ་དམ་ཁྲུའུ་ནས་བྱ་དགའ་ལེགས་སྐྱེས་རིམ་པ་དང་གཉིས་ཀྱི་གསོལ་རས་གནང་བ་བཅས་གོང་གསལ་དཔེ་སྒྲིག་གི་ལས་ཀའི་ནང་ང་ཚོ་ལས་མི་འདས་གསོན་བཅུ་གཉིས་ཙམ་གྱིས་ལོ་ངོ་མང་པོའི་རིང་དཀའ་སྤྱད་འབད་བརྩོན་ངང་རང་ཉིད་ཀྱི་ཤེས་བྱའི་ནུས་པ་ལེགས་སྐྱེས་སུ་ཕུལ་ཏེ་པོ་ཏཱ་ལར་དཔེ་མཛོད་ཁང་ཁག་གསར་བསྐྲུན་ཐུབ་པ་བྱུང་སོང་ངོ་། །
འབྲེལ་ཡོད་འོས་སྦྱོར།