logo

༄༅། །ཞིན་ཧེ་རྫོང་གིས་རིག་གནས་འཛུགས་སྐྲུན་གྱི་དར་ཆ་མཐོན་པོར་སྒྲེང་།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་མེ་ལོང་། དུས་ཚོད།:2022-07-11 ཀློག་གྲངས།:
        ཞིན་ཧེ་རྫོང་ནི་རྒྱལ་ཡོངས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་རྫོང་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པའི་རྫོང་གཙོ་བོ་དང་། ཁུལ་ཡོངས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་སྔོན་ལ་འཛུགས་སྐྲུན་བྱས་པའི་དཔེ་སྟོན་རྫོང་ཞིག་ཀྱང་ཡིན།
གསར་འགོད་པས་ཞིན་ཧེ་དཔེ་མཛོད་ཁང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།
པར་རིས་བརྩམས་ཆོས།
རྒྱབ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པའི་མ་ཎིའི་མགུར་དབྱངས་ཀྱི་གཟེངས་རྟགས།
འཁྲབ་སྟོན་ལ་གྲ་སྒྲིག་བྱེད་བཞིན་པ།
        ཞིན་ཧེ་རྫོང་གིས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ཚོད་ལྟའི་རྫོང་གི་བྱ་བ་སྤེལ་བའི་ཚུན་ལ། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་མཉམ་དུ་འབྲེལ་ཞིང་དང་བླངས་ཞབས་ཕྱིའི་རྨང་གཞིའི་རྣམ་པར་བརྟེན་ནས། ཀུན་སྤྱོད་བཟང་བོའི་འཛུགས་སྐྲུན་དང་རིག་གནས་རྒྱུན་འཛིན་སོགས་བྱེད་ནུས་མང་བོ་གཞི་གཅིག་ཏུ་གྱུར་བའི་གཞི་རིམ་ཕྱོགས་བསྡུས་ཞབས་ཕྱིའི་སྟེགས་བུ་གསར་བསྐྲུན་བྱས་ཏེ། རིག་གནས་ཐང་ཆེན་དང་། ཁྱིམ་གྱི་དཔེ་ཁང་། ཞིང་སྡེའི་སློབ་གྲྭའི་ན་གཞོན་ལས་དོན་ཁང་། ཀུན་སྤྱོད་འཆད་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་དེ་དཔལ་ཡོན་རིག་གནས་ལག་ལེན་བྱ་འགུལ་སྤེལ་བས་མི་དམངས་མང་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་ལ། ཁྱིམ་ཚང་མང་བོའི་ཁྱིམ་སྲོལ་བཟང་བོ་དེ་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོར་ཆགས་པའི་དཔེ་སྟོན་གྱི་ལུགས་སྲོལ་བཟང་བོ་ཞིག་ཏུ་གྱུར་ཡོད།
དཔེ་མཛོད་ཁང་དུ་བཤམས་པའི་གནའ་རྫས་ཀྱི་རིགས།
རྒྱན་ཆའི་རིགས།
རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ལྷན་རྒྱས།
གསར་དུ་དཔར་པའི་རྩོམ་རིག་དུས་དེབ།
སྐབས་རིམ་བྱུང་གི་གསེར་གྱི་ལྷ་དར།
        ཞིན་ཧེ་རྫོང་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ནས་བཟུང་། ཚོགས་པ་འདིས«བྲག་དཀར»དཔེ་ཚོགས་ལྟ་བུའི་དུས་དེབ་འདི་ཉིད་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་ཤུགས་བསྣན་ཏེ། དུས་དེབ་སྒྲུབ་པའི་ཉིང་དགོས་སེམས་ལ་དམ་པོར་བཟུང་ནས། དུས་དང་རྣམ་པ་ཀུན་ཏུ་དུས་དེབ་སྒྲུབ་པའི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ལ་མཐོང་ཆེན། དུས་དེབ་ཀྱི་རྒྱུ་སྤུས་ལ་ཁག་ཐེག་བཅས་བྱས་ཏེ། མི་རིགས་སྲིད་ཇུས་རྒྱུན་འཁྱོངས། དུས་དེབ་ཀྱི་བསམ་བློའི་མཐོ་ཚད་དང་སྒྱུ་རྩལ་གྱི་ཆུ་ཚད་ལ་མཐོང་ཆེན་བྱས་ཏེ། རྒྱ་ཆེའི་རྩོམ་པ་པོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་བར་བསྔགས་པ་བརྗོད་ཅིང་། བོད་ཁམས་ཀྱི་འགྱུར་ལྡོག་གསར་བ་དང་འཚོ་བ་གསར་བ་མངོན་པར་མཚོན་པ་ལ་ཤུགས་སྣོན་དང་མཐོང་ཆེན་བྱེད་པ། རྩོམ་པ་པོའི་བསམ་བློ་གསར་བ་དང་འདུ་ཤེས་གསར་བ། གསར་གཏོད་གསར་བ་མངོན་པར་མཚོན་པའི་དཔེ་མཚོན་གྱི་མི་སྣ་དང་། དཔེ་མཚོན་གྱི་བྱས་རྗེས་ལ་སྤྲོ་སེམས་འཁོལ་བའི་བསྔགས་བརྗོད་བྱེད་བཞིན་ཡོད།
གནའ་དཔེར་ཞིབ་འཇུག་བྱེད་བཞིན་པ།
གནའ་དཔེར་ཞིབ་འཇུག་བྱེད་བཞིན་པ།
ལས་ཀར་འཇུག་པའི་རྣམ་པ།
གསར་འགོད་པས་ལོ་བ་ཆོས་འཕེལ་ལ་བཅར་འདྲི་བྱེད་བཞིན་པ།
ལས་བཟོ་བ་ཚོས་ལས་ཀར་འཇུག་བཞིན་པ།
        གཞན་ཡང་ཞིན་ཧེ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་དུས་དང་རྣམ་པ་ཀུན་ཏུ«མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག»དང«མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག»དོན་འཁྱོལ་མཐར་ཕྱིན་བྱས་པའི་རྨང་གཞིའི་སྟེང་། རང་རྫོང་གི་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་སྤེལ་གྱི་ལས་དོན་ཁག་སྐུལ་འདེད་གཏོང་བར་གཞོགས་འདེགས་བྱས་ཏེ། རྫོང་ཡོངས་ཀྱི་མི་རིགས་སྐད་ཡིག་བཀོལ་སྤྱོད་ཚད་ལྡན་དུ་བཏང་ཤིང་། ཁྱད་ཆོས་ལྡན་པའི་རིག་གནས་ཁོར་ཡུག་གི་རྣམ་པ་ཞིག་མངོན་པར་བྱས་ཡོད། འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་ཆེད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་དང་ཁྲིམས་སྲོལ། ཡིག་ཆ་གལ་ཆེན་བཅས་ཀྱི་ཡིག་སྒྱུར་བྱ་བ་ལས་འགན་གལ་ཆེན་དུ་བཟུང་སྟེ། ཏང་སྲིད་སྡེ་ཁག་སོ་སོའི་ཡིག་ཆ་དང་ས་གནས་ཀྱི་སྲིད་ཇུས། ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་རྒྱུན་སྤྱོད་ཀྱི་གཞུང་ཡིག་རིགས། སྤྱི་ཚོགས་སྤྱོད་ཡིག་དང་ལས་ཁུངས་ཡིག་ཆའི་མགོ་བྱང་། གཞུང་ཐམ། འཕྲེད་འགེལ་སྦྱར་ཚིག སྒོ་བྱང་སོགས་ཀྱི་ཡིག་སྒྱུར་ལས་འགན་ཧུར་ཐག་གིས་སྒྲུབ་ཀྱིན་ཡོད།
        བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་རང་རྫོང་གི་ལོ་རེའི་“ཚོགས་ཆེན་གཉིས”དང“ལོ་ཚོགས”ཀྱི་ཡིག་ཆ13ལྷག་བོད་ཡིག་ཏུ་སྒྱུར་བ་དང་ཡིག་གྲངས་ཁྲི156ཟིན་ཡོད། དེ་མིན་ས་གནས་ཀྱི་རྩོམ་རིག་དུས་དེབ«གསེར་གྱི་ལྷ་དར»དང«བྲག་དཀར་སྲིད་དོན» «བྲག་དཀར་གནའ་དཔེ་དཔེ་ཚོགས» བཅས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ས་གནས་ཀྱི་རིག་གནས་སྔོག་འདོན་དང་འཇོན་མི་གསོ་སྐྱོང་། སྲིད་ཇུས་དྲིལ་སྒྲོག དམངས་ཕན་ཞབས་ཞུ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན།
ཞིན་ཧེ་རྫོང་ཉི་ཟེར་སྲིད་དོན་གཞུང་ལས་ཁང་གི་རྣམ་པ།
སེམས་རྣལ་དུ་ཕབ་སྟེ་བྱ་བར་འཇུག་བཞིན་པ།
བྲག་དཀར་དཔེ་ཚོགས་ངོ་སྤྲོད་བྱེད་བཞིན་པ།
        ཉི་ཟེར་སྲིད་དོན་གཞུང་སྒྲུབ་ཁང་ནི2015ལོའི་ཟླ10ནང་དངོས་སུ་བཙུགས་ཤིང་། མ་དངུལ་ལ་སྒོར་ཁྲི50བཏང་། ཉི་ཟེར་སྲིད་དོན་འཕྲིན་སྟེགས་དང་དྲ་ཚིགས་སུ་ལེ་ཚན་གཙོ་བོ17ལྷག་ཡོད་ཅིང་། གྲོང་གསེབ་དར་སྤེལ་དང་། རིམས་ནད་སྔོག་འགོག མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོབ། «གསེར་ཤོག་ངོས་ཀྱི་བྲག་དཀར།» «བྲག་དཀར་གསར་འགྱུར།» «བརྙན་རིས་གསར་འགྱུར།» «བྲག་དཀར་སྤྱི་བདེ།» «སྲིད་ཇུས་འགྲེལ་བཤད།» «དམངས་དོན་ཁྲིམས་གཞུང་།» «བྲག་དཀར་རྩོམ་རིག» «སྙན་མོ་གླུ་ཡི་འགྱུར་ཁུགས»སོགས་ལེ་ཚན་མང་པོ་བཀོད་སྒྲིག་བྱེད་བཞིན་ཡོད་ལ། རིག་གནས་སྣ་མང་དྲིལ་སྒྲོག་བྱས་པ་བརྒྱུད་དེ་2018ལོར་ཁུལ་ཡོངས་ཀྱི་ཕུལ་བྱུང་སྲིད་དོན་འཕྲིན་སྟེགས་སུ་བདམས། མ་འོངས་པར་འཕྲིན་སྟེགས་འདིས་མང་ཚོགས་ལ་ཞབས་ཞུ་གང་ལེགས་བསྒྲུབས་ཏེ་བྲག་དཀར་གཏམ་རྒྱུད་ཀྱི་མདུན་ལྗོངས་ཡངས་པོ་སྔར་ལས་ལྷག་པའི་མཚར་སྡུག་གི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་འདུག
ཞིན་ཧེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
        ཞིན་ཧེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འདིར་གཞུང་སྒྲུབ་ཁང་དང་གསར་འགྱུར་རྩོམ་སྒྲིག་ཚན་ཁག སྙན་སྒྲོན་པའི་ཚན་ཁག གསར་འགོད་པའི་ཚན་ཁག རབ་མཛེས་ཞིན་ཧེ་སྒྲིག་སྦྱོར་ཚན་ཁག་བཅས་ཚན་ཁག་ལྔ་ཡོད་པ་དང་། དེང་རབས་ཀྱི་སྔོན་ཐོན་སྣ་ཚོགས་འཐུས་ཚང་དུ་བསྒྲིགས་ཡོད། བརྙན་ཕབ་དང་སྒྲིག་སྦྱོར་སོགས་ཀྱི་ལག་རྩལ་ལ་བྱང་ཆ་ལྡན་ཞིང་། མ་འོངས་པར་སྤོབས་པས་ཁེངས་པའི་མི་སྣ་བཅུ་དགུ་ཡི་རུ་དཔུང་ཞིག་ཆགས་ཡོད། ཁོ་ཚོས་བརྙན་མིག་ལ་བརྟེན་ནས་ས་གནས་མང་ཚོགས་ལ་རིག་གནས་ཞབས་ཞུ་གང་ལེགས་བསྒྲུབ་པར་འབད་འབད་དུང་དུང་བྱེད་བཞིན་ཡོད།
མདོ་འཛིན་པ་ཚེ་མགོན་རྒྱལ་གྱིས་གསར་འགྱུར་སྒྲོག་འདོན་བྱེད་བཞིན་པ།
སྨྱན་བྱད་གསར་བའི་སྒྲིག་ཆས་སྣ་ཚོགས།
        མཉམ་འདྲེས་སྨྱན་བྱད་ལྟེ་གནས་འདིས་སྨྱན་བྱད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་གསར་འགྱུར་སྟེགས་བུ་གསར་སྐྲུན་ལག་བསྟར་བྱེད་པ་དང་མཉམ་དུ། སྨྱན་བྱད་ཀྱི་ཁྱབ་སྤེལ་བྱེད་ཚད་དང་ཤུགས་རྐྱེན་ཐེབས་ཚད། ཡིད་རྟོན་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ལ་ཁྲིད་སྟོན་དང་མང་ཚོགས་ལ་ཞབས་ཞུ་བྱེད་པ་དམིགས་ཡུལ་དུ་བཟུང་བ་དང་། ཏང་གི་ལོ་རྒྱུས་སློབ་གསོ་སློབ་སྦྱོང་དང་དམངས་འཚོའི་ལམ་བུ། བྲག་དཀར་གཏམ་རྒྱུད་སོགས་ཁྱད་ཆོས་ལྡན་པའི་ཆེད་དོན་ལེ་ཚན་སྐོར་སྒྲོག་གཏོང་བྱེད་བཞིན་ཡོད་ལ། ཆེད་དོན་ལེ་ཚན་གྱིས་སྨྱན་བྱད་ཀྱི་ལེགས་ཆ་བེད་སྤྱད་དེ་དུས་ཐོག་ཏུ་རྫོང་ཡོངས་ཀྱི་ལས་ཁུངས་སོ་སོར་བརྗོད་དོན་སློབ་གསོའི་བྱ་བའི་གྲུབ་འབྲས་དང་ཁྱད་ཆོས་བཅས་དྲིལ་སྒྲོག་བྱས་ཏེ། བརྗོད་དོན་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན། དམངས་འཚོའི་ལམ་བུའི་ལེ་ཚན་གྱིས་ཁ་པར་དང་དྲ་ལམ་བརྒྱུད་ནས་མང་ཚོགས་ཀྱིས་བཏོན་པའི་གླེང་ཕྱོགས་གཙོ་བོ་དག་དྲིལ་སྒྲོག་བྱས་པས། གནད་དོན་ཐག་གཅོད་དང་སྤྱི་ཚོགས་ཞབས་ཞུའི་ཐད་ནུས་པ་ཆེན་པོ་ཐོན་པ་དང་། བྲག་དཀར་གཏམ་རྒྱུད་དང་འབྲེལ་བའི་ཆེད་དོན་ལེ་ཚན་གྱིས་གནས་འདིའི་ཐུན་མིན་ཐོན་ཁུངས་ཁྱད་སྟོབས་བེད་སྤྱད་དེ་རྫོང་ཡོངས་ཀྱི་རང་བྱུང་མཛེས་ལྗོངས་ཀྱི་ཁྱད་ཆོས་དང་ལོ་རྒྱུས་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་སྔོག་འདོན་དྲིལ་སྒྲོག་བྱས་ཏེ། ས་གནས་རང་གི་རིག་གནས་ཡུལ་སྐོར་ལས་དོན་འཕེལ་རྒྱས་སུ་འགྲོ་བར་དྲིལ་སྒྲོག་གི་ནུས་ཤུགས་མི་དམན་པ་བཏོན་ཡོད།
        མཉམ་འདྲེས་སྨྱན་བྱད་འདིས་བོད་རྒྱ་སྐད་གཉིས་ཀྱི་གསར་འགྱུར་དྲིལ་སྒྲོག་དང་། སྐད་འཕྲིན་སྤྱི་སྟེགས་སོགས་བེད་སྤྱད་དེ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སོགས་བརྗོད་དོན་སློབ་གསོའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་ཁྱད་ཆོས། བྱེད་ཐབས་དང་མཉམ་མྱོང་བཟང་པོ་དྲིལ་སྒྲོག་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། ཁས་ལེན་ཡང་ཆེན་པོ་ཐོབ་ཡོད།
        ཉེ་བའི་ལོ་འདི་གའི་རིང་ལ། ཞིན་ཧེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་གཏིང་ཟབ་དང་། རིག་གནས་སྲུང་སྐྱོབ་རྒྱུད་འཛིན་བྱེད་པ། སྤུན་ཟླ་རྫོང་ཁག་བར་རིག་གནས་བསམ་བློ་བརྗེ་རེས་བྱེད་པ་བརྒྱུད་དེ། མི་དམངས་མང་ཚོགས་ཀྱི་རིག་གནས་རང་རྟོན་དང་། རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། ཉི་ཟེར་སྲིད་དོན། ཞིན་ཧེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་སྡེ་ཁག་མི་འདྲ་བ་དག་གིས་དམངས་ཕན་སྲིད་ཇུས་དྲིལ་སྒྲོག་དང་། གཟུགས་འདས་ཤུལ་བཞག་རིག་གནས་སོགས་དམངས་ཁྲོད་ཀྱི་རིག་གནས་སྣ་ཚོགས་སྔོག་འདོན་དང་རྒྱུད་འཛིན་བྱས་ཏེ་ཞང་སྡེ་དར་སྤེལ་དང་འཛུགས་སྐྲུན། ཕྱོགས་ཡོངས་ནས་རིག་གནས་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས།
འབྲེལ་ཡོད་འོས་སྦྱོར།