logo

“སྦྲང་ཆར་རྩོམ་རིག་བྱ་དགའ”སྐབས་བཅུ་པའི་མཛད་སྒོ་ཟི་ལིང་དུ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-08-12 ཀློག་གྲངས།:
“སྦྲང་ཆར་རྩོམ་རིག་བྱ་དགའ”སྐབས་བཅུ་པ་སྤེལ་པའི་མཛད་སྒོ་དང“དགའ་སྤྲོའི་ངང་ནས་ཚོགས་ཆེན་ཉི་ཤུ་བསུ། བརྩོན་འགྲུས་ཆེན་པོས་ལམ་བུ་གསར་བར་བསྐྱོད”ཅེས་པའི་རྩོམ་རིག་གསར་རྩོམ་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
 
        “སྦྲང་ཆར་རྩོམ་རིག་བྱ་དགའ”སྐབས་བཅུ་པ་སྤེལ་པའི་མཛད་སྒོ་དང“དགའ་སྤྲོའི་ངང་ནས་ཚོགས་ཆེན་ཉི་ཤུ་བསུ། །བརྩོན་འགྲུས་ཆེན་པོས་ལམ་བུ་གསར་པར་བསྐྱོད། །”ཅེས་པའི་རྩོམ་རིག་གསར་རྩོམ་བགྲོ་གླེང་ཚོགས་འདུ་དེ། སྤྱི་ལོ2022ལོའི་ཟླ8པའི་ཚེས12ཉིན་གྱི་ཕྱི་དྲོར་གནའ་མཁར་ཟི་ལིང་དུ་བདེ་བླག་ངང་འཚོགས།
        ཚོགས་འདུའི་སྟེང་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧྲེ་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ་རབ་བརྟན་ཚེ་རིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པ་ཞིའུ་ཚོན་ཧྲི། ཧྲེ་ཀྲང་གཞོན་པ་ལི་ཝེ། ཧྲེ་ཀྲང་གཞོན་པའམ་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དོན་གྲུབ། མཚོ་སྔོན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལུང་རིན་ཆེན། མ་ཎི་རྡོ་འབུམ་གློག་བརྙན་གྱིCEOཔདྨ་ཚེ་བརྟན། རྩོམ་པ་པོ་དང་དཔྱད་བརྗོད་པ་སོགས་མི་སྣ་དྲུག་ཅུ་ལྷག་ཞུགས།
        ཐེངས་འདིའི་རྩོམ་རིག་བྱ་དགའ་ནི་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་བར་གྱི«སྦྲང་ཆར»དུ་སྤེལ་པའི་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། རྩོམ་རིག་དཔྱད་བརྗོད་བཅས་ལས་བདམས་པ་ཡིན་ལ། འདེམ་སྒྲུག་བྱེད་དུས་ཐོག་མར་ཀློག་པ་པོས་དྲ་ཐོག་བརྒྱུད་ནས་འདེམ་ཤོག་འཕངས་པ་དང་། རྩོམ་སྒྲིག་པས་འོས་སྦྱོར་བྱས་པ། རྩོམ་རིག་ལས་གནས་སུ་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པས་གྲུབ་པའི་དཔྱད་འདེམ་ཚན་ཆུང་གིས་དཔྱད་འདེམ་དང་བགྲོ་གླེང་། གྲོས་སྡུར་སོགས་བྱས་པ་བརྒྱུད། རྩོམ་པ་པོ་ལ་མི་རྟོན་པར་བརྩམས་ཆོས་ལ་རྟོན་པའི་རྩ་དོན་གཞིར་བཟུང་ནས་ཡོངས་བསྒྲགས་དང་། མཉམ་དང་དྲང་བདེན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་བརྩམས་ཆོས་དྲུག་བདམས་ཐོན་བྱུང་།
བྱ་འགུལ་ཡུལ་དངོས།
བྱ་འགུལ་ཡུལ་དངོས།
        སྐབས་བཅུ་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་པའི་བརྩམས་ཆོས་ནི་རིག་ལྡན་རྒྱ་མཚོའི་སྒྲུང་གཏམ«ཡིད་ཆེས་དང་རྨ་ཁ»དང་ཚེ་དབང་རྣམ་རྒྱལ་གྱི་སྒྲུང་གཏམ«ཟྭ» བུ་ཚེ་རིང་རྒན་པའི་ལྷུག་རྩོམ«དྲན་པས་མ་ཟིན་པའི་སྐྱིད་གྲོང»གསུམ་ཡིན་ལ། སྐབས་བཅུ་པའི“སྦྲང་ཆར་དཔྱད་བརྗོད་བྱ་དགའ”ཐོབ་པའི་བརྩམས་ཆོས་ནི་ར་ས་བསྟན་འཛིན་ཆོས་གྲགས་ཀྱི་དཔྱད་བརྗོད«བོད་ཀྱི་རྩོམ་རིག་གི་མཐའ་དཔྱོད་ཀྱི་གནས་བབ་དང་མ་འོངས་འཚོལ་ཞིབ»ཡིན་པ་དང་། སྐབས་བཅུ་པའི“སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ་པའི་བརྩམས་ཆོས་ནི་སྙན་བུའི་སྒྲུང་གཏམ«ཟིན་དེབ་དམར་པོ»དང་ཁེར་བུའི་སྙན་ངག«ཕ་ཡུལ་གྱི་མགྱོགས་བྲིས་ཚན་པ་གསུམ»བཅས་ཡིན།
བྱ་འགུལ་ཡུལ་དངོས།
        “སྦྲང་ཆར་རྩོམ་རིག་བྱ་དགའ”ནི་སྤྱི་ལོ1994ལོར་སྤེལ་མགོ་ཚུགས་པ་དང་། ལོ་གསུམ་རེའི་ནང་ཐེངས་རེ་སྤེལ་གྱིན་ཡོད་ལ། ད་ལྟའི་བར་ཐེངས་བཅུ་ལ་སྤེལ་ཏེ། སྔ་ཕྱིར་རྩོམ་ལུས་མི་འདྲ་བ64ལ་བྱ་དགའ་ཐོབ། སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་སྡེ་ནས་སྒྱུ་རྩལ་དང་བསམ་བློ་གང་གི་ཆ་ནས་བལྟས་ཀྱང་བོད་ཀྱི་ཆེས་མཐོ་བའི་རྩོམ་རིག་གི་ཆུ་ཚད་དེ་མཚོན་ཡོད།
སྐབས་བཅུ་པའི་བྱ་དགའ་རེག་མཁན་གྱི་རྩོམ་པ་པོ་རྣམ་པ།
        ཐེངས་འདིའི་ཚོགས་ཐོག་ཏུ་དཔྱད་འདེམ་ཚོགས་པའི་ཀྲུའུ་རེན་པདྨ་ཚེ་བརྟན་གྱིས་དཔྱད་འདེམ་ཚོགས་པའི་ཚབ་བྱས་ཏེ་དཔྱད་འདེམ་གྱི་གོ་རིམ་མ་ལུས་ཚོགས་ཞུགས་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞིབ་ཅིང་ཕྲ་བར་བསྒྲོན་ལ། ཁོང་གིས་ཐེངས་འདིའི་སྦྲང་ཆར་རྩོམ་རིག་བྱ་དགའི་འོས་སྦྱོར་ནང་ཚུད་པའི་བརྩམས་ཆོས་ཀྱི་བརྗོད་བྱ་དག་སྔོན་མ་ལས་སྣ་མང་ཅན་དང་། ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཅིང་། རྩོམ་པ་པོ་རྣམས་ཀྱི་མཐོང་རྒྱའང་སྔར་ལས་ཇེ་ཆེ་དང་། མཚོན་ཐབས་ཀྱང་སྔར་ལས་འཛོམས་པོ་བཅས་སུ་གྱུར་ཡོད་པ་མཐོང་བས། བདག་ལ་ཡིད་སྨོན་དང་ང་རྒྱལ་ཡང་སྐྱེས་སུ་བཅུག་པ་དང་། དཔྱད་འདེམ་སྐབས་སུ་སྦྲང་ཆར་རྩོམ་རིག་བྱ་དགའི་དཔྱད་འདེམ་རྩ་དོན་གཞིར་བཟུང་ནས་དྲང་བོ་དྲང་བཞག་གི་སྒོ་ནས་བདམས་ཤིང་། སྤྱི་ལོ2018ལོ་ནས2020ལོའི་བར་གྱི་སྦྲང་ཆར་དུས་དེབ་ཏུ་སྤེལ་པའི་བརྩམས་ཆོས་ལས་ཆེས་ཕུལ་བྱུང་དག་བདམས་ཡོད་ཅིང་། དེ་དག་གི་བརྗོད་དོན་དང་བསམ་བློ། མཚོན་ཐབས་སོགས་གང་ཐད་ནས་ཆུ་ཚད་ཅུང་མཐོ་བས། བོད་ཀྱི་རྩོམ་རིག་གསར་རྩོམ་ཡང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་པར་ངོས་འཛིན་བྱེད་ཡོད་ཅེས་བསྒྲགས།
ཐེངས་འདིའི་དཔྱད་འདེམས་ཚན་ཆུང་།
        རིག་ལྡན་རྒྱ་མཚོས་བྱ་དགའ་ཐོབ་པའི་རྩོམ་པ་པོ་དག་གི་ཚབ་བྱས་ཏེ་བྱ་དགའ་གནང་མཁན་གྱི་འབྲེལ་ཡོད་ལས་ཁུངས་ལ་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག རྗེས་སོར་མུ་མཐུད་དུ་གསར་རྩོམ་ཐད་འབད་པ་རྒྱུན་འཁྱོངས་བྱས་ནས་ཐེངས་འདིའི་བྱ་དགའ་གནང་མཁན་ལས་ཁུངས་ངོ་གནོང་མི་དགོས་པ་དང་། ཀློག་པ་པོ་རྣམས་ཀྱིས་ཡིད་ཚིམས་པའི་བརྩམས་ཆོས་མང་བོ་འབྲི་བར་འབད་པ་བྱས་ནས། བོད་ཀྱི་རྩོམ་རིག་གི་སྡེ་ལ་རང་ཡོད་པའི་སྟོབས་དང་ནུས་པ་འབུལ་རྒྱུའི་ཆོད་སེམས་བསྟན། མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་དང་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་མགོ་ཁྲིད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་མགོ་ཁྲིད་ཀྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།
བྱ་འགུལ་ཡུལ་དངོས།
        ཐེངས་འདིའི་བྱ་དགའི་འགྲོ་སོང་ཐད་མ་དངུལ་གྱི་མཐུན་རྐྱེན་སྦྱོར་མཁན་ནི“མ་ཎི་རྡོ་འབུམ་གློག་བརྙན་ཀུང་སི”ཡིན་པ་དང་། “སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་མཁན་དང“སྦྲང་ཆར་རྩོམ་རིག་དཔྱད་བརྗོད་བྱ་དགའ”ཐོབ་མཁན་མི་རེར་དམངས་སྒོར8000རེ་དང་། “སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ་མཁན་མི་རེར་དམངས་སྒོར4000རེ་གནང་། དུས་མཚུངས་སུ་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་རྩོམ་སྒྲིག་འགན་འཁུར་པ་མཁའ་འགྲོ་ཚེ་རིང་དང་ཆོས་སྐྱོང་། པད་མ་དབང་ཆེན། ཁོན་ཐར་རྒྱལ་བཅས་ལ་ཡང་བྱ་དགའི་དངུལ་དང་གཟིགས་བཟོས་ཀྱི་དཔང་ཡིག་བཅས་གནང་།
བྱ་འགུལ་ཡུལ་དངོས།
        བྱ་དགའ་སྩོལ་བའི་མཛད་སྒོ་གྲོལ་མ་ཐག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པའམ་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་མགོ་འཛིན་མཛད་ནས“དགའ་སྤྲོའི་ངང་ནས་ཚོགས་ཆེན་ཉི་ཤུ་བསུ། །བརྩོན་འགྲུས་ཆེན་པོས་ལམ་བུ་གསར་བར་བསྐྱོད”ཅེས་པའི་རྩོམ་རིག་གསར་རྩོམ་བགྲོ་གླེང་གི་མགོ་བརྩམས། ཚོགས་ཐོག་ཏུ་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་དང་། རྩོམ་པ་པོ་ལྷ་རྒྱལ་ཚེ་རིང་། ལུང་རིན་ཆེན། འབྲོང་བུ་རྡོ་རྗེ་རིན་ཆེན། རང་སྒྲ། མཛེས་སེ། ཁྲི་སེམས་དཔའ། རུས་པ། ཆོས་སྐྱོང་སོགས་རྩོམ་རིག་དཔྱད་བརྗོད་པ་དང་རྩོམ་པ་པོ། རྩོམ་སྒྲིག་པ་བཅུ་ལྷག་གིས་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་ཏེ། རང་རང་གི་ལྟ་ཚུལ་ལྷུག་པོར་བརྗོད།
        ཚོགས་ཞུགས་པ་རྣམས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་སྤྱི་དང་སྒོས་སུ་དུས་དེབ«སྦྲང་ཆར»གཞིར་བཞག་ཐོག རྩོམ་ཡིག་བཅའ་ཚུལ་དང་ལེ་ཚན་སྒྲིག་སྟངས། བརྗོད་བྱ་རྗོད་བྱེད། རྩོམ་རིག་སློབ་ཁྲིད། བྱ་དགའ་ལེགས་བཅོས་སོགས་ཀྱི་ཐད་ནས་བགྲོ་གླེང་ཕུན་སུམ་ཚོགས་པ་བྱས།
འབྲེལ་ཡོད་འོས་སྦྱོར།