མཚོ་ལྷོ་འབའ་རྫོང་ནས་གསར་རྙེད་བྱུང་བའི་ཡོན་རྒྱལ་རབས་དུས་ཀྱི་གསེར་སྟག་བཀའ་བྱང་།
རྩོམ་པ་པོ།:མགར་རྩེ་གནམ་འབྲུག་རྒྱལ་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-23
ཀློག་གྲངས།:
༄༅། །མཚོ་སྔོན་ནས་གསར་དུ་བུད་པའི་ཡོན་རྒྱལ་རབས་ཀྱི་གསེར་སྟག་བཀའ་བྱང་དང་ལོ་རྒྱུས་དོན་སྙིང་།
བོའུ་ཡུན་པིས་ལིག་གིས་རྒྱ་ཡིག་ཏུ་བརྩམས།
མགར་རྩེ་གནམ་འབྲུག་རྒྱལ་གྱིས་བསྒྱུར།
མགར་རྩེ་གནམ་འབྲུག་རྒྱལ་གྱིས་བསྒྱུར།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གཅིག་བསྡུས་སློབ་སྦྱོང་ཐེངས་ཉེར་གསུམ་པའི་སྟེང་གནའ་རྫས་རྟོག་ཞིབ་ལས་དོན་ནི་རིག་གནས་བྱ་གཞག་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལས་དོན་ཞིག་ཀྱང་ཡིན་ཞེས་ནན་གྱིས་གསུངས་པ་བཞིན། གནའ་རྫས་རྟོག་ཞིབ་ཀྱི་ལས་ཀ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་ཀྲུང་ཧྭའི་ཤེས་རིག་གི་གཅེས་ནོར་གལ་ཆེན་དེ་འགྲེམ་སྟོན་དང་གསར་སྐྲུན་བྱས་པ་ཞིག་རེད། ད་ལོར་མཚོ་སྔོན་ལྷོ་རྒྱུད་ནས་གསར་དུ་རྙེད་པའི་ཡོན་རྒྱལ་རབས་ཀྱི་གསེར་སྟག་བཀའ་བྱང་གིས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་ལོ་རྒྱུས་ཐོག་ཀྲུང་དབྱང་སྲིད་གཞུང་གིས་བོད་རིགས་ས་ཁུལ་དུ་དམག་སྲིད་དོ་དམ་ལག་ལེན་དུ་བསྟར་བའི་དོན་དངོས་མཚོན་པར་བྱས་ཡོད་ལ། ལོ་རྒྱུས་སྟེང་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གསར་སྤེལ་དང་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་མཚོན་ཡོད།
གསར་དུ་རྙེད་པའི་ཞོལ་མའི་གསེར་སྟག་བཀའ་བྱང་གི་པར།
2020ལོའི་དབྱར་ཁར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གི་ལྷོ་ཕྱོགས་ཏེ། མཚོ་ལྷོ་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་མཚམས། རྨ་ཆེན་གངས་རིའི་བྱང་ཤར་ཕྱོགས་ཀྱི་རྨ་ཆུའི་ཤར་ངོས་སུ་ཆགས་པའི་ཞོལ་མ་ཡུལ་ཚོ་རྡེའུ་དཀར་སྡེ་བའི་ཞོལ་སྐྱ་ཞེས་པའི་ས་ཆར་བཀའ་བྱང་ཞིག་བུད་ཅིང་། ད་ལྟ་འབའ་རྫོང་རིག་གནས་ཡུལ་སྐོར་ཅུའུ་ནང་ཉར་ཚགས་བྱས་འདུག ཟླ་བརྒྱད་པའི་ནང་ཁོ་བོ་མི་གཞན་དང་ལྷན་དུ་འབའ་རྫོང་རིག་གནས་ཡུལ་སྐོར་ཅུའུ་ནང་དུ་སོང་ནས་རྟོག་ཞིབ་བྱེད་དུས། རྩ་ཆེའི་རིག་དངོས་དེ་ལ་ལྟ་རྒྱུའི་གོ་སྐབས་ལྡན་པ་མ་ཟད། དེའི་ཁྱད་ཆོས་ལ་གཞིགས་ནས་གནས་སྐབས་སུ་ཞོལ་མའི་ཡོན་རྒྱལ་རབས་ཀྱི་འགྲོ་མགོན་འཕགས་པའི་སོག་ཡིག་གི་གསེར་སྟག་བཀའ་བྱང་ཞེས་མིང་བཏགས་པ་དང་། མིང་བསྡུས་ན་ཞོལ་མའི་གསེར་སྟག་བཀའ་བྱང་ཟེར།
གཅིག
བཀའ་བྱང་ནི་བདག་པོ་དེའི་ཐོབ་ཐང་བདེན་དཔང་བྱེད་པའི་གཞུང་ཕྱོགས་ཀྱི་ཡིད་རྟོན་ལག་རྟགས་ཡིན་ལ། ཀྲུང་གོའི་ནང་ལོགས་ས་ཁུལ་དུ་ཀྲུའུ་ནུབ་མའི་དུས་སུ་བཀའ་བྱང་ལམ་ལུགས་ཡོད་པ་དང་། ཧན་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་དུས་སུ་བཀའ་བྱང་ལམ་ལུགས་དོམ་པོ་ཞིག་ཆགས་ཡོད། བྱང་ཕྱོགས་ཀྱི་མི་རིགས་སོ་སོས་ཀྲུང་གོའི་ལམ་ལུགས་ཀྱི་རིག་གནས་དང་ལེན་བྱས་ཤིང་། ཆི་ཏན་དང་ཉུས་ཀྲེན་གྱིས་རྒྱལ་ཁབ་བཙུགས་རྗེས་ཐང་གི་ལམ་ལུགས་ལག་བསྟར་བྱས། ཐོབ་ཐང་མཚོན་བྱེད་ཀྱི་དཔོན་པོའི་བཀའ་བྱང་ཐད་ནས་བཤད་ན། ཐང་རྒྱལ་རབས་ཀྱིས་གོ་གནས་མཐོ་དམན་ལྟར་ཉ་རིས་བཀའ་བྱང་དང་ལའོ་རྒྱལ་རབས་ཀྱི་བཀའ་བྱང་རིངས་པ། ཅིན་རྒྱལ་རབས་ཀྱི་ཁྲི་དཔོན་དང་མོན་ཨན་མུག་ཁུ་ལམ་ལུགས་ཀྱི་གསེར་དངུལ་ཤིང་གི་བཀའ་བྱང་བཅས་རྒྱུན་འཛིན་བྱས་ཡོད་པ་དང་། ཡོན་རྒྱལ་རབས་སུ་སླེབས་དུས། སོག་པོས་སླར་ཡང་ཅིན་རྒྱལ་རབས་ཀྱི་བཀའ་བྱང་ལམ་ལུགས་རྒྱུན་འཛིན་བྱས་ཡོད་ཅིང་། དམག་དཔོན་གྱི་གོ་གནས་རིམ་པ་ལྟར་གསེར་གྱི་བཀའ་བྱང་དང་དངུལ་གྱི་བཀའ་བྱང་སོགས་ཡོད། སྤྱི་ལོ1846ལོར་ཨུ་རུ་སུ་ནས་ཡོན་རྒྱལ་རབས་ཀྱི་བཀའ་བྱང་ཐོག་མར་རྙེད་པ་ནས་ད་བར་ལོ་ངོ་བརྒྱ་དང་བདུན་ཅུ་ལྷག་གི་རིང་ལ། རིག་གཞུང་ལས་རིགས་ཀྱིས་སྔ་གཞུག་ཏུ་ཡོན་རྒྱལ་རབས་དུས་ཀྱི་བཀའ་བྱང་ཉི་ཤུ་ཕྱིར་བཏོན་པའི་ཁྲོད་རེ་གཉིས་ཤིག་ལ་དོགས་གཞི་ཡོད་པ་མ་གཏོགས་ཚང་མ་རྩ་ཆེན་ཤ་སྟག་ཡིན། དེ་སྔ་ཡོན་རྒྱལ་རབས་ཀྱི་འཕགས་པའི་སོག་ཡིག་གི་བྱང་བུ་རིངས་པོ་བཞི་བུད་ཡོད་པའི་ཁྲོད་བཟོ་དབྱིབས་དང་ཡི་གེ་གཞི་རྩའི་ཆ་ནས་ཚང་མ་གཅིག་མཚུངས་རེད། དང་པོ་དེ་སྤྱི་ལོ1846ལོར་ཨུ་རུ་སུའི་ཡེ་ཉི་སའེ་ཆུ་བོའི་འབབ་རྒྱུད་དུ་བུད་པའི་དངུལ་གྱི་བཀའ་བྱང་ཞིག་ཡིན་ལ། གྲུ་བཞི་ནར་མོའི་དབྱིབས་དང་། ངོས་ཟུང་ལེབ་མོ། ཟུར་བཞི་དཀྱིལ་སྒོར་སོགས་དབྱིབས་སྣ་ཚོགས་ལ་འདོགས་བདེ་བོ་དང་། རི་མོ་སོགས་བརྐོས་མེད་ལ་འཕགས་པའི་ཡི་གེ་ཐིག་ཕྲེང་ལྔ་ཅན། མདུན་ངོས་ཐིག་ཕྲེང་གསུམ་དང་རྒྱབ་ངོས་ཐིག་ཕྲེང་གཉིས་ཅན་ཡིན། རྗེས་མ་གསུམ་ནི་ཨུ་རུ་སུ་པུ་རེ་ཡ་ཐི་དང་ཀྲུང་གོའི་ནང་སོག་ཏུ་གསར་རྙེད་བྱུང་ལ། བཀའ་བྱང་གསུམ་གྱི་བཟོ་དབྱིབས་དང་ཡི་གེའི་ཆ་ནས་ཨུ་རུ་སུ་ནས་བུད་པའི་དངུལ་གྱི་བཀའ་བྱང་དེ་དང་གཅིག་མཚུངས་ཡིན་པ་རེད།
གཉིས།
ཐེངས་འདིར་གསར་རྙེད་བྱུང་བའི་ཞོལ་མའི་གསེར་སྟག་བཀའ་བྱང་དང་གོང་གི་གྲུ་བཞི་ནར་དབྱིབས་ཀྱི་བཀའ་བྱང་དག་ལ་མི་འདྲ་ས་མང་པོ་ཞིག་ཡོད་དེ། བཟོ་དབྱིབས་ཐད་ཞོལ་མའི་གསེར་སྟག་བཀའ་བྱང་དང་དེ་སྔོན་གྱི་གསེར་གྱི་བཀའ་བྱང་གཉིས་ཕྱོགས་འགའ་ནས་མི་འདྲ་བར། ཐོག་མར། གསེར་གྱི་བཀའ་བྱང་གི་ཡི་གེ་ནི་ནར་དབྱིབས་ཡིན་ལ། བཟོ་དབྱིབས་ཐད་དེ་སྔའི་ནར་དབྱིབས་ཅན་གྱི་བཀའ་བྱང་གཉིས་ཕལ་ཆེར་གཅིག་འདྲ་རེད། དམིགས་བསལ་གྱི་ཁྱད་ཆོས་གཙོ་བོ་ནི། བཀའ་བྱང་རིངས་པ་ནི་ཆིག་རྐྱང་ངོས་གཉིས་ཅན་ཞིག་མ་ཡིན་པར་བྱང་བུ་གཉིས་ཀྱི་ངོས་གཉིས་ལས་གྲུབ་པ་ཞིག་ཡིན་པ་དང་། ངོས་གཉིས་སུ་འཕགས་པའི་སོག་ཡིག་བྲིས་ཡོད་པ་རེད། བྱང་བུའི་མགོ་རུ་ཁུང་བུ་ཡོད་པ་དང་། ཁུང་བུ་ལ་འདོགས་ཐག་གི་ཤུལ་གསལ་པོ་འདུག་ལ། ཡུན་རིང་བཏགས་པས་སྔོན་གྱི་ཨང་རྟགས་ཟད་ཟིན་པ་འདྲ། གཞན་ཡང་བྱང་བུ་གཉིས་ཀྱི་རྒྱབ་གཏད་ནས་མཐའ་སྒྲོམ་ནང་བཅུག་ཡོད་ལ། བལྟས་མ་ཐག་སྒྲོམ་དེ་དེང་རབས་ཀྱི་པར་སྒྲོམ་དང་འདྲ། ནང་ངོས་སུ་བྱང་བུའི་མཐའ་ཤིང་ཁ་སྤྲོད་དུ་བྱས་ནས་མཐའ་རྒྱན་སྤྲད་ནས་ཁ་ཞབས་དང་མཐའ་ཤིང་གིས་སྒྲོམ་གཞི་གྲུབ་འདུག ད་དུང་ཞབས་ཀྱི་རི་མོ་ནི་སྟག་ཅིག་བཀུམ་ཉལ་བྱས་པ་ཞིག་སྟེ། སྟག་དེའི་མིག་འབུར་རྔ་རྩེ་སྒྲེང་བ་སོགས་གསོན་ཉམས་དོད་ལ་ཉེ་རབས་འཕྲུལ་ཆས་ཀྱིས་ཐོན་སྐྱེད་བྱས་པའི་བཟོ་རྩལ་ལ་ཅོ་འདྲི་བར་བྱེད།
བྱང་བུའི་མགོ་རྒྱན་དེ་ཡང་ཧ་ཅང་ཁྱད་ཆོས་ལྡན་པ་ཞིག་རེད། སྤྱིའི་ཆ་ནས་ཁོག་སྟོང་གི་གཞུ་དབྱིབས་དང་སྟེང་ལ་མེ་ཏོག་གི་རྒྱན་རིས་བརྐོས་པ་རྣམ་པར་མཛེས་ཤིང་། ཀུན་གྱི་མིག་དབང་འདྲེན་པ་ཞིག་ལ་གཞུ་དབྱིབས་ཀྱི་མདུན་རྒྱབ་ངོས་སུ་དངུལ་མདོག་གི་སྒོར་དབྱིབས་ཆེན་པོ་གསུམ་ནི་མུ་ཏིག་རྡོག་མ་དང་འདྲ་བར་འོད་མདངས་རབ་ཏུ་འཚེར། མཇུག་ཏུ་བཀའ་བྱང་འདིའི་རྒྱུ་ཆ་དང་ཆེ་ཆུང་བཤད་ན། ཡི་གེ་ཡོད་པའི་ངོས་ནི་གསེར་ཟངས་དང་། ཁ་ཞབས་དང་མཐའ་རྒྱན་བཅས་སྒྲོམ་གཞི་ནི་དངུལ་གྱིས་གྲུབ། སྤྱིའི་རིང་ཚད་ལ་ལི་སྨི32.3དང་ཞེང་ལ་ལི་སྨི13.3ལྗིད་ཚད་ལ་ཁེ785.01སྒྲོམ་ནང་གི་བྱང་བུའི་རིང་ཚད་ལ་ལི་སྨི25དང་ཞེང་ལ་ལི་སྨི9ཡོད་པ་རེད།
ཞོལ་མ་ཡུལ་ཚོ་ནས་བུད་པའི་བཀའ་བྱང་ཡན་གར་བ་འདི་དོན་དམ་པར་ཅི་ཞིག་གི་བཀའ་བྱང་ཡིན་ཞེ་ན། ཡོན་རྒྱལ་རབས་ཀྱི་འཇིག་རྟེན་མཛོད་ཅེས་པའི་ནང་འཁོད་ཡོད་པ་འདི་ལྟ་སྟེ། ཁྲི་དཔོན་གྱིས་གསེར་སྟག་བཀའ་བྱང་དང་དེ་ལའང་མུ་ཏིག་གཅིག་ཅན་གཉིས་ཅན་བཅས་རིམ་པ་གསུམ་དུ་ཕྱེས་པ། སྟོང་དཔོན་ལ་གསེར་གྱི་བཀའ་བྱང་དང་བརྒྱ་དཔོན་ལ་དངུལ་གྱི་བཀའ་བྱང་ངོ་ཞེས་བཀོད་འདུག ཁྲི་དཔོན་དང་སྟོང་དཔོན། བརྒྱ་དཔོན་བཅས་ནི་ཡོན་རྒྱལ་རབས་ཀྱི་དམག་དཔུང་སྒྲིག་གཞིའི་ཁྲོད་ཀྱི་རིམ་པ་གསུམ་ཡིན། དེའི་ནང་ཁྲི་དཔོན་ལ་གསེར་སྟག་བཀའ་བྱང་གི་ཐོབ་ཡོད། གསེར་སྟག་བཀའ་བྱང་དང་གསེར་གྱི་བཀའ་བྱང་གཉིས་ལའང་ཁྱད་པར་ཡོད་དེ། སྔོན་མ་དེ་ནི་ཁྲི་དཔོན་གྱི་ཐོབ་དང་རྗེས་མ་དེ་སྟོང་དཔོན་ལ་ཐོབ་པ་ཡིན་ནོ། །ཞོལ་མ་ཡུལ་ཚོ་ནས་བུད་པའི་བཀའ་བྱང་འདི་ནི་ཡོན་རྒྱལ་རབས་ཀྱི་གསེར་སྟག་བཀའ་བྱང་ཞིག་ཡིན་པ་ལ་ཐེ་ཚོམ་ཅི་ཡང་ཟ་མི་དགོས་པ་མ་ཟད། གསེར་སྟག་བཀའ་བྱང་ཁྲོད་ཀྱི་རིམ་པ་ཆེས་མཐོ་ཤོས་དེ་རེད། ཞོལ་མའི་གསེར་སྟག་བཀའ་བྱང་སྟེང་གི་ཡི་གེའི་འབྲི་སྲོལ་ནི་དེ་སྔ་གསར་རྙེད་བྱུང་བའི་འཕགས་པའི་སོག་ཡིག་འཁོར་མ་དང་གཅིག་མཚུངས་ཡིན་ཞིང་། ཡོན་རྒྱལ་རབས་ཀྱི་སྒྱུར་སྲོལ་ལྟར་བོད་སྐད་ལ་བསྒྱུར་ན། ཚེ་རིང་གནམ་གྱི་ཤེ་མོང་ལས། གོང་མའི་མཚན་བརྗིད་བདེ་སྐྱིད་ལྡན་གྱུར་ཅིག གལ་སྲིད་གུས་པ་མི་བསྐྱེད་མཁན་ཡོད་ན། ཉེས་ཆད་བཅད་ནས་གསོད་པར་བགྱི་ཞེས་པའོ། །ཡང་སྐུ་ཞབས་ཚའེ་མའེ་པའོ་ཡིས་ཡོན་རྒྱལ་རབས་ཀྱི་ཡིག་ཆའི་ནང་རྒྱ་རིགས་རུའུ་ཁྲེན་གྱིས་བསྒྱུར་ཡོད་པ་དྲངས་ན། གནམ་གྱིས་བསྐོས་པའི་རྒྱལ་པོ་ཞི་ཡི་མཚན་ཅན་དེར། གལ་ཏེ་བཀའ་ལ་མི་ཉན་མཁན་ཡོད་ཚེ་ཉེས་ཆད་བཅད་ནས་སྲོག་ཆད་གཅོད་ཅེས་སོ། །ཚང་མས་ཤེས་གསལ་ལྟར། ཡོན་གོང་མ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་དབུ་བླར་བསྟེན་ནས་རྒྱལ་ཁབ་ཀྱི་ཡི་གེ་བཟོ་རུ་བཅུག རྗེས་ནས་དེ་ལ་འཕགས་པའི་ཡི་གེའམ་སོག་ཡིག་འཁོར་མ་ཟེར། དེ་ནི་སྤྱི་ལོ1269ལོ་ཡིན་ལ། ཡོན་རྒྱལ་རབས་ཀྱིས་གསར་དུ་བཟོས་པའི་འཕགས་པའི་ཡི་གེས་ཡུ་གུར་གཟུགས་ཀྱི་སོག་ཡིག་བཀའ་བྱང་གི་ཚབ་བྱེད་དུ་བཅུག་པའི་ལོ་ཚིགས་ནི་སྤྱི་ལོ1278ལོ་ཡིན་ལ། རྗེས་སུ་དམག་དཔུང་གི་ནང་དུ་རིམ་པ་གསུམ་ཕྱེས་ཏེ་སྤྱི་ལོ1284ལོའི་བར་དུ་ཁྲི་དཔོན་དང་སྟོང་དཔོན། བརྒྱ་དཔོན་ལམ་ལུགས་དང་དམག་དཔོན་གྱི་ཐོབ་ལྟར་བཀའ་བྱང་སྩོལ་བའི་ལམ་ལུགས་ལག་བསྟར་དང་ཁྱབ་བརྡལ་དུ་བཏང་། འདི་ལྟར་དཔག་ན། ཞོལ་མའི་གསེར་སྟག་བཀའ་བྱང་བཟོས་པའི་དུས་ཚོད་ནི་སྤྱི་ལོ1284ལོ་ནས་སྤྱི་ལོ1368ལོའི་ཡོན་རྒྱལ་རབས་མཇུག་བསྒྲིལ་བའི་བར་ཡིན།
གསུམ།
ཞོལ་མའི་གསེར་སྟག་བཀའ་བྱང་ནི་མིག་སྔའི་བར་རྒྱལ་ནང་དང་རྒྱལ་ཕྱི་རུ་གསར་རྙེད་བྱུང་བའི་ཡོན་རྒྱལ་རབས་ཀྱི་ཚད་གཞི་མཐོ་བའི་བཀའ་བྱང་འབའ་ཞིག་ཡིན་པ་གསལ་པོ་རེད། བྱས་ན། རིག་དངོས་དེ་མཚོ་སྔོན་ལྷོ་རྒྱུད་དུ་གསར་རྙེད་བྱུང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། མི་ག་འདྲ་ཞིག་གིས་གསེར་སྟག་བཀའ་བྱང་འདི་བཀོལ་བ་ཡིན་ནམ། ཡོན་རྒྱལ་རབས་སྐབས་ཀྱི་བཀའ་བྱང་གི་རིམ་པ་དང་གནང་ཡུལ་སྐོར་ལོ་རྒྱུས་དེབ་ཐེར་དུ་བཀོད་འདུག་སྟེ། ཡོན་རྒྱལ་རབས་ཀྱི་དམག་དོན་སྒྲིག་འཛུགས་ཀྱིས་གཏན་ཁེལ་བྱས་པ་ལྟར་ན། རྒྱལ་པོའི་སྲུང་དམག་རྣམས་ནང་དུ་སྡོད། མཐའ་མཚམས་བདེ་སྲུང་དམག་རྣམས་ཕྱི་རུ་ཡོད། མཐའ་མཚམས་བདེ་སྲུང་དམག་མིའི་ཁྲོད་དུ་ཁྲི་དཔོན་དང་སྟོང་དཔོན། བརྒྱ་དཔོན་ལམ་ལུགས་ལག་བསྟར་བྱས་ཡོད། རྒྱུན་པར་ཁྲི་དཔོན་གྱི་མངའ་འོག་ཏུ་དུད་ཁྱིམ་ཁྲི་ལ་མི་ལོངས། སྟོང་དཔོན་དང་བརྒྱ་དཔོན་གྱི་འོག་ཏུ་དམག་མིའི་གྲངས་ཀྱང་མི་ལོངས། ཡོན་ཁྲི་ལོ་ཉེར་གཅིག་པ་སྤྱི་ལོ1284ལོར་སླེབས་དུས། ཁྲི་དཔོན་དང་སྟོང་དཔོན། བརྒྱ་དཔོན་བཅས་ཀྱི་མི་འབོར་དངོས་ལ་གཞིགས་ནས་དམག་དཔོན་གོ་གནས་ཀྱི་རིམ་པ་ཕྱེས་ཡོད། ཡང་ཡོན་གྱི་ཡིག་ཆའི་ནང་ཁྲི་ལོ21ལ་སླེབས་དུས། ཁྲི་དཔོན་དང་སྟོང་དཔོན། བརྒྱ་དཔོན་གྱི་གོ་མིང་དང་རིམ་པ་གཏན་འཁེལ་བྱས་ཡོད་ཅེས་བཀོད་ཡོད་པ་ལྟར། གསེར་སྟག་བཀའ་བྱང་དང་གསེར་གྱི་བཀའ་བྱང་གཉིས་ཀྱང་མི་འདྲ། གསེར་སྟག་བཀའ་བྱང་ནི་ཁྲི་དཔོན་ད་ར་ཁ་ཆེ་སོགས་རིམ་པ་མཐོ་ཤོས་ལ་ཐོབ་པ་ཡིན། དེ་བས་ཞོལ་མའི་གསེར་སྟག་བཀའ་བྱང་ནི་ཡུལ་དེ་ཡི་རིམ་པ་མཐོ་ཤོས་ཀྱི་དམག་དཔོན་རྣམས་ལ་བསྩལ་བའི་བཀའ་བྱང་ཡིན་པ་དེའོ། །འོ་ན། ཞོལ་མ་གསེར་སྟག་བཀའ་བྱང་འདིའི་བདག་པོ་ངོ་མ་དེ་སུ་ཞིག་ཡིན་ནམ་ཞེ་ན། ཞོལ་མ་ཡུལ་ཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ལྷོ་ཕྱོགས་སུ་གནས་པ་དང་། ཡོན་རྒྱལ་རབས་སུ། དབུས་དང་ཁམས། ཨ་མདོ་བཅས་བོད་བྱིངས་ལ་ཐུ་བྷོད་ཅེས་འབོད། སྐབས་དེར་ཡོན་ཧྲི་ཙུའུ་ཧི་པི་ལེ་སེ་ཆེན་རྒྱལ་པོའི་བུ་བདུན་པ་ནུབ་ཕྱོགས་བདེ་ལ་འགོད་པའི་རྒྱལ་བོ་ཨའོ་ལུའུ་ཁྲི་ཁྱིམ་རྒྱུད་ཀྱིས་བཟུང་ཡོད། ཡོན་རྒྱལ་རབས་ཀྱིས་ཐུ་བྷོད་དུ་ཤོན་ཝུའི་སི་གསུམ་བཙུགས། ད་ལྟའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་དེའི་སྐབས་ཀྱི་ཐུ་བྷོད་ཤོན་ཝུའི་སི་ལ་གཏོགས། ཐུ་བྷོད་ཤོན་ཝུའི་སིའི་མིང་ཆ་ཚང་ལ་ཤོན་ཝུའི་སི་ཏུའུ་ཡོན་ཧྲི་ཧྥུ་ཟེར་ཞིང་། ཡང་ཐོ་སི་མ་ཤོན་ཝུའི་སི་ཡང་ཟེར། དེ་ནི་ཤོན་ཝུའི་སི་གསུམ་གྱི་ཁྲོད་ནས་ཆེས་སྔ་ཤོས་སུ་བཙུགས་པ་ཡིན། ཤོན་ཝུའི་སིའི་བདག་སྐྱོང་བྱེད་ཁོངས་སུ་ཀན་སུའུ་ཞིང་ཆེན་གྱི་ལེན་ཞ་ཧུའེ་རིགས་རང་སྐྱོང་ཁུལ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ལུང་ནན་ས་ཁུལ་གྱི་ནུབ་རྒྱུད་བཅས་འདུས་ལ། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གི་ནུབ་ཕྱོགས་དང་། མཚོ་སྐྱ་རེངས་ཤར་ཕྱོགས། མཚོ་སྔོན་པོའི་ལྷོ་ཕྱོགས། པ་ཡན་ཧ་རིའི་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བ་སྟེ། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་དང་མཚོ་ལྷོ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་དང་། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་དང་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་མང་ཆེ་བ། རྨ་ཆུ་དང་པ་ཡན་ཧ་རིའི་རྒྱུད་ཀྱི་མཚམས་ལ་གཏོགས། ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་འཁོད་པར་གཞིགས་ན། ཡོན་རྒྱལ་རབས་ཀྱིས་ཨའོ་ལུའུ་ཁྲི་སོགས་རྒྱལ་པོ་ལ་རྔ་མོང་དབྱིབས་ཀྱི་ཐམ་ག་སྩོལ་བ་ལས་གསེར་སྟག་བཀའ་བྱང་མི་གནང་། མིང་རྒྱལ་རབས་ལོ་རྒྱུས་ནང་དུའང་གསེར་སྟག་བཀའ་བྱང་བསྩལ་བའི་ལོ་རྒྱུས་བཀོད་མེད། དེའི་ཕྱིར། གསེར་སྟག་བཀའ་བྱང་ནི་ཤོན་ཝུའི་སིའི་མཐོ་རིམ་དམག་དཔོན་ལ་མ་གཏོགས་མི་ཐོབ་པ་རེད།ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་གོང་མའི་སྲིད་གཞུང་གིས་ཐུ་བྷོད་ཤོན་ཝུའི་སིའི་དཔོན་རིགས་ལ་གསེར་སྟག་བཀའ་བྱང་གནང་བའི་སྐོར་འཁོད་འདུག་སྟེ། དཔེར་ན། ཡེ་ཞན་ནའེ་ཡི་བྱས་རྗེས་ལ་ནུབ་ཀྱི་ཏའོ་ཏུའུ་དམག་སྤྱི་དང་གསེར་སྟག་བཀའ་བྱང་། ཐུ་བྷོད་ཤོན་ཝུའི་སིའི་ཕོ་ཉ་བཅས་ཀྱི་གོ་གནས་སྤྲད། གོ་ཨན་ནི་སོག་པོའི་རྒྱ་ནག་དམག་གི་དམག་སྤྱི་དང་ཁྲི་དཔོན་ད་ར་ཁ་ཆེར་བསྐོས། རྗེས་སུ་བྱས་རྗེས་ལ་གསེར་སྟག་བཀའ་བྱང་གནང་ཞིང་། དམག་སྤྱི་ཆེན་མོའི་གོ་གནས་ཐོབ་ཅེས་བཀོད་འདུག
གོང་བཀོད་འདི་ལས་སྔོན་ཆད་ཐུ་བྷོད་ཤོན་ཝུའི་སི་ཏུའུ་ཡོན་ཧྲི་ཧྥུ་ཡི་དམག་དཔོན་ད་ར་ཁ་ཆེ་དང་ཡོན་ཧྲི། ཁྲི་དཔོན་བཅས་ལ་གསེར་སྟག་བཀའ་བྱང་འདོགས་པའི་ཐོབ་ཐང་ཡོད་པ་རེད། འོན་ཀྱང་ཞོལ་མའི་གསེར་སྟག་བཀའ་བྱང་ནི་རིམ་པ་ཆེས་མཐོ་ཤོས་དེ་ཡིན་པས། ཤོན་ཝུའི་སིའི་ཕོ་ཉའམ་ཡོན་ཧྲི་ཡི་ལག་རྟགས་ཤིག་ཡིན་པར་ཧ་ཅང་ཡིད་རྟོན་རུང་ལ། གལ་སྲིད་ཞོལ་མའི་གསེར་སྟག་བཀའ་བྱང་ནི་ས་གནས་དེའི་དཔོན་རིགས་ཀྱི་བཀའ་བྱང་ཞིག་ཡིན་ན། ཁྲི་དཔོན་ད་ར་ཁ་ཆེའམ་ཁྲི་དཔོན་ཀུན་ལ་ཐོབ་འོས་པ་ཞིག་ཡིན་ནོ། །
གང་ལྟར་ཞོལ་མའི་གསེར་སྟག་བཀའ་བྱང་ནི་ཡོན་རྒྱལ་རབས་དུས་ཀྱི་ཐུ་བྷོད་ཤོན་ཝུའི་སིའི་མཐོ་རིམ་དམག་དཔོན་ཞིག་གི་གསེར་སྟག་བཀའ་བྱང་ཡིན་པར་ཐེ་ཚོམ་སྤུ་ཙམ་ཟ་དགོས་དོན་མེད། ཞོལ་མ་ཡུལ་ཚོ་ནི་ཡོན་རྒྱལ་རབས་དུས་སུ་ཐུ་བྷོད་ཤོན་ཝུའི་སིའི་ཁོངས་སུ་གཏོགས། ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་ཤོན་ཝུའི་སིའི་ཕོ་ཉ་དང་ཡོན་ཧྲི། ཁྲི་དཔོན་སོགས་ལ་གསེར་སྟག་བཀའ་བྱང་དང་གསེར་གྱི་བཀའ་བྱང་བསྩལ་བ་འཁོད་འདུག་པ་འདིས་ཡོན་རྒྱལ་རབས་ཀྱི་དུས་སུ་ཡུལ་འདིར་ཕན་ནུས་ལྡན་པའི་དམག་སྲིད་དོ་དམ་བྱེད་པར་ཐད་ཀར་མཐོང་ཆེན་བྱས་པ་མཚོན། ལྷག་དོན་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་དམག་སྲིད་གཞི་གཅིག་ཅན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཡིན་པས། བཀའ་བྱང་འདི་འདྲ་གསར་རྙེད་བྱུང་བར་དོན་སྙིང་གལ་ཆེན་ལྡན་པས་སྔར་བས་ཞིབ་འཇུག་བྱེད་རིན་ཡོད་པ་རེད།
རྩོམ་གྱི་ཡོང་ཁུངས། ༢༠༢༢ལོའི«རྫོང་རུ»ལོ་དེབ། སྤྱིའི་དེབ་གྲངས༣པ་ལས།
འབྲེལ་ཡོད་འོས་སྦྱོར།