ཁེ་ལས་པ་གྲགས་ཅན་སྐལ་བཟང་ཐུབ་བསྟན་གྱི་གནས་ཚུལ་རགས་བཀོད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-04-12
ཀློག་གྲངས།:
བསམ་པའི་ཀུན་སློང་གཙང་། །སྦྱིན་པའི་ཕྱག་ཟུང་ཡངས། །
—བྲག་དཀར་རྫོང་གི་ཁེ་ལས་པ་གྲགས་ཅན་སྐལ་བཟང་ཐུབ་བསྟན་གྱི་གནས་ཚུལ་རགས་བཀོད།
གསར་འགོད་པ། ཚེ་རིང་བཀྲ་ཤིས།
ཁྱིམ་ཚང་དཀའ་ཁག་ཅན་ལ་འཚོ་བའི་མཐུན་རྐྱེན་བསྐྲུན།
སྐལ་བཟང་ཐུབ་བསྟན་གྱིས་སྤྱི་ལོ2001ལོ་ནས་བཟུང་གཞན་ཕན་གྱི་ལྷག་བསམ་དཀར་པོ་སྙིང་ཁོང་དུ་བཅངས་ནས་མི་དམངས་མང་ཚོགས་ལ་རོགས་སྐྱོར་བྱེད་མགོ་ཚུགས། དང་ཐོག ཁོང་གིས་དབྱར་རྩྭ་དགུན་འབུའི་རྩྭ་ས་ཉོས་ནས་ལོ་མང་པོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གང་མང་ཞིག་ལ་རིན་མེད་དུ་དབྱར་རྩྭ་དགུན་འབུ་གང་འདོད་དུ་བརྐོ་རུ་བཅུག་ནས། ཁོ་ཚོའི་དཔལ་འབྱོར་གྱི་ཡོང་འབབ་ཇེ་མང་དུ་འགྲོ་བའི་ཐད་ལ་མཐུན་རྐྱེན་གང་མང་བསྐྲུན།
སྦྱིན་བདག་སྐལ་བཟང་ཐུབ་བསྟན་གྱིས་སློབ་མ་ཚོར་དགའ་རྟགས་སྟེར་བཞིན་པ།
2002ལོར་སྐལ་བཟང་ཐུབ་བསྟན་གྱིས་བྲག་དཀར་རྫོང་ཐོག་ཏུ་དུང་དཀར་མགྲོན་ཁང་འཛུགས་སྐྲུན་བྱས་པ་དང་། དབྱར་རྩྭ་དགུན་འབུའི་ཕྱོགས་བསྡུས་ཁྲོམ་ར་བཙུགས་པར་མ་ཟད། བྲག་དཀར་རྫོང་རྨ་ཆུའི་མགོ་ཁུངས་དབྱར་རྩྭ་དགུན་འབུ་ཚད་ཡོད་ཀུང་སི་བཙུགས་པ་རེད། ཀུང་སིའི་ཚོང་ལས་རྒྱུན་མ་ཆད་པར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཆབས་ཅིག ཁེ་ལས་པ་ཁོང་གིས་རང་ས་གནས་ཀྱི་མི་དམངས་སྲིད་གཞུང་དང་གཞིས་ཁུལ། སྡེ་བ་རིམ་པ་སོགས་ལ་འབྲེལ་གཏུག་བྱས་ཤིང་ཁྱིམ་ཚང་དཀའ་ཁག་ཅན་དང་བརྩོན་སེམས་ཡོད་པའི་མང་ཚོགས་ལ་ལས་ཀ་མཁོ་སྤྲོད་བྱས་ཏེ། ཁོ་ཚོའི་ཡོང་འབབ་ཆུ་ཚོད་རེར་གླ་ཆ་སྒོར15ལྟར་རྩིས་བརྒྱབ་པས། མི་རེར་ཟླ་བ་གཉིས་རེར་ཡོང་འབབ་སྒོར9000ལ་སླེབས་མྱོང་། ལོ་འགའི་རིང་ལ་འཕེལ་རྒྱས་བཏང་བ་བརྒྱུད་ནས་དཔུང་སྡེའི་གཞི་རྐང་ཚུགས་པ་དང་། སྐབས་འགར་ལས་མི་མང་བའི་སྐབས་སུ་མི700ཡས་མས་སུ་སླེབས།
སྦྱིན་བདག་སྐལ་བཟང་ཐུབ་བསྟན་གྱིས་ཁོར་སྲུང་པར་གྱོན་ཆས་སྟེར་བཞིན་པ།
སྐལ་བཟང་ཐུབ་བསྟན་གྱིས་རང་གིས་ཁེ་བཟང་རེག་པའི་མཚུངས་སུ་གཞན་ལ་ཁེ་བཟང་བསྐྲུན་པ་དང་སྦྱིན་པ་གཏོང་ཚད་ཇེ་མང་ནས་ཇེ་མང་དུ་བཏང་། བྲག་དཀར་རང་ས་རང་ཡུལ་ནས་སྐྱེས་པའི་ལྷག་བསམ་ཅན་འདིས་རང་ཉིད་ཁོ་ན་ཕྱུག་པོར་ཆགས་པ་དེ་དམིགས་ཡུལ་གཙོ་བོ་མིན་པར། རང་ས་གནས་ཀྱི་མི་མང་པོར་རོགས་སྐྱོར་བྱེད་པ་དེ་ནམ་ཡང་ཕུགས་བསམ་ཞིག་ཏུ་བསྒོམས་ཡོད།2013ལོར་སྐལ་བཟང་ཐུབ་བསྟན་གྱིས་སྒོར་ཁྲི420ལྷག་བཏང་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཉི་འོད་ནུས་པའི་གློག་འདོན་ཚད་ཡོད་ཀུང་སི་བཙུགས་ཤིང་། ལོ་དེའི་ཟླ6པ་ནས་ཟླ8པའི་བར་གྱི་ཟླ་བ་གསུམ་གྱི་རིང་ལ་རོང་འབྲོག་མང་ཚོགས་མི100ལྷག་རྩ་འཛུགས་བྱས་ཏེ། ཉི་འོད་ནུས་པའི་གློག་འདོན་ས་ཚིགས་སུ་གླ་བྱེད་དུ་བཅུག་ཅིང་། ལས་བཟོ་པ་རེར་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི1.35བསྐྲུན།
སྐལ་བཟང་ཐུབ་བསྟན་གྱིས2017ལོའི་ལོ་སྟོད་དུ་དུང་དཀར་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི159ལྷག་བཏང་སྟེ། འོ་མ་སྐྱེལ་འདྲེན་རླངས་འཁོར9དང་འོ་སྣོད་ཉོས་པ་དང་། མཉམ་ལས་ཁང་གིས་འོ་མ་རྒྱ་མ་གང་རེར་སྒོར7གྱི་རིན་གོང་ལྟར། རོང་འབྲོག་མང་ཚོགས་ཀྱི(དབུལ་ཕོངས་ཁྱིམ་ཚང)ལག་ནས་འོ་མ་རྒྱ་མ་ཁྲི23ལྷག་ཉོས་པར་ཁེ་སྤོགས་སྒོར་ཁྲི15ཟིན་ཏེ། དབུལ་ཕོངས་ཁྱིམ་ཚང་རེ་ཡི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར600ལ་སླེབས། དེར་མཐུད་ནས་ལུང་བཟང་ཞང་དང་འབྲོང་ཐུ་ཞང་གི་སྡེ་བ་སོ་སོའི་ཁྱིམ་ཚང47གྱི་མི214ལ་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི136.96བཏང་ཡོད། གཞན་ཡང་དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས“ཁྱིམ་ཚང་གཅིག་ལ་བཅའ་ཁྲིམས་གཅིག”གི་འཕེལ་རྒྱས་རྩ་དོན་གཞིར་བཟུང་ནས་ནོར་གནག་གི་ཐོན་སྐྱེད་རྣམ་གྲངས་ཉོ་སྒྲུབ་བྱས་པ་དང་། དེ་དང་ཆབས་ཅིག་ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་སུ་གཏོང་ཆེད། རྩི་ཀོར་ཐང་གི་སྡེ་བ་སོ་སོ་དང་དཔལ་ཁ་གྲོང་རྡལ་གྱི་སྡེ་བ་སོ་སོ། དེ་བཞིན་ལྷོ་རྒྱུད་ཀྱི་ཞང་གསུམ་དུ་འོ་མ་སྡེབ་སྐྱེལ་ལྟེ་གནས་བཙུགས་ཏེ་འབྲོག་ཁྱིམ481ལ་མཉམ་ལས་གྲོས་མཐུན་ཡི་གེ་བྲིས་ཡོད་ཅིང་། མིག་སྔར་བསྡོམས་པས་འབྲི་མོ7448གསོས་ཡོད། ལོ་དེའི་ཟླ7པ་ནས་ཉིན70ནང་ཁྱོན་བསྡོམས་འོ་མ་རྒྱ་མ་ཁྲི80.15ཐོན་སྐྱེད་བྱས་ཤིང་། མཉམ་ལས་ཁང་གིས་འོ་མ་རྒྱ་མ་གང་རེར་སྒོར7གྱི་རིན་གོང་ལྟར་ཉོ་སྒྲུབ་བྱས་པར་ཁྱོན་བསྡོམས་སྒོར་ཁྲི561ལྷག་ལ་སླེབས་ཤིང་། དེའི་ནང་ནས་མ་རྐང་སྒོར་ཁྲི104ལྷག་ཕུད་རྗེས་ཁེ་སྤོགས་ཕལ་ཆེར་སྒོར་ཁྲི457ཟིན་ལ། ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར3200ལྷག་ལ་སླེབས།
མི་རིགས་སློབ་གསོའི་ཐད་ལ་རྒྱབ་སྐྱོར་ཆེན་པོ་གནང་།
ས་གནས་ཤིག་དབུལ་ཕོངས་ལས་ཐར་དགོས་ན་རིག་གནས་ཤེས་བྱ་ནི་ཅི་བས་ཀྱང་མཁོ། དེ་མ་གཏོགས་གནས་སྐབས་ཀྱི་སྒོར་མོའི་རོགས་སྐྱོར་གྱིས་མཐར་ཐུག་གི་བདེ་སྐྱིད་བསྐྲུན་ཐབས་མེད་པས། ཁོས་མི་རབས་བརྒྱུད་འཇགས་སུ་ཕྱུགས་འཚོ་བ་དང་ཞིང་འདེབས་པ་ནི་མི་ཚེའི་གོལ་ལམ་ཞིག་ཏུ་སྙམ། དེས་ན་སློབ་གསོར་ཤུགས་སྣོན་པ་ནི་ད་གཟོད་མདུན་ལམ་ཆེས་ལེགས་པོ་དེ་ཡིན་པས། ཁོས་སློབ་གྲྭ་ཁག་གི་དགེ་སློབ་རྣམས་ལ་རང་གི་ནུས་ཚོད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུའི་འཆར་གཞི་བཟོས།
སྐལ་བཟང་ཐུབ་བསྟན་གྱིས་སློབ་གསོའི་སྡེ་ཁག་ལ་ཞལ་འདེབས་གནང་བཞིན་པ།
2010ལོའི་ཟླ5པ་ནས་བཟུང་སྐལ་བཟང་ཐུབ་བསྟན་གྱིས་རང་ས་གནས་ཀྱི་སློབ་གསོ་གཙོ་བོར་བཟུང་ནས2017ལོའི་བར་དུ་བྲག་དཀར་རྫོང་གི་སློབ་གསོའི་ཐད་ལ་ལོ་རེར་སྒོར་ཁྲི10ཡིས་རོགས་སྐྱོར་བྱས། ཞོར་དུ་ཁོང་གིས་རང་ས་གནས་ཀྱི་སློབ་ཆེན་སློབ་མ་མང་པོར་སློབ་སྦྱོང་གི་མཐུན་རྐྱེན་གང་མང་བསྐྲུན་ཞིང་བསྡོམས་ན་སྒོར70000ཟིན་པ་རེད། སློབ་གསོ་འཛིན་ན་བྱིས་པ་ནས་འཛིན་དགོས་ཤིང་།བྱིས་པ་ནི་མ་འོངས་པའི་རེ་བ་ཡིན།2018ལོ་ནས་བཟུང་སྐལ་བཟང་ཐུབ་བསྟན་གྱིས་བྲག་དཀར་རྫོང་གི་སྔོན་འགྲོ་སློབ་གསོའི་ཐད་ལ་རོགས་སྐྱོར་བྱེད་མགོ་ཚུགས། ཞིན་ཧེ་རྫོང་གི་ལྷོ་ཕྱོགས་ཀྱི་ཞང་གསུམ་དང་། ཐང་ནག ཆུ་སྔོན་གྲོང་རྡལ་བཅས་ཀྱི་སློབ་ཆུང་དང་བྱིས་སྐྱོང་ཁང་གི་བསྡོམས་པས་སློབ་མ1178དང་། དགེ་བཟོ་པ100ལྷག་ལ་སྒོར་ཁྲི14ལྷག་བཏང་ནས་སློབ་ལྭ་ཆ་ཚང་ཉོས།
2019ལོར་བསྡོམས་པས་དམངས་སྒོར་ཁྲི16ལྷག་བཏང་ནས་རྩི་གོར་ཐང་གྲོང་རྡལ་དང་དཔལ་ཁ་གྲོང་རྡལ་གཉིས་ཀྱི་སྡེ་བ་སོ་སོའི་བྱིས་སྐྱོང་ཁང22དང་། ཐང་ནག་ཞང་གི་སློབ་ཁྲིད་འཁོར་སྐྱོད་ས་ཚིགས་གཉིས་ཀྱི་བྱིས་པ། བསྡོམས་པས་སློབ་མ1145ལ་སློབ་ལྭ་ཆ་ཚང་ཉོས་པར་མ་ཟད། དགེ་རྒན་དང་ལས་བཟོ་པ་བསྡོམས་པས112ལ་སློབ་ལྭ་ཆ་ཚང་ཉོས། ད་དུང་སྔོན་འགྲོ་སློབ་གསོའི་གཞུང་ལས་ཁང་གི་དགེ་རྒན་ཡོངས་ལའང་ལྭ་བ་ཆ་ཚང་རེ་ཉོས། 2019ལོར་ཆུ་ཁོལ་ཞང་སློབ་ཆུང་ལ་སྒོར་ཁྲི18བཏང་ནས་གློག་འཐེན་པ་དང་། སློབ་མ་ཡོངས་ལ་སློབ་ལྭ་ཆ་ཚང་ཉོས། འབྲོང་ཐུ་ཞང་སློབ་ཆུང་ལ་སྒོར་ཁྲི15བཏང་ནས་སློབ་མ་ཚོར་སློབ་ལྭ་ཆ་ཚང་ཉོས་པ་དང་། བྲག་དཀར་རྫོང་གི་གཞི་རིམ་ས་ཁུལ་གྱི་སྔོན་འགྲོ་སློབ་གསོའི་འཕེལ་རྒྱས་ལ་དམིགས་ཏེ་སྒོར་ཁྲི2.8བཏང་ནས་རླངས་འཁོར་ཞིག་ཉོས་ཤིང་འགྲིམ་འགྲུལ་གྱི་དཀའ་ཁག་སེལ་རོགས་བྱས།
དུས་མཚུངས་སུ། ཁོང་གིས2021ལོར་བྲག་དཀར་རྫོང་མི་རིགས་སློབ་འབྲིང་ལ་སྒོར་ཁྲི2དང་། རྫོང་མི་རིགས་སློབ་ཆུང་གཉིས་པར་སྒོར་ཁྲི5.34ལྷག་གི་བྱ་དགའ་གནང་། རྫོང་མི་རིགས་སློབ་ཆུང་གཉིས་པར་སྒོར་ཁྲི2ཀྱི་བྱ་དགའ་གནང་། ཐང་ནག་ཞང་བཅའ་སྡོད་སློབ་ཆུང་ལ་སྒོར་ཁྲི3གྱི་རོགས་སྐྱོར་མ་དངུལ་གནང་། ལྷོ་ཕྱོགས་ཀྱི་ཞང་གསུམ་དང་རྩི་གོར་ཐང་གྲོང་རྡལ་གྱི་སྔོན་འགྲོ་སློབ་གསོའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་སྒོར8000གནང་། རྫོང་མི་རིགས་སློབ་འབྲིང་དང་པོར་སྒོར་ཁྲི5.5ཡི་བྱ་དགའ་གནང་། རྫོང་མི་རིགས་སློབ་འབྲིང་གཉིས་པར་སྒོར་ཁྲི7.1གི་བྱ་དགའ་གནང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་བཞི་པ་ལ་སྒོར་ཁྲི5ཡི་བྱ་དགའ་གནང་། དགེ་རྒན་དུས་ཆེན་ཨང37པའི་ཉིན་མོར། རྫོང་དང་གྲོང་རྡལ་རིམ་པའི་སྔོན་འགྲོ་སློབ་གསོའི་དགེ་རྒན44ལ་བྱ་དགའ་སྒོར་ཁྲི1.29བཏང་བ་དང་། ནུས་རྩལ་འགྲན་སྡུར་ཁྲོད་ཀྱི་བྱིས་པ45ལ་བྱ་དགའི་མ་དངུལ་སྒོར་ཁྲི1.28ལྷག་བཏང་། གཞན་ཡང་ཐུན་མོང་བྱ་དགའ་སོགས་ལ་སྤྱི་བསྡོམས་པས་སྒོར2.84ལྷག་བཏང་ཡོད།
དགེ་རྒན་གྱི་འཐུས་ཚབ་པས་སྦྱིན་བདག་སྐལ་བཟང་ཐུབ་བསྟན་ལ་གོས་དར་འབུལ་བཞིན་པ།
2022ལོར་བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གསོའི་གྲུབ་འབྲས་དང་མ་འོངས་པའི་འཕེལ་རྒྱས་ལ་དམིགས་ཏེ་དགེ་རྒན་དང་ལས་བཟོ་པའི་ཁྲོད་ནས་འཕེལ་རྒྱས་མངོན་སུམ་ཅན14ལ་མི་རེར་སྒོར500ཡི་བྱ་དགའ་བྱིན་ཏེ། བསྡོམས་པས་སྒོར་ཁྲི3.32ལྷག་བཏང་། གྲུབ་འབྲས་ཕུལ་བྱུང་ཅན་གྱི་སློབ་མ269ལ་སློབ་མ་རེར་སྒོར100ཡི་ལེགས་སྐྱེས་བྱིན་ཏེ།བསྡོམས་པས་སྒོར་ཁྲི2.69བཏང་ཡོད།བྲག་དཀར་རྫོང་ཐང་ནག་ཞང་གི་བཅའ་སྡོད་སློབ་ཆུང་གི་དྲུག་གཅིག་བྱིས་པའི་དུས་ཆེན་སྟེང་རིག་རྩལ་འཁྲབ་སྟོན་གྱི་བྱ་དགའི་ཨང་རིམ་ལྟར། ཨང་དང་པོ36ལ་མི་རེར་སྒོར60དང་བསྡོམས་པས་སྒོར2040བྱ་དགར་བྱིན། ཨང་གཉིས་པ27ལ་མི་རེར་སྒོར50དང་བསྡོམས་པས་སྒོར1350བྱ་དགར་བྱིན། ཨང་གསུམ་པ20ལ་མི་རེར་སྒོར40དང་བསྡོམས་པས་སྒོར800བྱ་དགར་བྱིན། ཐུན་མོང་བྱ་དགའ9ལ་སྒོར80རེ་དང་བསྡོམས་པས་སྒོར720བྱ་དགར་བྱིན། རིག་རྩལ་ཤན་འབྱེད་པ23ལ་མི་རེར་སྒོར50དང་བསྡོམས་པས་སྒོར1150བྱ་དགར་བྱིན། དགེ་རྒན་ཕུལ་བྱུང་ཅན་ཨང་དང་པོ1ལ་སྒོར2000བྱ་དགར་བྱིན། དགེ་རྒན་ཕུལ་བྱུང་ཅན་ཨང་གཉིས་པ2ལ་སྒོར1500རེ་བྱ་དགར་བྱིན། དགེ་རྒན་ཕུལ་བྱུང་ཅན་ཨང་གསུམ་པ3ལ་སྒོར1000རེ་བྱ་དགར་བྱིན། འཛིན་བདག་ཕུལ་བྱུང་ཅན2ལ་སྒོར1000རེ་བྱ་དགར་བྱིན། ཐུན་མོང་བྱ་དགའ1ལ་སྒོར1000བྱ་དགར་བྱིན། འཛིན་གྲྭ་སོ་སོའི་སློབ་མ་ཕུལ་བྱུང་ཅན་དང་། བརྩོན་འགྲུས་ཅན། འཕེལ་རྒྱས་ཅན་བཅས་བསྡོམས་པས་སློབ་མ18ལ་མི་རེར་སྒོར100ཡི་བྱ་དགའ་གནང་།
བྲག་དཀར་རྫོང་ཆུ་སྔོན་གྲོང་རྡལ་བཅའ་སྡོད་སློབ་ཆུང་གི་དགེ་བཟོ་པ8ལ་མི་རེར་སྒོར500བྱ་དགའ་བྱིན། ཁྱིམ་བདག4ལ་མི་རེར་སྒོར140བྱ་དགར་བྱིན། སློབ་མ་ཕུལ་བྱུང་ཅན24ལ་མི་རེར་སྒོར120བྱ་དགར་བྱིན། དགེ་བཟོ་པ་དང་སློབ་མ་ཡོངས་ལ་སློབ་ལྭ་ཆ་ཚང་ཉོས། བསྡོམས་པས་སྒོར་ཁྲི1.38ལྷག་གིས་རོགས་སྐྱོར་བྱས། འཛིན་བདག་ཕུལ་བྱུང་ཅན4དང་དགེ་རྒན་ཕུལ་བྱུང་ཅན2། ཏང་ཡོན་དགེ་རྒན་ཕུལ་བྱུང་ཅན1། ལས་བཟོ་པ་ཕུལ་བྱུང་ཅན1བཅས་ལ་མི་རེར་སྒོར500བྱ་དགར་གནང་།
བྲག་དཀར་རྫོང་ཆུ་ཁོལ་ཞང་བཅའ་སྡོད་སློབ་ཆུང་གི་དགེ་བཟོ་པ11ལ་མི་རེར་སྒོར500བྱ་དགར་བྱིན་ཏེ་བསྡོམས་པས་སྒོར5500ཡིས་རོགས་སྐྱོར་བྱས། སློབ་མ་ཕུལ་བྱུང་ཅན18ལ་མི་རེར་སྒོར120བྱ་དགར་བྱིན། འཕེལ་རྒྱས་སློབ་མ12ལ་མི་རེར་སྒོར120བྱ་དགར་བྱིན། འཛིན་གྲྭའི་ལས་བྱེད་ཕུལ་བྱུང་ཅན6དང་། གདོང་ལེན་རུ་ཁག་ཕུལ་བྱུང་ཅན5ལ་ཁྱོན་བསྡོམས་སྒོར་ཁྲི1.04ལྷག་གིས་རོགས་སྐྱོར་བྱས།
སྐལ་བཟང་ཐུབ་བསྟན་གྱིས་སློབ་མ་ཚོར་དགའ་རྟགས་སྟེར་བཞིན་པ།
དེ་མིན་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་མོ་རྡོ་བོད་ལུགས་གསོ་རིག་ཆེད་ལས་དངོས་སྦྱོང་སློབ་གྲྭའི་དགེ་རྒན་ཕུལ་བྱུང་ཅན5དང་། སློབ་མ་ཕུལ་བྱུང་ཅན32ལ་ཁྱོན་བསྡོམས་སྒོར་ཁྲི1.36ལྷག་གིས་རོགས་སྐྱོར་བྱས།བྲག་དཀར་རྫོང་འབྲོང་ཐུ་ཞང་གི་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཕུལ་བྱུང་ཅན10དང་། ཕུལ་བྱུང་འཛིན་བདག3། བརྩོན་འགྲུས་ཅན5། ལས་བཟོ་པ2། ཇ་མ2། ཁྱིམ་བདག་ཨུ་ཡོན་ཕུལ་བྱུང་ཅན5བཅས་ལ་མི་རེར་སྒོར560ཡི་ལེགས་སྐྱེས་བྱིན་ཞིང་ཁྱོན་བསྡོམས་སྒོར་ཁྲི1.51ལྷག་གིས་རོགས་སྐྱོར་བྱས། འཛིན་གྲྭའི་ལས་བྱེད་ཕུལ་བྱུང་ཅན12དང་། ཕྱོགས་ཡོངས་འཕེལ་རྒྱས་ཕུལ་བྱུང་ཅན6། བརྩོན་འགྲུས་ཅན6། རྒྱུགས་འབྲས་ཕུལ་བྱུང་ཅན30བཅས་སློབ་མ་རེར་སྒོར140ཡི་བྱ་དགའ་བྱིན་ཏེ་བསྡོམས་པས་སྒོར4224ལ་སླེབས།
སྐལ་བཟང་ཐུབ་བསྟན་གྱིས་ས་གནས་ཀྱི་སློབ་གསོར་རོགས་སྐྱོར་བྱས་པའི་མཛད་བཟང་ནི་དགེ་རྒན་དང་ཁྱིམ་བདག སློབ་མ་བཅས་ཀྱི་ཁ་ན་རླུང་ལྟར་ལྡང་།
གསར་འགོད་པས་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གཙོ་ཡི་དམ་རྡོ་རྗེ་ལ་བཅར་འདྲི་ཞུ་དུས། ཁོས་བཤད་རྒྱུར། སྦྱིན་བདག་སྐལ་བཟང་ཐུབ་བསྟན་ལགས་ནི་ཁེ་ལས་པ་ལྷག་བསམ་ཅན་ཞིག་ཡིན། ཁོང་གིས་ལོ་ངོ་བཅུ་ཕྲག་གི་རིང་དུ་ཞིན་ཧེ་རྫོང་གི་སློབ་གསོའི་ལས་དོན་ཐད་ལ་ཞལ་འདེབས་མང་པོ་གནང་བ་རེད། ང་རང་ཉིད་ལ་མཚོན་ན་ཁོང་ལ་སེམས་ནས་གུས་པ་ཡོད་ཅིང་རྗེས་སུ་ཡི་རང་བའི་ཁེ་ལས་པ་ཚད་ལྡན་ཞིག་དང་ཁེ་ལས་པ་ལྷག་བསམ་ཅན་ཞིག ཁེ་ལས་པ་སྤོབས་པ་ཅན་ཞིག་ཡིན་སྙམ་པའི་བག་ཆགས་ཟབ་མོ་བཞག་ཡོད།
འཁོས་ཆུང་ཉམ་ཐག་རྣམས་ལ་རོགས་སྐྱོར་གནང་།
སྤྱི་ཚོགས་ཞེས་པའི་ཁྱིམ་གཞི་ཆེན་པོ་འདིའི་ནང་དུ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དབང་བོ་སྐྱོན་ཅན་དུ་གྱུར་པ་དང་། རྒན་རྒོན་ཤུལ་ཆད་པ། ད་དུང་དྭ་ཕྲུག་དང་ནད་པ་སོགས་ཁོངས་མི་མང་པོ་ཞིག་ཡོད། སྐལ་བཟང་ཐུབ་བསྟན་གྱིས་དེ་དག་གི་གནས་བབ་མཐོང་བས་སེམས་ཀྱིས་མ་བཟོད་པར་སྦྱིན་པའི་ཕྱག་ཟུང་བརྐྱངས་ནས་ཁོ་ཚོར་དྲོད་ཁོལ་བསྐྱལ་མགོ་བརྩམས།
སྐལ་བཟང་ཐུབ་བསྟན་གྱིས་རོགས་སྐྱོར་མ་དངུལ་ཞལ་འདེབས་སུ་འབུལ་བཞིན་པ།
ཁོང་གིས2013ལོར་ཞིན་ཧེ་རྫོང་གི་དཀའ་ཁག་ཆེ་བའི་མང་ཚོགས་ལ་ལས་ཞུགས་བྱ་བ་མཁོ་སྤྲོད་བྱས་པ་དང་། གཞན་ད་དུང་ཁོང་གིས་ལོ་ལྟར་སྒོར་ཁྲི20ལྷག་ཙམ་བཏང་ནས། རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ་དང་། བྲག་དཀར་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། རྩི་ཀོར་ཐང་གྲོང་རྡལ་སྤྲེལ་ཐང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་། ཕ་མ་མེད་པའི་དྭ་ཕྲུག་གི་ཁྱིམ་ཚང་སོགས་བྲག་དཀར་རྫོང་གི་སྡེ་བ་སོ་སོའི་དབུལ་ཕོངས་ཁྱིམ་ཚང་མང་པོར་རོགས་སྐྱོར་གྱི་ཞལ་འདེབས་འབོར་ཆེན་ཕུལ། ལུང་བཟང་ཞང་གི་དབུལ་ཕོངས་ཁྱིམ་ཚང་དང་རྔ་རྡུང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་ཁང་པ་ལས་ཤིང་། རྔ་རྡུང་སྡེ་བའི་ནད་པ་ལྗིད་མོ་ཞིག་གཤགས་བཅོས་བྱེད་པར་ཡང་རོགས་སྐྱོར་བྱས།2018ལོར་བྲག་དཀར་རྫོང་རྒན་གསོ་ཁང་གི་ལས་བཟོ་པ་དང་ལོ་ལོན78དང་། དྭ་ཕྲུག26། བྲག་དཀར་རྫོང་གི་ཁོར་སྲུང་པ72ལ་སྒོར་མོ་འབོར་ཆེན་བཏང་ནས་ལྭ་བ་ཆ་ཚང་རེ་ཉོས། ད་དུང་ལོ་མང་པོའི་རིང་ལ་ཕྱོགས་སོ་སོའི་ཉམ་ཐག་ནད་པ་དང་དཀའ་ཁག་ཅན་གྱི་ཁྱིམ་ཚང་ལ་རོགས་སྐྱོར་མང་པོ་བྱས།
2020ལོར་རང་རྫོང་གི་ཁྲོམ་རར་ཁ་ཕྱོགས་ཏེ་བྲག་དཀར་རྫོང་དབྱར་རྩྭའི་ཁྲོམ་རའི་ཚོང་པ་མང་པོ་ལ་ལོ་གཅིག་གི་ཁང་གླ་སྐར་གང་ཡང་མ་བླངས་པར་གླ་སྒོར་ཁྲི40ཡིས་རོགས་སྐྱོར་བྱས། འབའ་ཡུལ་ལུང་པའི་སྡེ་བ་ག་གེ་མོའི་མཆོད་རྟེན་ཞིག་གསོ་བྱེད་པར་སྒོར་ཁྲི2བཏང་།
2021ལོར་བྲག་དཀར་རྫོང་གི་ཁོར་སྲུང་པ་དག་ལ་དམངས་སྒོར་ཁྲི1.31གནང་ནས་གྱོན་གོས་བཟོས་པ་མ་ཟད། ཁོ་ཚོར་ད་དུང་སྒོར་ཁྲི10ཡིས་འཚོ་བཅུད་ཟས་རིགས་ཉོས།
གསར་འགོད་པས་བྲག་དཀར་རྫོང་གི་རྒྱ་སྲང་དུ་གཙང་སྦྲ་བྱེད་བཞིན་པའི་ཁོར་སྲུང་པ་རིག་འཛིན་སྒྲོལ་མར་སྐལ་བཟང་ཐུབ་བསྟན་གྱི་སྐོར་གླེང་དུས། མོས“སྦྱིན་བདག་སྐལ་བཟང་གིས་ང་ཚོ་ཁོར་སྲུང་པ་རྣམས་ལ་གྱོན་ཆས་བཟོས་ཤིང་། ཡོང་ཐེངས་རེར་ཞོ་དང་འོ་མ་བྱིན་པ་རེད། ཁོང་ནི་ང་ཚོར་མཚོན་ན་ངོ་མ་དྲིན་ཆེན་ཡིན”ཞེས་བཤད་བྱུང་།
དགེ་རྒན་གྱི་འཐུས་ཚབ་པས་སྦྱིན་བདག་སྐལ་བཟང་ཐུབ་བསྟན་ལ་གོས་དར་འབུལ་བཞིན་པ།
གཞན་ཡང་། སྐལ་བཟང་ཐུབ་བསྟན་གྱིས2020ལོར་ཝུའུ་ཧན་གྲོང་ཁྱེར་གྱི་པྲོག་གསར་ནད་དུག་གི་ནད་པ་རྣམས་ལ་མི་སྒེར་ནས་ཞལ་འདེབས་སྒོར་ཁྲི10བཏང་ནས་རོགས་སྐྱོར་བྱས་ཤིང་། 2022ལོར་རང་ས་གནས་ཀྱི་པྲོག་གསར་ནད་དུག་གི་རིམས་འགོག་ཐད་ལ་སྒོར་ཁྲི10ཡིས་རོགས་སྐྱོར་བྱས། ད་དུང་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ལའང་སྒོར་ཁྲི2ཀྱི་ཞལ་འདེབས་གནང་བ་རེད། ཁོང་གིས2003ལོ་ནས2022ལོའི་བར་དུ་སྤྱི་ཚོགས་ཀྱི་སྤྱི་སྒེར་གང་རུང་གི་ལས་རིགས་སོ་སོར་རོགས་སྐྱོར་བྱས་པའི་མ་དངུལ་སྤྱི་བསྡོམས་པས་སྒོར་ཁྲི1200ལྷག་ལ་སླེབས།སྐལ་བཟང་ཐུབ་བསྟན་གྱིས་རང་གིས་ཁེ་ལས་གཉེར་བའི་སྒོར་མོ་དག་ཤོ་རྒྱག་རྒྱན་འཇོག་གི་སྟེང་དུ་མི་སྤྱོད་ལ། ཆང་འཐུང་དུ་འཐེན་གྱི་ཕྱོགས་སུ་ཡང་མི་བཀོལ་བར། ཁོས་ནམ་ཡང་གང་དུ་དཀའ་ཁག་ཡོད་ན་དེར་སྦྱིན་པ་གཏོང་བ་ནི་མི་ཚེའི་བདེ་སྐྱིད་དུ་བསམས་ཡོད། ཁོང་གིས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་རོགས་རམ་གང་མང་བྱས་པར་བརྟེན། ཁོང་གི་བླ་མེད་བྱས་རྗེས་ལ་གཞུང་སྒེར་གཉིས་ནས་དགའ་གུས་དང་མཐོང་ཆེན་བྱས་དང་བྱེད་མུས་སུ་ཡོད་དེ། ལོ་འདི་དག་གི་རིང་དུ་ཁོང་ལ་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་དང་། མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྣ་སོགས་གཞུང་ཕྱོགས་ཀྱི་མཚན་སྙན་སྣ་ཚོགས་གནང་བ་མ་ཟད། སྒེར་གྱིས་བཀའ་དྲིན་མཚོན་བྱེད་དུ་ཕུལ་བའི་གོས་དར་ནི་བགྲང་ལས་འདས། ཁོང་གིས་གསར་འགོད་པར་ད་དུང་མུ་མཐུད་དུ་རང་གི་ནུས་ཚོད་ཀྱིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་རོགས་རམ་གནང་རྒྱུའི་ཆོད་སེམས་སྙིང་ལ་བཅངས་ཡོད་ཟེར།
སྐལ་བཟང་ཐུབ་བསྟན་གྱི་ཀུན་སློང་གཙང་མ་དང་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པོས་མཐོ་སྒང་གི་ཡུལ་གྲུ་འདིར་བརྩེ་བ་དང་སྙིང་རྗེ་ཡིས་ཕྱུག་པའི་གཏམ་རྒྱུད་རིང་མོ་ཞིག་བྲིས་ཡོད་ལ། དེ་བཞིན་དུ་ཡུལ་མི་སྤུན་ཟླ་ཚོའི་སེམས་ཁོང་དུ་ཡང་ཁོ་ནི་ལག་པས་རེག་ཐུབ་ཅིང་མིག་གིས་མཐོང་རྒྱུ་ཡོད་པའི་བྱང་སེམས་ཅན་གྱི་སྣང་བརྙན་གསོན་པོ་ཞིག་ཏུ་དུས་གཏན་དུ་བཞེངས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།