ཐུན་རིན་གྲོང་ཁྱེར་གྱིས་འཛམ་གླིང་གི་ཟིན་ཐོ་གསུམ་བསྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།
དུས་ཚོད།:2023-07-24
ཀློག་གྲངས།:
ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། འཛམ་གླིང་སྟེང་མི་གྲངས་ཆེས་མང་པོའི་མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་ཆེན་མོ་དང་། འཛམ་གླིང་སྟེང་སྐུ་གཟུགས་ཆེས་ཆེ་བའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་འབག་སྐུ། འཛམ་གླིང་སྟེང་གཞི་རྒྱ་ཆེས་ཆེ་བའི་ཆང་བ་ལི་འདེབས་འཛུགས་རྟེན་གཞི་བཅས་འཛམ་གླིང་ཟིན་ཐོ་གསུམ་གྱི་དཔང་ཡིག་སྤྲོད་པའི་མཛད་སྒོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་ཐང་ཆེན་དུ་བསྡུས། འཛམ་གླིང་ཟིན་ཐོའི་ཀྲུང་གོར་སྡོད་པའི་སྙན་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲའོ་ཆིན་ཐའེ་དང་། འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་དཔོན་མཱ་ཁི་ཞི་མུའུ། འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་དཔོན་ཨན་ཡུང་ཧྲིན། རྨ་ལྷོ་ཁུལ་དང་ཐུན་རིན་གྲོང་ཁྱེར་གྱི་འབྲེལ་ཡོད་མགོ་ཁྲིད་བཅས་དཔང་ཡིག་སྤྲོད་པའི་མཛད་སྒོར་ཞུགས།

སྔ་དྲོའི་ཆུ་ཚོད་བཅུ་གཅིག་སྟེང་། འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་ལས་ཁུངས་ཀྱི་ཁས་ལེན་དཔང་འདོན་དཔོན་གྱིས་ཡུལ་དངོས་ནས། གཟབ་ནན་ཡིན་ཞིང་ཚན་རིག་དང་མཐུན་ལ། ཚད་ལྡན་ཅན་གྱི་ཁས་ལེན་དཔང་འདོན་གྱི་བརྒྱུད་རིམ་བརྒྱུད་པ་དང་། འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་ལས་ཁུངས་ཀྱི་ཁས་ལེན་དཔང་འདོན་དཔོན་གྱིས་ཉིན་གཉིས་ལ་ཞིབ་བཤེར་དང་ཚད་འཇལ། གསལ་འབྱེད་བཅས་བྱས་པ་བརྒྱུད་ནས། ཐུན་རིན་གྲོང་ཁྱེར་གྱིས་ཡར་ཞུ་བྱས་པའི་རིགས་སྣ་གསུམ་སྟེ་མི་གྲངས་ཆེས་མང་པོའི་མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་ཆེན་མོ་དང་། སྐུ་གཟུགས་ཆེས་ཆེ་བའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་འབག་སྐུ། གཞི་རྒྱ་ཆེས་ཆེ་བའི་ཆང་བ་ལི་འདེབས་འཛུགས་རྟེན་གཞི་བཅས་བདེ་བླག་ངང་ཞིབ་བཤེར་གྱི་ཚད་དུ་སླེབས་པར་མ་ཟད། ཡུལ་དངོས་ནས་འཛམ་གླིང་ཟིན་ཐོའི་དཔང་ཡིག་སྤྲད། འདི་ནི་ཉིས་སྟོང་བཅུ་དགུ་ལོར་ཐུན་རིན་གྲོང་ཁྱེར་གྱིས་གཞི་རྒྱ་ཆེས་ཆེ་བའི་ཐང་ག་འགྲེམ་སྟོན་དང་ཆེས་ཆེ་བའི་མཉམ་དུ་ཐང་ག་འབྲི་བཞེངས་བྱེད་པའི་ཅི་ཉི་ཟིའི་འཛམ་གླིང་ཟིན་ཐོ་སྣ་གཉིས་བསྐྲུན་རྗེས། ཡང་བསྐྱར་འཛམ་གླིང་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། འཛམ་གླིང་གི་ཟིན་ཐོ་གསུམ་བསྐྲུན་པ་དེར་དུས་རབས་རང་བཞིན་གྱི་དོན་སྙིང་ལྡན། དེས་ཐུན་རིན་གྲོང་ཁྱེར་གྱི་མི་རབས་འགའི་རེ་འདོད་ཡོངས་སུ་འགྲུབ་པར་བྱས་པ་དང་། གྲུབ་འབྲས་ཆེན་པོར་ངོམ་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ཏེ་ལོ་འཁོར་བདུན་ཅུ་ལོན་པར་ལེགས་སྐྱེས་ཕུལ་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཐུན་རིན་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་དང་། རྔམས་མཐུག་པའི་ལོ་རྒྱུས་རྨང་གཞི། ཟབ་ཅིང་ཡངས་པའི་སྐྱེ་ཁམས་ཁྱད་སྟོབས་བཅས་ལ་བརྟེན་ནས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ས་ཆ་བསྐྲུན་པར་དམ་དུ་དམིགས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་དང་གྲོང་ཁྱེར་ཡོངས་ཀྱི་བློ་གྲོས། གྲོང་ཁྱེར་ཡོངས་ཀྱི་བརྩེ་བ་བཅས་གཅིག་ཏུ་བསྡུས་ནས། ས་ཆ་གཅིག་དང་གསར་གཏོད་གཉིས། ཡར་སྐུལ་གསུམ། ར་བ་བཞི། རྒྱུད་ལྔ་བཅས་ཀྱི་བཀོད་སྒྲིག་གསར་དུ་བཏོན་ནས། རེབ་གོང་གི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་རིག་གནས་སྲུང་སྐྱོབ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། ཐོན་ལས་དར་སྤེལ་བཅས་ཐད་དུ་གོམ་སྟབས་བརྟན་པོ་སྤོས་ཡོད།

རྒྱུས་ལོན་པ་ལྟར་ན། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་རིགས་སྣ་སྟེ་མི་གྲངས་ཆེས་མང་པོའི་མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་ཆེན་མོ་དང་། གྲོང་གསེབ་དར་སྤེལ་གྱི་རིགས་སྣ་སྟེ་གཞི་རྒྱ་ཆེས་ཆེ་བའི་ཆང་བ་ལི་འདེབས་འཛུགས་རྟེན་གཞི། རེབ་གོང་སྒྱུ་རྩལ་གྱི་རིགས་སྣ་སྟེ་སྐུ་གཟུགས་ཆེས་ཆེ་བའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་འབག་སྐུ་བཅས་འཛམ་གླིང་གི་ཟིན་ཐོ་གསུམ་ལ་ཁས་ལེན་དཔང་འདོན་བྱེད་པ་དེས་སོ་སོར་མི་ཁྲིའི་ལྷ་རྩེད་ཀྱིས་ཏང་གི་བཀའ་དྲིན་ལ་གུས་པས་བསྟོད་ཅེས་པ་དང་། གནའ་བོའི་སྒྱུ་རྩལ་ལས་ཐུན་མིན་འབག་བཟོ་རྩལ་གྱིས་བཞེངས་ཞེས་པ། མཐོ་སྒང་ཆང་བ་ལིས་གྲོང་ཁྱེར་དར་སྤེལ་ལ་རམ་འདེགས་བྱེད་ཅེས་པ་བཅས་བརྗོད་དོན་དུ་བྱས་ཡོད། དེ་ལས་མི་གྲངས་ཆེས་མང་པོའི་མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་ཆེན་མོས་གཞི་རྒྱ་ཆེས་ཆེ་བ་དང་། མི་གྲངས་ཆེས་མང་བར་བརྟེན་ནས་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་པའི་དྲུག་པའི་ཀླུ་རོལ་གྱི་ལྷ་རྩེད་དང་ཀླུ་རྩེད། དམག་རྩེད་བཅས་ཀྱི་ནང་དོན་གཅིག་ཏུ་བསྡུས་ཏེ། ས་གནས་རང་གི་མི་ཁྲི་གཅིག་དང་སྟོང་གཅིག་བརྒྱ་དང་བཅུ་ཐམ་པ་རྩ་འཛུགས་བྱས་ཏེ་འཁྲབ་སྟོན་བྱས་ཡོད། ལྷ་རྩེད་ཚབ་མཚོན་དུ་བྱས་པའི་རེབ་གོང་དྲུག་པའི་ཀླུ་རོལ་གྱིས་ལོ་རེར་ས་གནས་ལ་ཡོང་སྒོ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་བསྐྲུན་ཡོད། སྐུ་གཟུགས་ཆེས་ཆེ་བའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་འབག་སྐུ་ནི་མིག་སྔར་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་གྱི་སྐུ་གཟུགས་ཆེས་ཆེ་བའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་འབག་སྐུ་ཡིན་ལ། གནའ་བོའི་འབག་བཟོའི་རྩལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་གྱི་སྣང་ཚུལ་བཟང་བོ་གཅིག་བསྡུས་ཀྱིས་མཚོན་ཡོད། གཞི་རྒྱ་ཆེས་ཆེ་བའི་ཆང་བ་ལི་འདེབས་འཛུགས་རྟེན་གཞི་ནི་རྒྱ་ཁྱོན་ཆེ་བ་དང་ཐོན་ཚད་མཐོ་བ། བྲོ་བ་ཞིམ་པ་བཅས་ལ་བརྟེན་ནས་མིང་དུ་གྲགས་ཡོད་ལ། ཐུན་རིན་གྲོང་ཁྱེར་གྱིས་སྲོལ་རྒྱུན་གྱི་སྐྱེ་ཁམས་གྲུལ་ཚུལ་ལེགས་སྒྱུར་བྱས་པ་དང་། ཚད་གཞི་ཅན་གྱི་ཁྱད་ལྡན་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། ཆང་བ་ལི་ལ་བརྟེན་ནས་ཐོན་ལས་ཆེན་པོར་སྐུལ་ཁྲིད་བྱེད་བཞིན་ཡོད། མིག་སྔར་བསྡོམས་པས་ཚོན་ལྡན་ཞིང་ལས་ཐོན་ལས་ར་བ་དྲུག་དང་། ཆང་བ་ལིའི་བར་ཁྱམས་གཅིག་བཙུགས་ཡོད། །
འབྲེལ་ཡོད་འོས་སྦྱོར།