logo

བོད་ཀྱི་ཡིག་གཟུགས་བརྩམས་ཆོས་གསུམ་འགྲེམ་སྟོན་འདིར་ཚུད་འདུག

རྩོམ་པ་པོ།:མཁར་རྩེ་རྒྱལ། འབའ་ཚེར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-08-02 ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་གསུམ་གྱི་ཡིག་གཟུགས་བརྩམས་ཆོས“རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་སྲིད་གྲོས་ཀྱི་ཡིག་གཟུགས་སྤུས་ལེགས་མཉམ་འབྲེལ་འགྲེམ་སྟོན”དུ་ཚུད།
 
       རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། རྨ་ཆུའི་རིག་གནས་དར་སྤེལ། རྨ་ཆུའི་གཏམ་རྒྱུད་ཡག་པོ་ཤོད་པ། སེམས་ནུས་གཅིག་ཏུ་སྒྲིལ་བར་སྤྱི་འདོམས་མཐུན་སྦྱོར་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་འགན་སྒྲུབ་བྱས་པའི“རྨ་ཆུའི་ཆུ་ནི་མཚོ་སྔོན་ནས་ཐོན།——རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་སྲིད་གྲོས་ཀྱི་ཡིག་གཟུགས་སྤུས་ལེགས་མཉམ་འགྲེམ་སྐབས་གསུམ་པ”དེ་ཟླ7པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དུ་དངོས་སུ་མགོ་བརྩམས། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་ཡང་བྱ་འགུལ་ཁྲོད་ཟབ་ཞུགས་བྱས་ཏེ་རྒྱབ་སྐྱོར་བྱས།
གོང་གི་པར་རིས་ནི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཀྲུའུ་ཞི་གཞོན་པ་ཝང་ཀྲེན་ཁྲང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཧྥེང་ཡོན། ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཞུས་ལི། ཀྲུང་དབྱང་མཛེས་རྩལ་སློབ་གླིང་སྒྱུ་རྩལ་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིའུ་པོ། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན་ཚོགས་གཙོ་གཞོན་པ་རེབ་གོང་པ་མཁར་རྩེ་རྒྱལ་བཅས་རེད།
       མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཧོ་ལུའུ་ཁྲུན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཧྥེང་ཡོན། ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཞུས་ལི། ཀྲུང་དབྱང་མཛེས་རྩལ་སློབ་གླིང་སྒྱུ་རྩལ་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིའུ་པོ་བཅས་གཙོས་པའི་རྨ་ཆུའི་འགྲམ་རྒྱུད་ཀྱི་ ཞིང་ཆེན(ལྗོངས)ཁག་གི་སྲིད་གྲོས་ཀྱི་མགོ་ཁྲིད་དང་ཡིག་རིས་གླིང(ཁང)གི་འགན་འཁུར་བློ་མཐུན། ཞིང་ལྗོངས་ཁག་གི་ཡིག་རིས་སྒྱུ་རྩལ་པ་དག་མཛད་སྒོའི་སྟེང་ཞུགས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲེན་ཁྲང་གིས་མགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་། ཧོ་ལུའུ་ཁྲུན་གྱིས་ཞིང་ཆེན(ལྗོངས)དགུའི་སྲིད་གྲོས་ཀྱི་ཡིག་གཟུགས་སྤུས་ལེགས་མཉམ་འགྲེམ་གྱི་བྱ་འགུལ་སྤེལ་བ་འདི་རྨ་ཆུའི་རིག་གནས་དར་སྤེལ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། ད་རེས་ཀྱི་ཡིག་གཟུགས་སྤུས་ལེགས་མཉམ་འགྲེམ་བྱས་པ་བརྒྱུད། མི་དེ་བས་མང་བས་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་རྨ་ཆུའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་ཐུབ་པར་མ་ཟད། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་ཡིག་གཟུགས་སྒྱུ་རྩལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བྱས་ཏེ། “ཐུན་མོང་ཐོག་རྨ་ཆུའི་རིག་གནས་དར་སྤེལ་དང་། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་བསམ་པའི་སྒུལ་ཤུགས་ནུས་ལྡན་མཁོ་འདོན་བྱེད་ཐུབ་ཅེས་གསུངས།
       མགོན་པོ་བཀྲ་ཤིས་ཀྱིས་ཤིས་ཚིག་སྒྲོན་སྐབས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཇུས་གལ་ཆེན་ལ་དམིགས་ཏེ། ཐུན་མོང་ཐོག་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་སྲིད་གྲོས་ཀྱི་ཡིག་གཟུགས་སྤུས་ལེགས་མཉམ་འགྲེམ་སྐབས་གསུམ་པའི་བྱ་འགུལ་སྤེལ་བ་འདི་ཞིང་ལྗོངས་དགུའི་སྲིད་གྲོས་ཀྱིས་རྒྱལ་ཁབ་ཀྱི་དོན་ཆེན་ལ་དམིགས་ནས་སེམས་ནུས་གཅིག་སྒྲིལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ད་རེས་ཀྱི་ཡིག་གཟུགས་མཉམ་འགྲེམ་ནི་ཀྲུང་ཧྭའི་རིག་གནས་གཙོ་རྐང་དུ་བཟུང་བ་དང་། རྨ་ཆུའི་རིག་གནས་ཀྱི་ཕུལ་བྱུང་བརྩམས་ཆོས་གཅིག་ཏུ་བསྡུས་ཡོད་པས། ངས་སེམས་གཏིང་ནས་མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེ་མོའི་ཆབ་སྲིད་རྩ་འཛུགས་དང་ལས་སྟེགས་གལ་ཆེན་འདིས་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་གཞི་རྟེན་དུ་བྱས་ཏེ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་ངོས་འཛིན་གཅིག་མཐུན་བྱེད་པ་དང་། རྨ་ཆུའི་གཏམ་རྒྱུད་ཡག་པོ་ཤོད་པ། རྨ་ཆུའི་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་ཆེད་ལེགས་སྐྱེས་གསར་བ་དེ་བས་མང་བ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
       ཐེངས་འདིའི་འགྲེམ་སྟོན་ནི་དྲ་ཐོག་དང་ཡུལ་དངོས་གཉིས་སུ་ཕྱེ་ཞིང་། དེ་ལས་ཡུལ་དངོས་འགྲེམ་སྟོན་ལ་ཁྱོན་བསྡོམས་བརྩམས་ཆོས184ཞུགས་འདུག བརྩམས་ཆོས་དག་གི་ཚོན་མདངས་རྣམ་པར་བཀྲ་ཞིང་། སྣག་རིས་ལ་གསོན་ཉམས་ལྡན་པར་མ་ཟད། སྲོལ་རྒྱུན་ཟབ་མོ་དང་གཞུང་དྲང་གསར་གཏོད་མཉམ་འདྲེས་བྱས་ཡོད་པས། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་སྲིད་གྲོས་ཀྱིས་པིར་སྣག་ལ་བརྟེན་ནས་བརྩེ་ཉམས་སྟོན་པ་དང་མཐུན་སྒྲིལ་མཐུན་འབྲེལ་གྱི་ཁྱད་ཆོས་གང་ལེགས་སྒོས་མངོན་ཡོད་པ་རེད།
       མགོ་ཚུགས་མཛད་སྒོ་འཚོགས་རྗེས། ཚོགས་ཞུགས་མགོ་ཁྲིད་དང་སྐུ་མགྲོན་དག་གིས་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུ་དང་ཆེད་དུ་གདན་ཞུ་བྱས་པའི་ཡིག་གཟུགས་དང་། ཐང་ག མཚོ་སྔོན་གྱི་འཚེམ་དྲུབ་དང་པར་རིས་འགྲེམ་སྟོན་བཅས་ལ་གཟིགས་ཞིབ་གནང་། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན་ཚོགས་གཙོ་གཞོན་པ་ངག་དབང་རྒྱ་མཚོ་དང་རེབ་གོང་པ་མཁར་རྩེ་རྒྱལ། ལས་འཛིན་འབའ་ཚེར་རྟ་རྡོ་བཅས་གསུམ་གྱིས་ཞིབ་འཇུག་ཚོགས་པའི་ཚབ་བྱས་ནས་སོ་སོར་བོད་ཡིག་ཡིག་གཟུགས་ཀྱི་བརྩམས་ཆོས་རེ་ཕུལ་ཞིང་། ཐེངས་འདིའི་ཡིག་གཟུགས་སྤུས་ལེགས་མཉམ་འགྲེམ་ཐོག་འགྲེམ་སྟོན་བྱས་པར་ཀུན་གྱིས་དོ་ཁུར་ཆེན་པོ་བྱས་པར་མ་ཟད། ལྟད་མོ་པ་མང་བོ་ཞིག་གིས“བོད་ཡིག་ཡིག་གཟུགས་ཀྱི་གཏིང་ཟབ་པའི་ནང་དོན་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱས་པ་ཐེངས་དང་པོ་ཡིན”ཞེས་བཤད།
འགྲེམ་སྟོན་ནང་ཚུད་པའི་བརྩམས་ཆོས།
འགྲེམ་སྟོན་ནང་ཚུད་པའི་བརྩམས་ཆོས།
འགྲེམ་སྟོན་ནང་ཚུད་པའི་བརྩམས་ཆོས།
འབྲེལ་ཡོད་འོས་སྦྱོར།