ཕོ་བྲང་པོ་ཏ་ལས་དཔེ་རྙིང་ལ་སྲུང་སྐྱོབ་དང་ཞིབ་འཇུག་ཡག་པོ་གནང་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-09-30
ཀློག་གྲངས།:
སྤྱི་ཚེས28ཉིན་དཔེ་རྙིང་མང་ཚོགས་དང་ཉེ་བར་བཅར་ཞེས་པ་སྟེ། ཕོ་བྲང་པོ་ཏ་ལའི་དཔེ་རྙིང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱས་འབྲས་དཔེ་དེབ་ཀྱི་དེབ་ཕུད་འགྲེམ་པའི་ཚོགས་འདུ་བོད་ལྗོངས་ལྷ་སར་འཚོགས་པ་རེད།
ད་རེས་ཀྱི་དེབ་ཕུད་འགྲེམ་པའི་ཚོགས་འདུའི་ཐོག«ཕོ་བྲང་པོ་ཏ་ལའི་དཔེ་མཛོད་ཁང་དང་པོར་བཞུགས་པའི་དཔེ་རྙིང་དཀར་ཆག་བཞུགས་སོ»ཞེས་པ་དང་། «ཕོ་བྲང་པོ་ཏ་ལའི་དཔེ་རྙིང་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»ཞེས་པ། «པོ་ཏ་ལའི་གསུང་འབུམ་དཀར་ཆག དགེ་ལུགས་པ»དང་དེ་བཞིན«ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག»ཅེས་པ་དང་། «ཕོ་བྲང་པོ་ཏ་ལའི་བདག་གཉེར་པ»(བོད་ཡིག་པར་གཞི)སོགས་དཔེ་དེབ་ལྔ་ཁྱབ་བསྒྲགས་བྱས་པ་རེད།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་རིག་དངོས་ཞིབ་འཇུག་ཁང་རིག་གནས་དང་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གི་ལས་མི། འབུམ་རམས་པ་དཔལ་ལྡན་ཚེ་རིང་གིས་ངོ་སྤྲོད་གནང་བར། «ཕོ་བྲང་པོ་ཏ་ལའི་ཉར་ཚགས་དཔེ་དེབ་ཁང་དང་པོར་བཞུགས་པའི་དཔེ་རྙིང་དཀར་ཆག»(སྟོད་ཆ། སྨད་ཆ།)ནང་མངོན་པ་དང་། འདུལ་བ། དབུ་མ། ཤེར་ཕྱིན། ཚད་མ། བྱང་ཆུབ་ལམ་རིམ། འཕྲིན་ཡིག ལག་དེབ། གྲུབ་མཐའ་ཁག་གི་ཆོས་འབྱུང་། དེ་བཞིན་རྣམ་ཐར་དང་རྟོགས་བརྗོད་སོགས་ནང་དོན་དུ་བྱས་པའི་དཔེ་རྙིང་པོ་ཏི661གི་དཀར་ཆག་ཚུད་ཡོད་པ་རེད།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་བུ་ཁྲིད་ཀྱིས། ཕོ་བྲང་པོ་ཏ་ལ་འདི་ཉིད་འཛམ་གླིང་རིག་གནས་ཤུལ་བཞག་དང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་དང་དེ་བཞིན་རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པ་ཡིན་པའི་ངོས་ནས། དཔེ་རྙིང་ཁྲི4ཙམ་ཉར་ཚགས་བྱས་པའི་ནང་བོད་ཡིག་དང་། རྒྱ་ཡིག མན་ཇུའི་ཡི་གེ སོག་ཡིག དེ་བཞིན་ལེགས་སྦྱར་གྱི་ཡི་གེ་སོགས་ཡིག་རིགས་ཐོག་ནས་བྲིས་པའི་རྩ་ཆེའི་དཔེ་རྒྱུན་དཀོན་རིགས་དང་གནའ་དཔེ་རྩ་ཆེན་མང་པོ་ཡོད། དཔེ་རྙིང་ཡིག་ཚང་དེ་དག་གི་ནང་དོན་ནི་ཆོས་ལུགས་དང་། བཟོ་སྐྲུན། སྒྱུ་རྩལ། གསོ་རིག ལོ་རྒྱུས། སྐད་བརྡ། རྩོམ་རིག མཚན་ཉིད་རིག་པ་སོགས་དང་འབྲེལ་བ་ཡོད། ད་དུང་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་པོ་ཏི460ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དེ་དག་གི་ཁ་གྲངས་ཤོག་ལྷེ30000ཙམ་ཟིན་ཡོད་པས། གྲངས་འབོར་ནི་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ཅེས་གསུངས།
མིག་སྔར་ཕོ་བྲང་པོ་ཏ་ལའི་དཔེ་རྙིང(ཤིང་ཏ་ལའི་ལོ་མའི་དཔེ་ཆ།)སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་གིས་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་རྙིང་པོ་ཏི3499ཡི་ལེ་ཚན49000ཤོག་ལྷེ་ཁྲི1230ལྷག་ཙམ་དང་། ལྷ་ཁང་དུ་ཉར་ཚགས་བྱས་པའི་དཔེ་རྙིང་པོ་ཏི4739བཅས་ཀྱི་ཡིག་ཚགས་བཟོས་ནས་ཐོ་འགོད་བྱས་པ་དང་། ཡུང་ལོ་པར་གཞིའི«བཀའ་འགྱུར»སོགས་དཔེ་རྙིང་གི་གནོད་སེལ་བརྟག་དཔྱད་དང་སྙན་ཞུ་ལེགས་སྒྲུབ་བྱས་པ། ཤིང་ཏ་ལའི་ལོ་མའི་དཔེ་ཆ་པོ་ཏི41གི་ཤོག་ལྷེ3152ཀྱི་པར་ལེན་བཤར་འབེབས་ལས་དོན་ལེགས་སྒྲུབ་བྱས་པ། ཤིང་ཏ་ལའི་ལོ་མའི་དཔེ་ཆ་པོ་ཏི465ཡི་ཤོག་ལྷེ29380ཡི་གནོད་སེལ་བརྟག་དཔྱད་ལས་དོན་ལེགས་སྒྲུབ་བྱས་ཡོད་པ་རེད།
དེབ་ཕུད་འགྲེམ་པའི་ཚོགས་འདུའི་ཐོག་ད་དུང་ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེར་སྲུང་སྐྱོབ་བྱས་ཚུལ་དང་། དཔེ་རྙིང་ཡིག་ཚང་ཉར་ཚགས་བྱས་ཚུལ། ཉར་ཚགས་བྱས་པའི་ཡུང་ལོ་པར་གཞིའི་བཀའ་བསྟན་འགྱུར་གྱི་ངོ་སྤྲོད། ཕོ་བྲང་པོ་ཏ་ལའི་ཞོལ་པར་ཁང་གི་ལོ་རྒྱུས་བཅས་མཉམ་སྤྱོད་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།