logo

ཐོན་མིའི་ལོ་ཙཱ་རྟགས་མའི་བྱིས་སྒྲུང་འགྲན་སྡུར་གྱི་མཇུག་འབྲས།

རྩོམ་པ་པོ།: ཡོང་ཁུངས།:གངས་རྒྱན་ན་ཆུང་ཚགས་པར། དུས་ཚོད།:2023-10-11 ཀློག་གྲངས།:
“ཐོན་མིའི་ལོ་ཙཱ”རྟགས་མའི་རྒྱལ་ཡོངས་བོད་ཀྱི་བྱིས་སྒྲུང་འགྲན་སྡུར་སྐབས་དང་པོའི་ཁྲོད་བྱ་དགའ་ཐོབ་པའི་རིམ་པ་གཤམ་གསལ་ལྟར།
ཨང་དང་པོ་གཅིག
«ཚེ་རིང་གི་ཕིས་ནའོ་ཚའོ»
རྩོམ་པ་པོ། རིག་ལྡན་རྒྱ་མཚོ།
       རིག་ལྡན་རྒྱ་མཚོ་ལགས་ནི་མཚོ་སྔོན་གཅན་ཚར་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། བརྩམས་ཆོས་ལ་སྒྲུང་རིང«བློས་བསླངས་དཀྱིལ་འཁོར»དང་། སྒྲུང་ཐུང་ཕྱོགས་བསྒྲིགས«གནའ་གྲོང» སྒྱུར་རྩོམ«ཐོག་ཁང་དམར་པོའི་རྨི་ལམ»(ཉིང་བསྡུས་དེབ) བྱིས་སྒྲུང«བཀྲ་ཤིས་དང་འཕྲུལ་གཡག་གི་གཏམ་རྒྱུད»སོགས་ཡོད།

ཨང་གཉིས་པ་གཉིས།
«གྲོག་མ་མིག་ཡངས་མ་བུ་གཉིས»
རྩོམ་པ་པོ། བོད་གཞུག་སྐྱིད།
       བོད་གཞུག་སྐྱིད་ལགས་ནི་མཚོ་སྔོན་ཁྲི་ཀར་སྐྱེས། 2013ལོར་མཚོ་སྔོན་སློབ་ཆེན་དུ་གསོ་རིག་རབ་འབྱམས་པའི་སློབ་མཐར་ཕྱིན། སྔ་ཕྱིར«སྦྲང་ཆར»གཙོས་པའི་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་སྙན་ངག་དང་ལྷུག་རྩོམ། འབོལ་རྩོམ་སོགས་མང་དུ་སྤེལ་མྱོང་། 2016ལོར་སྒེར་དེབ«སྐྱ་རེངས»ཞེས་པ་པར་དུ་བསྐྲུན། ད་ལྟ་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དུ་གསོ་རིག་གནའ་དཔེ་ཞིབ་འཇུག་གི་ལས་ལ་འབད་བཞིན་ཡོད།

«སྲིན་པོར་གྱུར་པའི་རྒྱལ་སྲས»
རྩོམ་པ་པོ། མགོན་བུ་མཁའ་འགྲོ།
       མགོན་བུ་མཁའ་འགྲོ་ལགས་ནི་རེབ་གོང་ཞོ་འོང་དཔྱིས་སྡེ་བར་སྐྱེས། དངོས་མིང་ལ་མཁའ་འགྲོ་ཚེ་རིང་ཟེར། 2017ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་དངོས་གཞི་སློབ་མཐར་ཕྱིན། 2020ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་རམ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། 2022ལོར་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་སྤེལ་བའི་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ།

ཨང་གསུམ་པ་གསུམ།
«གཡག་རྒན་དང་རྩྭ་ཕྲན»
རྩོམ་པ་པོ། ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།
       རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་ལགས་ནི་ཆུ་དམར་ལེབ་རྫོང་མཚོ་ཁྲི་སྡེ་བར་སྐྱེས། 2013ལོར་གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་འགྲིམས་ཏེ་སློབ་གཉེར་བྱས། བརྩམས་ཆོས་ལ«ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ»དང«རྭ་རྒྱའི་བཀའ་འགྱུར་དཀར་ཆག» «ཕུག་ཁང་དགོན་པའི་བླ་རབས་ལོ་རྒྱུས» «འབྲོམ་གྱི་རྣམ་ཐར» «རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན»སོགས་རྒྱ་འགྱུར་མ་བཅུ་ཕྲག་ལྷག་ཡོད།

«རི་བོང་རྩྭ་ཟན་དུ་གྱུར་པའི་གཏམ་རྒྱུད»
རྩོམ་པ་པོ། རིག་བྱེད་སྐྱབས།
       རིག་བྱེད་སྐྱབས་ལགས་ནི་ཀན་སུའུ་རྨ་ཆུར་སྐྱེས། 2017ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་དགེ་རྒན་གྱི་ལས་གནས་སུ་ཞུགས། སྔ་ཕྱིར«རྩེར་སྙེག»དང«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག» «མང་ཚོགས་སྒྱུ་རྩལ» «ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག»སོགས་ཞིང་ཆེན་རིམ་པའི་དུས་དེབ་སྟེང་དཔྱད་རྩོམ་བཅུ་ལྷག་སྤེལ་མྱོང་། གཞན་ཡང«བསླབ་གཞི་ཀུན་འགྲེལ» «རྒྱུགས་ཤོག་ཀུན་འདུས» «སློབ་ཐུན་སྦྱང་བྱ»གཙོས་པའི་དེབ་ལྔ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

«བྱིའུ་ཕྲུག་མཚར་བོ»
རྩོམ་པ་པོ། མུ་ནེ་སྐྱབས།
       མུ་ནེ་སྐྱབས་ལགས་ནི་མདོ་སྨད་དངུལ་རྭའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། མཐོ་འབྲིང་སྐབས་སུ་སྙན་དེབ་ཐོག་མ«གོད་ཆག»ཅེས་པ་པར་དུ་བསྐྲུན་མྱོང་། 2012ལོར་ལན་ཀྲུའུ་ཕྱི་ཡིག་སློབ་ཆེན་འགྲིམས་ཏེ་སློབ་གཉེར་བྱས། སྔ་ཕྱིར་སྙན་ངག་གཙོས་པའི་བརྩམས་ཆོས་རེ་འགའ་ཞིང་ཆེན་ཕྱི་ནང་གི་ཚགས་དེབ་སྟེང་སྤེལ་མྱོང་། 2016ལོར«དཔྱིད་ཆར»སྟེང་སྤེལ་བའི«བོང་བུ་དཔོན་པོར་བསྐོས་པ»ཞེས་པར་བྱིས་སྒྲུང་གི་བྱ་དགའ་ཨང་དང་པོ་ཐོབ།

མཚོ་སྔོན་ཟི་ལིང་། མི་ལ་ཙི་ཙི།
       “བྱིས་སྒྲུང”ཞེས་པའི་ཐ་སྙད་འདི་རྒྱ་ནག་ནས་བོད་ལ་འགྱུར་འོང་བ་ཚང་མས་ཤེས། འདིའི་ཁྲོད་ཀྱི“བྱིས”གོ་སླ། དེས་རྩོམ་ལུས་འདིའི་དམིགས་བྱ་བྱིས་པ་ཡིན་པ་སྟོན། གཙོ་བོ“སྒྲུང”ཞེས་པ་འདི་ཅུང་གནད་ཆེ། མ་ཟད་འདི་འུ་ཚོའི་རིག་གནས་བག་ཆགས་ཁྲོད་ཀྱི“སྒྲུང”དང་སྦྱར་ཏེ་སྨྲ་བ་ལས་འོས་མེད། དེ་འདྲ་རང་རེར་སྔོན་ཆད་བྱུང་མྱོང་བ་ལས་ཅུང་གྲགས་ཆེ་བ་ནི“མཆིལ་བའི་སྒྲུང”དང“མ་སང་གི་སྒྲུང”རེད། འོན་ཀྱང་འདི་གཉིས་དེང་སང་མེད་ཅེས་ཨ་ལགས་དུང་དཀར་སྨྲ། དེ་མིན་ད་རུང་ཡོངས་གྲགས་གཅིག་ཡོད་པ་ནི«མི་རོ་རྩེ་སྒྲུང»རེད། འདིའི་ནང་གི“འབྲི་ཁྲ་བོས་ན་གཞོན་བསྐྱབས་པ”དང“མ་སང་ཡ་རུ་ཁ་ཁྲ”“སྦལ་བ་དང་སྲས་མོ”(འདི་ཀུ་རེན་གྱི“སྦལ་བ་རྒྱལ་སྲས”ལས་ཀྱང་ཡག་པར་མཐོང) “ཁ་མི་གྲག་པའི་བུ་མོ”“རྡོའི་སེང་གེས་ཁ་གདངས་པ”སོགས་ནི་ཨན་ཐུའུ་ཧྲེང་གི་སྔུན་དུ་བཞག་ཀྱང་ངོ་གནོང་མི་དགོས་སྙམ། དེ་མིན་དབྱི་སའོ་ཡི«ཁྭ་ཏས་ཆུ་འཐུང་བ»དང«རུས་སྦལ་དང་རི་བོང་གི་རྒྱུག་འགྲན» ཁི་རེ་ལོ་ཧྥུའི«ཝ་མོ་དང་ཁྭ་ཏ»དང«སྤྱང་ཀི་དང་ལུ་གུ»སོགས་སྲོག་ཆགས་གཏམ་རྒྱུད་དག་ཀྱང་བྱིས་སྒྲུང་དུ་འདྲེན་ན། རང་རེའི«བྱ་སྤྲེལ་གཏམ་རྒྱུད»དང«གཏམ་པདྨོའི་ཚལ་གྱི་ཟློས་གར» དེ་བཞིན«ནེ་ཙོ་གཡུ་སྒྲུང»ཡང་བྱིས་སྒྲུང་དུ་མི་འགྲོ་བ་མེད་སྙམ།
       མདོར་ན། གུས་པས་བོད་ལ“བྱིས་སྒྲུང”ཞེས་པའི་ཐ་སྙད་མ་བྱུང་བ་མ་གཏོགས་གནའ་སྔ་མོ་ནས་ཡོད་པར་འདོད། དེར་མ་ཟད་སླད་ཕྱིན་རང་རེས་དེ་རྨང་གཞི་བྱས་ཐོག་བྱིས་སྒྲུང་གསར་བ་ག་འདྲ་བཟོ་དགོས་པའི་ཐད་ལ་དྲན་ཚུལ་འགའ་བྱུང་བའང་གྲལ་ལ་གྲོས་སུ་འདེབས། དེ་ཡང་བྱིས་སྒྲུང་ཞེས་པ་ནི་མི་རྣམས་ཀྱི་ངག་ཐོག་གི་བྱིས་པའི་གནའ་གཏམ་མམ་བཤད་སྒྲོས་སོགས་ཀྱི་རྨང་གཞིའི་སྟེང་ནས་སམ། ཡང་ན་རྩོམ་པ་པོས་ཐད་ཀར་རྟོག་བཟོ་བྱས་པ་ཞིག གཟབ་ནན་གྱི་ཡི་གེའི་ངོས་སུ་ཚགས་དམ་པའི་སྒྲིག་གཞི་དང་། བཀོད་ལེགས་པའི་བྱུང་རིམ། སྡེབ་ཡག་པའི་ཚིག་སྦྱོར་གྱིས་བྱོན་པ། ད་རུང་རབ་བཏགས་དང་སྒྱུ་འཕྲུལ་སོགས་རྩོམ་ཐབས་གཙོ་བོར་བྱེད་པའི་རྩོམ་རིག་བརྩམས་ཆོས་ཤིག་ཏུ་ཡོང་དགོས་པར་སྙམ། ཡང་དེ་ལ་སྲོག་ཤིང་ལྟ་བུའི་དམ་ཚིག་སྣ་གཅིག་སྲུང་རྒྱུ་ཡོད་པ་ནི། དེ་རང་རེའི་ན་ཆུང་བྱིས་པའི་ཁམས་དང་མོས་པར་འཕྲོད་དགོས་པར་མ་ཟད། ལྷག་ཏུ་ཁོ་ཚོའི་ལུས་སེམས་གཉིས་ཀའི་འཚར་ལོང་གི་གྲོགས་སུ་འཆར་དགོས་པ་ཞིག་ཅིས་ཀྱང་དགོས་སོ། །
       ངེད་དཔྱད་འདེམས་ཚོ་ཆུང་གིས་ཀྱང་འདི་དང་འདི་ལྟ་བུའི་སྤང་བླང་གི་ཆ་ཀུན་རྩ་དོན་དུ་བཟུང་སྟེ། དཔྱད་འདེམས་ལས་ཀར་བློ་གཟུ་བོར་འཇུག་ཡོད། མཐར་འགྲན་ཞུགས་བརྩམས་ཆོས་ཉེར་བརྒྱད་ལས་དྲུག་ཙམ་ཨང་རིམ་ལྟར་གཟེངས་སུ་ཐོན་ཡོད་ལ། མཚམས་འདིར་བབ་བསྟུན་སྒོས་དེ་དག་རེ་རེའི་ཁྱད་ཆོས་གཙོ་བོ་ནས་གླེང་མོལ་ཕྲན་བུ་རེ་བྱ།
       “ཕིས་ནའོ་ཚའོ”—ཤིང་བྱིས་ཤོབ་རྐྱལ་སྣ་རིང་དེ། མ་གཞི་གང་ནས་ཡོང་ཞིང་བྱ་བ་ཅི་ཞིག་བྱས་མྱོང་བ་ནི། ཕྱི་གླིང་གི་བྱིས་སྒྲུང་ལ་མོས་མཁན་ཞིག་ཡིན་ཕྱིན་མི་ཤེས་པ་མི་སྲིད། རེད། པྲ་ཚག་འདི་རིག་ལྡན་རྒྱ་མཚོ་ལགས་ཀྱི«ཚེ་རིང་གི་ཕིས་ནའོ་ཚའོ»ནང་གི་མི་སྣ་གཙོ་བོའང་རེད། གལ་ཆེ་ཤོས་ནི། དེ་དེའི་མ་གཤིས་དང་ཆབས་ཅིག་འུ་ཚང་གི“ཚེ་རིང”གི་རྩེད་གྲོགས་སུ་གྱུར་པ་འདི་ལ་ལྟ་བཟོ་དོད། དེའི་ཁར་རྩོམ་པ་པོ་ཁོང་མ་གཞི་ནས་སྒྲུང་གཏམ་པ་ཡིན་པས། གཏམ་རྒྱུད་འདིའི“ཇི་ལྟར་བཤད”ཀྱི་ཆ་ལའང་བྱང་ཞིང་ཡང་ཟོར་དང་ལྡན་པས་ཀློག་བདེ་ལ་འཇུག་སླའོ། །
       བོད་གཞུག་སྐྱིད་ལགས་ཀྱི«གྲོག་མ་མིག་ཡངས་མ་བུ་གཉིས»ནི་བྱུང་རིམ་ཧ་ཅང་སྟབས་བདེ་ཅན་གྱི་བྱིས་སྒྲུང་ཞིག་རེད། ལོ་ལྔ་དྲུག་ཅན་གྱི་བྱིས་པ་ཞིག་ལ་ཕ་མས་སེམས་རྣལ་ལ་ཕབ་ནས་བཀླགས་ཚེ། དེའི་མིག་ལམ་ལ་ཅིས་ཀྱང་འགུལ་རིས་གློག་བརྙན་འདྲ་བའི་རྣམ་པ་གསོན་ཉམས་ཅན་ཞིག་འཆར་བར་ངེས། དེ་ལས་ཀྱང་གལ་ཆེ་བ་ནི། འདིའི་ནང་འབུ་མ་གསོད་དང་བྱིའུ་སྒོང་སྟེང་ཁ་རླངས་མ་རྒྱག་ལྟ་བུའི་རང་མི་རིགས་ཀྱི་ཕ་མས་བུ་ལ་བབ་ཆགས་པའི་མི་ཚེའི་བསླབ་བྱ་དང་པོ་བསྒོ་ཚུལ་ཡོད་པས་བཀླགས་ན་སྙིང་ཉེའོ། །
       མགྲོན་བུ་མཁའ་འགྲོ་ཚེ་རིང་ལགས་ཀྱི«སྲིན་པོར་གྱུར་པའི་རྒྱལ་སྲས»ནི་བྱིས་སྒྲུང་མ་ཟད་ཟློས་གར་སོགས་བརྩམས་ཆོས་ཅི་རིགས་ཀྱི་སྐྱེད་བྱེད་ཅིག་རེད་མོད། མི་འདྲ་ས་ཞིག་ཡོད་པ་ནི། བོད་རང་གི་གཏམ་རྒྱུད་དང་ངག་རྒྱུན། ཐ་ན་ལོ་རྒྱུས་སོགས་རྒྱུ་ཆར་སྤྱད་ཡོད་པའང་མཐོང་བས། བྱིས་སྒྲུང་དུ་གྲུབ་རྗེས་ཀྱང་ལྭ་གསར་བ་བརྗེས་པའི་གྲོགས་རྙིང་བ་ཞིག་ལྟར་འདྲིས་སླ། ལྷག་ཏུ་བྱིས་པས་བཀླགས་ན་ངོ་མཚར་སྐྱེད་ནུས་པ་ཞིག་ཏུ་ཅིས་ཀྱང་ཡོད་པར་སེམས་སོ། །
       རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་ལགས་ཀྱི«གཡག་རྒན་དང་རྩྭ་ཕྲན»ནི་སྐྱེ་ཁམས་རྒྱུན་ཤེས་ངོ་སྤྲོད་བྱེད་པའི་བྱིས་སྒྲུང་ཞིག་ཏུ་འདོད། བཅད་ལྷུག་སྤེལ་མའི་རྩོམ་སྟངས་དེའང་ཁྱད་ཆོས་ཤིག་ཏུ་བརྩིས་ཆོག ལྷག་ཏུ་གཏམ་རྒྱུད་ཀྱི་ཁོར་ཡུག་དེ་དང་འཚམས་པའི་འབྲོག་རུའི་མིང་བརྡ་སྐོར་ཞིག་བྱུང་ཡོད་པ་དེ་སྐར་མ་ཐོབ་བྱེད་ཅིག་ཏུ་གྱུར་ཡོད་པར་སེམས་སོ། །
       རིག་བྱེད་སྐྱབས་ལགས་ཀྱི«རི་བོང་རྩྭ་ཟན་དུ་གྱུར་པའི་གཏམ་རྒྱུད»ནི་མི་ལ་རབ་བཏགས་ཏེ་སྨྲས་པའི་སྲོག་ཆགས་གཏམ་རྒྱུད་ཅིག་རེད། ཐོག་མར་འདིས་རང་རེའི“རི་བོང་ལ་བློ་རིག་དང་ལྡན་ནོ”ཞེས་པའི་བཤད་སྟངས་གཞིར་བཟུང་ཡོད་པས་རྩ་བ་བརྟན། བྱུང་རིམ་ཡང་ཡ་མཚན་འོས་པ་ཞིག་ཏུ་ཡོད། འོན་ཀྱང་། རི་བོང་དེས་རང་གི་ཁེ་ཕན་གྱི་ཆེད་དུ་གཡོ་སྒྱུ་ཤས་ཆེ་བའི་བློ་རིག་སྤྱད་ནས་གྲོགས་པོ་གཞན་གསུམ་བརླགས་པས། གནའ་གཏམ་ཁོ་ནར་བལྟས་ན་ངག་ཐོག་རྩོམ་རིག་གི་མཛེས་པ་དང་ལྡན་མོད། བྱིས་སྒྲུང་གི་མཐོ་ཚད་དུ་བཟུང་སྟེ་བལྟས་ན་ཅུང་ཟད་ཙམ་དམའ་ཞན་དུ་སྣང་ངོ་། །
       མུ་ནེ་སྐྱབས་ལགས་ཀྱི«བྱིའུ་ཕྲུག་མཚར་བོ»ཡི་རྩོམ་སྟངས་གོང་གི་དེ་དང་འདྲ། ཁྱད་ཆོས་གཅིག་ཡོད་པ་ནི། འཚོ་བའི་ཁྲོད། མི་རྣམས་ཀྱིས་རང་གི་ནུས་པ་ཞན་ཏེ་གཞན་ལ་རོགས་རམ་མི་ཡོང་ཞེས་ལབ་རྒྱུར་དགའ་ལ། བྱིས་སྒྲུང་འདིའི་ནང་། བྱིའུ་ཕྲུག་མཚར་བོས་ལུ་གུ་སོགས་སྲོག་ཆགས་བཞི་པོ། ཏག་ཏག་དེ་ལྟའི་དྲན་ཚུལ་ལེ་ལོ་ཅན་ནས་ཚུར་བཀུག་སྟེ་གཞན་ལ་རོགས་རམ་བྱེད་པའི་ལམ་དུ་བཀྲིས་པའི་གཏམ་རྒྱུད་བརྗོད་ཡོད། ཅུང་ཞིག་ཕངས་པ་ནི། མཐའ་མཇུག་སྲོག་ཆགས་དེ་གསུམ་གས་གཞན་ལ་ཇི་ལྟར་རོགས་རམ་བྱས་ཚུལ་བྲིས་མེད་པས། གཏམ་རྒྱུད་ཀྱི་རྔ་མ་བོར་སོང་འདྲའི་ཚོར་སྣང་ཞིག་སྟེར་རོ། །
       མཇུག་མཐར་ཞུ་དགོས་པ་ནི། ད་ལན་འགྲན་སྡུར་ལ་ཞུགས་མཁན་རྩོམ་པ་པོ་ཡོངས་ནས། བོད་ལ་བྱིས་སྒྲུང་ཡག་པོ་ཞིག་ཨེ་ཡོང་གི་རེ་བ་དང་བཅས་ཐེངས་འདིའི་འགྲན་སྡུར་ཁྲོད་ཧུར་བརྩོན་སྒོས་ཞུགས་པར་བཀའ་དྲིན་ཆེ་ཞུ། དེ་བཞིན། “གངས་རྒྱན་ན་ཆུང་ཚགས་པར”ཚང་གིས་དོན་སྙིང་དང་ལྡན་པའི་ལས་ཀ་འདིའི་རྒྱུན་མུ་མཐུད་དུ་སྐྱོང་ཐུབ་པར་རེ་བ་སྙིང་ནས་འཛིན་ནོ། །
འབྲེལ་ཡོད་འོས་སྦྱོར།