logo

གུང་ཧོ་རྫོང་གི་ཨ་མདོའི་རྩེད་རིག་གིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2024-10-09 ཀློག་གྲངས།:
       ཉེ་ལམ་གུང་ཧོ་རྫོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཁྲོད་འཁྲབ་སྟོན་པ2554ཡིས་མཚོ་སྔོན་པོའི་ཐང་ཆེན་དུ་འཁྲབ་སྟོན་བྱས་པའི་ཨ་མདོའི་རྩེད་རིག་ལ་འཛམ་གླིང་ཟིན་ཐོ་ཁས་ལེན་དཔང་འདོན་སྒྲིག་གཞིས(WRCA)གཞི་ཁྱོན་ཆེ་ཤོས་ཀྱི་ཨ་མདོའི་རྩེད་རིག་འཁྲབ་སྟོན་ཞེས་པར་ར་སྤྲོད་བྱས།
       གུང་ཧོ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཡོན་ཏན་ཚེ་རིང་གིས་གུང་ཧོ་རྫོང་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དང“མཚོ་བོད་ཀྱི་འགག་སྒོ”ཞེས་བརྗོད་སྲོལ་ཡོད་ལ། མིང་དུ་གྲགས་པའི་མཚོ་སྔོན་པོའི་ལྷོ་རྒྱུད་དུ་གནས་ཤིང་། ལོ་རྒྱུས་ཐོག་གི་ཆའང་རིགས་དང་དབུས་ལམ་དང་། དར་གོས་ཚོང་ལམ། ཐང་བོད་གནའ་ལམ་བཅས་ས་ཁོངས་དེའི་ཁོངས་སུ་ཡོད་པས་རིག་གནས་གཏིང་ཟབ་ལ་ལོ་རྒྱུས་ཡུན་རིང་ལྡན། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཁྲབ་སྟོན་ལས་ཨ་མདོའི་རྩེད་རིག་དེ་གུང་ཧོ་ས་ཁུལ་དུ་དར་ནས་ལོ་ངོ400ཡི་ལོ་རྒྱུས་ལྡན་པ་དང་། མི2500ལྷག་ཞུགས་པའི་ཨ་མདོའི་རྩེད་རིག་འཁྲབ་སྟོན་ལ་རྒྱལ་ཁའི་ངང་འཛམ་གླིང་གི་ཟིན་ཐོའི་བདེན་དཔང་ཐོབ་པ་དང་། གུང་ཧོ་རྫོང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་དུ་འཕགས་པའི་རིན་ཐང་ར་སྤྲོད་བྱས་པ་མ་ཟད། ད་དུང་འཛམ་གླིང་ལ་དེའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཛེས་སྡུག་མངོན། ལོ་མང་པོའི་རིང་གུང་ཧོ་རྫོང་གིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་རྒྱུ་དེ་འཆམ་མཐུན་རིག་གནས་དར་སྤེལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས། ནུས་ཤུགས་ཡོད་རྒུས་ཞིབ་འཇུག་དང་སྔོག་འདོན་ཞིབ་ཚགས་དང་སྲུང་སྐྱོང་བྱས་པ་དང་། ཧུར་ཐག་སྒོས་སློབ་གྲྭ་འབྲིང་ཆུང་དུ་སློབ་གསོ་གསོ་སྦྱོང་བྱས་པས། རྩེད་རིག་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པར་སྐུལ་འདེད་བྱས་པ་དང་། གུང་ཧོ་རྫོང་དེ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་ས་ཁུལ་གྱི་གྲས་སུ་ཚུད་པར་སྐུལ་འདེད་བཏང་ཡོད་ཟེར།
       གུང་ཧོ་རྫོང་རིག་གནས་ཁང་གི་མགོ་གཙོ་བསམ་གྲུབ་རྒྱལ་གྱིས་གསར་འགོད་པར་ཨ་མདོ་ནི་བོད་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི་འབྱུང་ཁུངས་ཡིན་ལ། དེ་ལས་བོད་རིགས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་དང་རང་བྱུང་ཁམས་ལ་དད་གུས་བྱེད་ལུགས་མཚོན་གྱིན་ཡོད། ཉེ་བའི་ལོ་འགའི་རིང་། རྫོང་རིག་གནས་ཁང་གིས་ཧུར་ཐག་སྒོས་ཨ་མདོའི་རྩེད་རིག་སྒྱུ་རྩལ་སྔོག་འདོན་བྱས་ནས། ལོ་རྒྱུས་ཀྱི་རྩ་ཆེའི་དཔྱད་ཡིག་འབོར་ཆེན་ལེགས་སྒྲིག་བྱས་པ་མ་ཟད། ད་དུང་མི་རྣམས་ཀྱིས་དོ་སྣང་བྱེད་པའི་ཨ་མདོའི་རྩེད་རིག་བརྩམས་ཆོས་མང་པོ་འགྲེམ་སྤེལ་བྱས་ཏེ། ཨ་མདོའི་མཛེས་རིག་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་ཕྱོགས་ཡོངས་ནས་མངོན་པའི་དུས་མཚུངས་སུ། སྲོལ་རྒྱུན་གྱི་འདུ་ཤེས་དང་དེང་རབས་ཀྱི་གཞི་རྒྱུ་ཟུང་འབྲེལ་བྱས་ནས་ལྟད་མོ་བ་ཚོར་སྒྱུ་རྩལ་གྱི་ཉམས་ལེན་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད་ཟེར། །
འབྲེལ་ཡོད་འོས་སྦྱོར།