«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལོ་ཟུང་བྱ་དགའ་སྐབས་བཞི་པའི་མཇུག་འབྲས་གསལ་བསྒྲགས་བྱས།
རྩོམ་པ་པོ།:
ཡོང་ཁུངས།:བོད་ཀྱི་རྩོམ་རིག་སྒྱུ་རྩལ།
དུས་ཚོད།:2024-11-06
ཀློག་གྲངས།:
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ། བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་རྩོམ་རིག་བྱ་གཞག་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་དང་ཀྲུའུ་ཞི་ཚོགས་པས་ཆོག་མཆན་གནང་བ་ལྟར། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལོ་ཟུང་བྱ་དགའ་སྐབས་བཞི་པའི་དཔྱད་འདེམ་གྱི་ལས་དོན་ཁག་བདེ་བླག་ངང་སྤེལ་ཞིང་མཇུག་འབྲས་ཁྱབ་བསྒྲགས་བྱས།


བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་དཔྱད་གཏམ།
བརྩམས་སྒྲུང་།
འཕགས་པ་འབྲོང་གི་བརྩམས་སྒྲུང«མཚན་མོ»ཞེས་པའི་དཔྱད་གཏམ།བརྩམས་སྒྲུང་འདིར་དེང་གི་དུས་རབས་དང་སྤྱི་ཚོགས་རྙོག་འཛིང་གི་འཚོ་བའི་ཁྲོད་དུ་གཞོན་ནུ་ཞིག་གིས་དཀའ་སྡུག་གི་ལམ་བུ་ཀྱག་ཀྱོག་མང་དུ་བརྒལ་བའི་མི་ཚེའི་ལས་དབང་དང་ཐོབ་ཤོར་བྲིས་པ་བརྒྱུད། སྤྱི་ཚོགས་ཀྱི་འགལ་འདུའི་ཛ་དྲག་རང་བཞིན་དེ་བརྩེ་དུང་གི་འགལ་འདུའི་སྟེང་ལ་བཅོལ་བས། ཕྱི་ནས་སྤྱི་ཚོགས་ཀྱི་འགལ་འདུ་དང་ནང་ནས་བརྩེ་དུང་གི་འགལ་བ་ཉིས་བརྩེགས་ཀྱི་ཐབས་ལམ་ཁྲོད་ནས་མི་ཚེའི་གནོན་ཤུགས་དང་འཚོ་བའི་རྡབ་གསིག་གི་རིམ་པ་ཟབ་ཏུ་བསྔོག་སྟེ། རྩོམ་རིག་ནི་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་ཡིན་པའི་གཏན་ཚིགས་དང་མི་དང་མིའི་བར་གྱི་དཀའ་རྙོག་གི་འབྲེལ་བ་ཞིག་ཡིན་པའི་བདེན་པ་བཀྲལ་ཞིང་། འཁོར་བའི་སྐྱེ་འཆི་དང་ཐོབ་ཤོར་གཉིས་ལས་ཤོར་བ་དང་འཆི་བའི་ཁ་སྟབས་ཀྱི་དབང་དུ་འགྲོ་སླ་བ་དང་མི་ཚེའི་སྐྱོ་སྣང་གི་གདུང་བ་མཛེས་པར་བརྒྱུས་ཏེ་ཟབ་ཏུ་བྲིས་པའི་དགེ་མཚན་གྱིས་ཕྱུག་པའོ། །
བདེ་ལྡན་དཔལ་མོའི་བརྩམས་སྒྲུང«བན་དེ་ཆེན་པོ»ཞེས་པའི་དཔྱད་གཏམ།
བརྩམས་སྒྲུང«བན་དེ་ཆེན་པོ»ཞེས་པར། མངའ་བདག་ཁྲི་རལ་དུས་ཀྱི་ཆོས་བློན་ཆེན་པོ་བྲན་ཀ་དཔལ་ཡོན་བཀྲོངས་པའི་གསང་བའི་གཏམ་རྒྱུད་བརྗོད་ཡོད་པ་ལས། དེ་ལ་ལོ་རྒྱུས་བརྩམས་སྒྲུང་གི་ཁྱད་ཆོས་མངོན་པར་གསལ་བའི་ཁྱད་ཆོས་མཆིས་ཀྱང་། དེ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་བསྐྱར་མཚོན་དང་ལོ་རྒྱུས་ཀྱི་མི་སྣ་བསྐྱར་བཞེངས་བྱེད་པའི་སྤྱིར་བཏང་གི་ལོ་རྒྱུས་བརྩམས་སྒྲུང་ལས་འདས་ཏེ། ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་དུ་བག་ལ་ཞ་བའི་གསང་བའི་གཏམ་རྒྱུད་འདི་དག བྱུང་རིམ་གྱི་བཀག་རྒྱ་ལས་གྲོལ་ཞིང་། གནས་ལུགས་ཀྱི་གཏན་ཚིགས་གཏོར་ནས། ངོ་མཚར་ཆེ་བའི་སེམས་འགྱུ་དང་དྲན་གསོ། དེ་བཞིན་འཆར་ཡན་གྱི་ཁྲོད་ནས། རེས་གསལ་རེས་མོག་གི་ཚུལ་དུ་མཚོན་པར་བྱས་ཀྱང་སྒྱུ་རྩལ་གྱི་བདེན་པ་སྔར་བཞིན་འོད་དུ་འཚེར་བས། དེ་ནི་རྟོག་པ་འོག་འགྱུ་སྨྲ་བའི་རྩོམ་རིག་གསར་རྩོམ་གྱི་ཁྱད་ཆོས་དང་མཐུན་ཞིང་། བོད་ཀྱི་དེང་རབས་བརྩམས་སྒྲུང་གསར་རྩོམ་ཐད། མཐོང་དཀོན་ཞིང་དོན་སྙིང་ཆེ་བའི་ལག་ལེན་ཞིག་ཡིན་ནོ། །
སྙན་ངག
འབྲོག་བཟའ་སྐྱིད་ཀྱི་སྙན་ངག«འབྲོག་མོ་གང་ནས་འགྱུར་འགྲོ»ཞེས་པའི་དཔྱད་གཏམ།ཚིགས་སུ་བཅད་པའི་སྙན་ངག་འདི་ནི་བབ་ཆགས་ཤིང་གོ་སླ་བའི་ཚིག་སྦྱོར་གྱི་ལམ་དུ་དྲངས་ཏེ་འགྱུར་བག་རྒོད་པའི་ཡུལ་དུས་གནས་བབ་ཁྲོད། འཁོས་ཀ་དམན་པའི་འབྲོག་མོ་ཞིག་གིས་རང་གཤིས་འགྱུར་མེད་ཀྱི་ཁམས་སུ་རང་གི་ཕུགས་འདུན་བཅོལ་བའི་བརྗོད་བྱ་ཉེ་བར་མཚོན་པ་ལ། ཟུང་ལྡན་གྱི་རྒྱན་དང་ལྡོག་འདྲི་སོགས་སྒྱུ་རྩལ་གྱི་མཚོན་ཐབས་ལེགས་པར་བཀོལ་བ་བཅས་བརྗོད་བྱའི་དོན་གྱི་དགོངས་པ་དང་རྗོད་བྱེད་ཚིག་གི་སྒྱུ་རྩལ་གཉིས་གཅིག་གྲོགས་གཅིག་ཏུ་སོང་བའི་བརྩམས་ཆོས་ལེགས་པོ་ཞིག་གོ །
གནག་རྫིའི་སྙན་ངག«གནའ་བོའི་མཁར་ཤུལ»ཞེས་པའི་དཔྱད་གཏམ།
རང་མོས་སྙན་ངག་འདི་ལ་བརྩེ་དུང་གི་ཚོར་འདུ་ཤུགས་ཆེ་ཙམ་མངའ་བའི་ཁར་བསམ་བློའི་ཟབ་ཚད་དང་བསམ་གཞིག་གི་རྒྱུན་མངོན་པར་གསལ་ཞིང་། སྤྱིའི་ཆ་ནས་བརྟག་ཚེ་བསྡུས་བརྗོད་དང་ལྐོག་བརྡའི་ཐབས་ལ་བསྐོར་ཏེ་མངོན་ཆུང་སྒོས་རང་གི་བསམ་འདུན་ཡང་དག་ཏུ་མཚོན་པར་བྱས་ཡོད་ལ། སྐྱོ་ཉམས་ཀྱི་རང་མདངས་དེ་ཐད་ཀ་ཐད་སོར་མངོན་མེད་པར་ཡིག་འབྲུ་རེ་རེའི་བར་རོལ་དུ་ཡུལ་ཁམས་རིག་གནས་ཀྱི་རྟེན་དང་བརྟེན་པས་བསྐྱེད་པའི་དད་གདུང་གི་སེམས་འགྱུའི་ཕག་ན་འཆད་དུ་མེད་པའི་སྨྲེང་བ་དང་དུང་ཞེན་གྱི་ཚོར་བ་སྟུག་པོ་ཞིག་རང་བཞིན་གྱིས་སིམ་པར་བྱས་ཡོད་དོ། །
ལྷུག་རྩོམ།
འཕན་པོ་བསྟན་ཆོས་ཀྱི་ལྷུག་རྩོམ«འཕན་ཡུལ་ཀླུང་སྐྱེས་ངོ་མཚར་ཆེ»ཞེས་པའི་དཔྱད་གཏམ།ལྷུག་རྩོམ་འདི་ནི་རྩོམ་པ་པོས་འཚོལ་ཞིབ་ཀྱི་ངལ་བ་ལྷུར་བླངས་ཏེ་འཕན་ཡུལ་སྟོད་སྨད་ཀུན་ཏུ་མྱུལ་བའི་གྲུབ་འབྲས་དག་གནའ་ཤུལ་འཚོལ་རྟོགས་ཀྱི་རིག་ལམ་བརྟག་ཐབས་དང་ལོ་རྒྱུས་ཞིབ་འཇུག་གི་མིག་རྒྱང་ཐོག་ནས་འཕན་ཡུལ་ནས་དར་བའི་མལ་བྲིས་ཀྱི་འགོ་ཁུངས་དང་། ཤུལ་རྗེས། དཔང་རྟགས་སོགས་བཙལ་འཚོལ་རྙེད་སོན་གྱི་བརྒྱུད་རིམ་དང་སྦྲགས། རང་སོའི་དཔྱད་བསྡུར་རྟོག་དཔྱོད་ཀྱི་ལྟ་བ་དག་སྙན་ཞིང་ཚིག་རྙོག་མེད་པའི་རྗོད་པ་ལ་བརྟེན་ནས་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བ་མ་ཟད། མལ་ལུགས་རྒྱུན་འཛིན་ཁྲོད་ཕ་ཡུལ་གྱི་རིག་གནས་ལ་བཅངས་པའི་རྩོམ་པ་པོའི་དགའ་སྐྱོ་གསལ་མཚོན་གྱི་ལྷད་མེད་སེམས་པ་ཞིག་དང་། དེ་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་རང་གི་ཡོད་ཚད་འབུལ་ངེས་པའི་གདེང་ཚོད་ཅིག་ཀྱང་མངོན། བརྩམས་ཆོས་འདི་ནི་རྟོག་ཞིབ་ཁུངས་བཙུན་ལ་དཔྱད་གཞི་ཕུན་སུམ་ཚོགས་པའི་རིག་གནས་ལྷུག་རྩོམ་ལེགས་གྲས་ཤིག་གོ །
འཕྱིངས་དཀར་བཀྲ་ཕུན་གྱི་ལྷུག་རྩོམ«རྩོམ་ཡོན་ཆེས་ཐོག་མ»ཞེས་པའི་དཔྱད་གཏམ།
ལྷུག་རྩོམ་འདིའི་ནང་བབ་ཆགས་ལ་བརྗོད་བདེའི་ཚིག་འགྲོས་ལ་བརྟེན་ནས་བརྗོད་བྱ་ཐང་ཤིང་སྔོན་མོ་རྩ་ཐིག་ཏུ་བྱས་ཏེ་བྱ་བ་གང་ཞིག་བྱས་རུང་བརྟན་ཅིང་འགྱུར་བ་མེད་པའི་སྙིང་སྟོབས་ཤིག་དགོས་ལུགས་བསྟན་པ་དང་། དགེ་སློབ་བར་གྱི་བཅོས་མིན་བརྩེ་སེམས་ཟབ་མོ་ཞིག་གསོན་ཉམས་དོད་པོས་བཀོད་ཅིང་། «རྩོམ་ཡོན་ཆེས་ཐོག་མས»བླུས་པའི་བྱེ་མ་ཀ་ར་དང་། སྨྱུ་གུ། ལྷམ་གསུམ་ལས་དཀའ་སྤྱད་དང་བརྩོན་འགྲུས་ལས་ཐོབ་པའི་འཚོ་བའི་བྲོ་བ་དང་། རིག་གནས་རྒྱུན་འཛིན། མ་འོངས་པའི་མདུན་ལམ་ཤུགས་སུ་བསྟན་ལ། རིག་གནས་ཀྱི་རིན་ཐང་ལས་དཔལ་འབྱོར་གྱི་ལོངས་སྤྱོད་ཐོབ་ཚུལ་དང་། ལོངས་སྤྱོད་ཀྱི་འབྲས་བུ་ཐོབ་དགོས་ན་ཐང་ཤིང་སྔོན་མོ་ལྟ་བུའི་འགྱུར་མེད་ཀྱི་བློ་ཞིག་དགོས་པ་ཤུགས་སུ་བསྟན་ནོ། །
དཔྱད་རྩོམ།
ར་ས་བསྟན་འཛིན་ཆོས་གྲགས་ཀྱི་དཔྱད་རྩོམ«མེ་ལོང་དང་ལྡེབས་རིས། ཆོས་ཉིད་ལས་འབྱམས་པའི་རྣམ་རྟོག་གི་འཇིག་རྟེན། -སྤེན་པ་དོན་གྲུབ་ལགས་ཀྱི<ལྡེབས་བྲིས་ཤིག་ལ་བལྟས་པ>ཞེས་པར་དཔྱད་པ»ཞེས་པའི་དཔྱད་གཏམ།གཞན་གྱི་ངག་རིག་གི་རྟགས་ལས་གཞན་སེམས་དཔོག་པའི་རྗེས་དཔག་དེ་ཉིད་གཞན་སེམས་དེའི་ངོ་བོ་རྗེན་པར་རིག་པ་མ་ཡིན་ཡང་རིག་པའི་གོ་ཆོད་པ་ཡིན་པའི་ཕྱིར། དཔྱད་རྩོམ་འདིས་ཀྱང་རྩོམ་མཁན་དང་དཔྱོད་མཁན་གཉིས་ཀྱི་ཀུན་སློང་གི་སེམས་རིགས་མཐུན་གཅིག་ལས་སྐྱེ་ཨེ་ཐུབ་ལ་གཞོལ་ཏེ། མྱོང་སྟོབས་རྩ་བར་བྱས། རིགས་སྟོབས་ཐབས་སུ་བླངས་པའི་འབྲས་བུར«ལྡེབས་རིས་ཤིག་ལ་བལྟས་པ»ཞེས་པའི་བརྩམས་སྒྲུང་དེའི་སྐྱོན་ཡོན་ལ་ངེས་པ་དྲངས་པ་ལེགས་པར་འདོད།
སྙན་ཞུའི་རྩོམ་རིག
སྟོང་ཚ་དབང་ཆེན་བསོད་ནམས་ཀྱི་སྙན་ཞུའི་རྩོམ་རིག«ཁུ་ནུ་རི་རྒྱུད་ཀྱི་ཉིན་སྲིབ»ཅེས་པའི་དཔྱད་གཏམ།རྩོམ་ཡིག་འདིར། རྙེད་པར་དཀའ་བའི་བརྗོད་གཞི་དམིགས་བསལ་ཅན་དེར་དངོས་ཡོད་ལོ་རྒྱུས་དང་། སྒྱུ་རྩལ་གྱི་ལས་སྣོན་ཟུང་འབྲེལ་གྱིས། མི་རྣམས་ལ་མཚར་སྣང་དང་དགོད་བྲོ་བའི་དངོས་བྱུང་གཏམ་རྒྱུད་ཡིད་དུ་འོང་བ་ཞིག་བསྟན་འདུག བརྩམས་ཆོས་ཧྲིལ་པོ་གོང་འོག་གཅིག་བརྟེན་གྱིས་སྟོང་བསམ་བཅངས་པའི་མི་ཚོགས་ཤིག་ཁ་བ་བུ་ཡུག་དང་། མྱ་ངམ་ཐང་ཆེན་ཤུགས་ཀྱིས་བཅད་ཅིང་། ཡོད་ཚད་བློས་གཏོང་གི་དག་ཞིང་མཚར་མོ་ཞིག་ལ་ཕུགས་འདུན་བཟུང་བའི་བྱིས་བློའི་འདུ་ཤེས་ཡ་མཚན་ཅན་དག་ལུ་གུ་བརྒྱུས་སུ་བྲིས་འདུག་ལ། དངོས་བསྟན་གྱི་གཏམ་རྒྱུད་དེའི་ཕག་ནས་དུས་རབས་གཅིག་གི་འཕོ་འགྱུར་དང་། སྲིད་ཇུས་བཟང་པོའི་ལམ་སྟོན། ད་དུང་རྨོངས་དད་དང་མུན་ནག་གི་སྤྱི་ཚོགས་ནས་ཡར་ཐོན་དང་དཔལ་ཡོན་གྱི་སྤྱི་ཚོགས་སུ་ཐོད་བརྒལ་བྱུང་བའི་ལོ་རྒྱུས་ཀྱང་ཤིན་ཏུ་དྭངས་པའི་ཆུ་ནང་གི་ཉ་མོ་ལྟར་གསལ་ལེར་འཆར་རོ། །
བསྒྱུར་རྩོམ།
བསེར་བུའི་བསྒྱུར་རྩོམ«ཁྱོད་ཀྱི་སེམས་ནང་ཡུད་ཙམ་འཇུག་རོགས»ཞེས་པའི་དཔྱད་གཏམ།སྒྱུར་སྐྱོན་ཆེན་པོ་བརྒྱད་ཀྱིས་མ་བསླད་ཅིང་ཚིག་སྦྱོར་འཇམ་ལ་ལྷོད་པས་དབུགས་ཐེངས་གཅིག་ལ་དེ་མར་ཀློག་ཐུབ་པའི་ཚོར་སྣང་དང་། བྱིས་སྒྲུང་ཞིག་ཡིན་པའི་ཆ་ནས་སྒྱུར་པ་པོས་མ་ཡིག་གི་དོན་བུ་ཡིག་ལ་སྒྱུར་བའི་བརྒྱུད་རིམ་ནང་། ཀློག་པ་པོ་ཡོངས་ཀྱིས་གང་བདེར་གྱིས་ཤིག་ཅེས་སྒྲ་སྦྱོར་བམ་གཉིས་སུ་གསུངས་པ་ལྟར་བུ་ཡིག་གི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པར་མ་ཡིག་གི་དོན་མ་ནོར་བར་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་འདུག་གཤིས། མཐུན་འཇུག་སྙན་གསུམ་འདི་ཉིད་ཡིག་སྒྱུར་གྱི་ཚད་གཞིར་བརྩིས་ན། སྙན་པའི་ཚད་ལ་སླེབས་པའི་བསྒྱུར་ཡིག་ཅིག་གོ །
དཔྱད་འདེམ་གཞུང་ལས་ཁང་ནས།
༢༠༢༤ལོའི་ཟླ༡༡པའི་ཚེས༥ཉིན།
༢༠༢༤ལོའི་ཟླ༡༡པའི་ཚེས༥ཉིན།
འབྲེལ་ཡོད་འོས་སྦྱོར།