logo

བོད་ལྗོངས་མ་བུ་མཚོའི་གནའ་ཤུལ་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ནང་བདམས་ཐོན་བྱུང་ཡོད།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-04-27 ཀློག་གྲངས།:
       ཉིན་ཤས་གོང་། བོད་ལྗོངས་ཁང་དམར་རྫོང་གི་མ་བུ་མཚོའི་གནའ་ཤུལ2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ནང་བདམས་ཐོན་བྱུང་ཡོད།
       མ་བུ་མཚོའི་གནའ་ཤུལ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་མཚོ་བོད་ས་མཐོའི་ལྟེ་བའི་ཁུལ་གྱི་མཚོ་འཕགས་མཐོ་ཤོས་དང་ལོ་རབས་སྔ་ཤོས་ཀྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་མཚོ་འགྲམ་གྱི་གནའ་ཤུལ་ཞིག་ཡིན་པ་དང་། འདི་ནི་ཀྲུང་གོ་དང་རྒྱ་གར་དང་། ཀྲུང་གོ་དང་འབྲུག་ཡུལ་བཅས་ཀྱི་མཐའ་མཚམས་སུ་གནས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་གྱི་བྱང་ཤར་ངོས་ཀྱི་མ་བུ་མཚོའི་འགྲམ་དུ་གནས་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4410ནས4430བར་ཡིན་པ་རེད། ས་དབྱིབས་དང་ས་བབ་ཆགས་ཚུལ། དེ་བཞིན་ཤུལ་བཞག་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་གཞིགས་ནས་གནའ་ཤུལ་དེ་ས་ཁོངས་གསུམ་དུ་དབྱེ་ཆོག གཙོ་བོ་མ་བུ་མཚོའི་ལྷོ་ངོགས་དང་ཤར་ལྷོའི་ངོགས། ནུབ་བྱང་ངོགས་བཅས་སུ་ཁྱབ་ཡོད། གནའ་ཤུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི22.4ལྷག་ཙམ་ཡོད་པ་དང་། མིག་སྔར་སྨི་ངོས་གྲུ1650སྔོག་འདོན་བྱས་ཟིན་པ་དང་། ཁྱོན་བང་སོ61དང་ཐལ་དོང43 ཀ་རྡོ8 བྱེད་སྒོ་སྤེལ་ཡུལ5 ཐབ་ཀ4 མེ་གཞོང2 རྡོ་ལས་གྲུབ་པའི་རྗེས་ཤུལ2བཅས་གཙང་བཤེར་བྱས་ཡོད།
མ་བུ་མཚོའི་དུས་སྐབས་དང་པོའི་རུས་ཆས་དང་རྡོ་ཆས།
       རྣམ་གྲངས་དེའི་འགན་འཁུར་བ་ཤར་རྒན་དབང་འདུས་ཀྱིས་མ་བུ་མཚོའི་འདུས་སྡོད་རིམ་འགྱུར་གྱི་བརྒྱུད་རིམ་གསལ་པོ་ཡོད་པ་དང་། དུས་སྐབས་ཁག་གི་འདུས་སྡོད་བཀོད་པ་དང་རྗེས་ཤུལ་ལ་རང་སོའི་ཁྱད་ཆོས་ལྡན་ཡོད་པས། ས་བབ་མཐོ་བའི་ཁུལ་གྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་མིའི་རིགས་ཀྱི་འཚོ་གནས་ཐབས་ཇུས་ལ་ཞིབ་འཇུག་བྱེད་པའི་སྟོང་ཆ་བསྐངས་པ་མ་ཟད། བོད་ཀྱི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་འདུས་སྡོད་གནའ་རྫས་རྟོག་ཞིབ་དང་སྤྱི་ཚོགས་ཞིབ་འཇུག་ལའང་ད་ལྟའི་བར་ཕུན་སུམ་ཚོགས་ཤོས་ཀྱི་དཔྱད་གཞིའི་ཡིག་རིགས་ཁག་གཅིག་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད།
       ཁོང་གིས་མ་བུ་མཚོའི་གནའ་ཤུལ་གསར་རྙེད་བྱུང་བ་དེ་ནི་ཉེ་བའི་ལོ་ཤས་རིང་བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་རིག་གཞུང་གི་ཚད་བརྒལ་གལ་ཆེ་ཤོས་ཤིག་ཡིན་པ་དང་། ད་བར་མཚོ་བོད་ས་མཐོའི་ལྟེ་བའི་ཁུལ་གྱི་ས་བབ་མཐོ་ཤོས་དང་ལོ་རབས་སྔ་ཤོས། རྒྱུན་མཐུད་དུས་ཚོད་རིང་ཤོས(ད་བར་ལོ4800ནས2000ཙམ་བར)དེ་བཞིན་རིག་གནས་ཀྱི་རིམ་སྟར་གསལ་ཤོས་བཅས་ཡིན་པ་ཤེས་རྟོགས་བྱུང་ནས། བོད་ལྗོངས་དབུས་ལྷོ་རྒྱུད་ཀྱི་རྡོ་ཆས་གསར་པའི་དུས་སྐབས་མི་འདྲ་བའི་རིག་གནས་ཆགས་སྟངས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་གསུངས།
མ་བུ་མཚོའི་དུས་སྐབས་གསུམ་པའི་བང་སོ།
       ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོ་ནས2024ལོའི་བར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡིས་གཙོ་ཁྲིད་གནང་ཞིང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་དང་། ལན་ཀྲོའུ་སློབ་ཆེན་། པེ་ཅིང་སློབ་ཆེན། རྒྱལ་ཁབ་རིག་དངོས་ཅུས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལྟེ་གནས་སོགས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་ལོ5ཡི་ཕྱི་རོལ་སྔོག་འདོན་ལས་དོན་སྤེལ་བ་རེད། གནའ་ཤུལ་དེའི་གནའ་རྫས་རྟོག་ཞིབ་ལས་དོན་གྱིས་རིག་ཚན་མང་པོའི་ཞིབ་འཇུག་དང་ཟུང་འབྲེལ་བྱས་ཏེ་གནའ་བོའིDNAདང་། གནའ་བོའི་མིའི་རིགས་རིག་པ། སྲོག་ཆགས་དང་རྩི་ཤིང་གནའ་རྫས་རྟོག་ཞིབ། ཁོར་ཡུག་གནའ་རྫས་རྟོག་ཞིབ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་འགག་སྒྲོལ་ཐུབ་ཡོད་ལ། མིའི་རིགས་ཀྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4400ཡན་གྱི་འབྱུང་ཁམས་གནས་བབ་འོག་བྱེད་སྒོ་སྤེལ་བའི་ས་མཐོའི་འཕྲོད་མཐུན་རང་བཞིན་དང་། རྙོག་འཛིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཁ་གསལ་བསྟན་ཡོད། མ་བུ་མཚོའི་གནའ་ཤུལ་སྔོག་འདོན་དང་གསར་རྙེད་བྱུང་བ་དེས་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་དང་འཛམ་གླིང་ཁྱབ་ཁོངས་ཁྲོད་ས་མཐོའི་མིའི་རིགས་ཀྱི་འཕྲོད་མཐུན་རིམ་འགྱུར་སོགས་ལ་ངོས་འཛིན་དང་ཤེས་རྟོགས་བྱ་རྒྱུར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་འོས་སྦྱོར།