ཡར་ཀླུང་སྙན་པོ་དབྱངས་གྲོལ་ལ“འབྲི་ཆུ་བུམ་པའི”རྩོམ་རིག་བྱ་དགའ་ཐོབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-12-15
ཀློག་གྲངས།:
བོད་ཀྱི་རྩོམ་པ་པོ་ཡར་ཀླུང་སྙན་པོ་དབྱངས་གྲོལ་ལ་སྐབས་གསུམ་པའི“འབྲི་ཆུ་བུམ་པའི”ཀྲུང་གོའི་དངོས་ཡོད་རིང་ལུགས་ཀྱི་བྱིས་པའི་རྩོམ་རིག་བྱ་དགའ་ཐོབ།
ཉེ་སྔོན། བོད་ལྗོངས་ལྷོ་ཁ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་ཡར་ཀླུང་སྙན་པོ་དབྱངས་གྲོལ་གྱི་བརྩམས་ཆོས«“མེ་ཏོག”ལ་བཞོན་ནས་སློབ་གྲྭར་འགྲོ་བ»ཞེས་པར་སྐབས་གསུམ་པའི“འབྲི་ཆུ་བུམ་པའི”ཀྲུང་གོའི་དངོས་ཡོད་རིང་ལུགས་ཀྱི་བྱིས་པའི་རྩོམ་རིག་བྱ་དགའ་ཨང་གཉིས་པ་ཐོབ།

ཁོའི་བརྩམས་ཆོས«“མེ་ཏོག”ལ་བཞོན་ནས་སློབ་གྲྭར་འགྲོ་བ»ཞེས་པར་དཔྱད་འདེམ་པས་འདི་ལྟར་གདེང་འཇོག་གནང་འདུག་སྟེ། བྱིས་པའི་མཐོང་སྣང་སྤྱད་ནས། རྒད་པོས་ལམ་བར་གྱི་ཉེན་ཁ་ལ་མ་འཛེམས་པར་ཚ་བོ་རི་སྒང་གི་གྲོང་ཚོ་ནས་རི་གཤམ་གྱི་གྲོང་ཚོར་སློབ་གྲྭར་བསྐྱལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད། ལམ་བར་དུ་དྲེད་མོང་གི་འཇིགས་པར་འཕྲད་ནས་ཏོག་ཙམ་མིན་ན་རང་སྲོག་ཤོར་གྲབས་བྱས། འོན་ཀྱང་རིག་གནས་ལ་མཐོང་ཆེ་བའི་རྒད་པོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཚ་བོ་རི་གཤམ་གྱི་སློབ་གྲྭར་བསྐྱལ་ཅིང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་སློབ་གསོའི་མེ་ཕུང་ཞིག་རིམ་བཞིན་རི་སྒང་གི་གྲོང་ཚོར་སྦར་ཡོད།
ཡར་ཀླུང་སྙན་པོ་དབྱངས་གྲོལ། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྙན་ངག་དང་བརྩམས་སྒྲུང་། བྱིས་སྒྲུང་། འཁྲབ་གཞུང་སོགས་མི་ཉུང་བ་ཞིག་བརྩམས། བརྩམས་ཆོས་ལ་ཡར་ཀླུང་རྩོམ་རིག་བྱ་དགའ་དང་། ལྷོ་ཁའི་ཕུལ་བྱུང་རྩོམ་རིག་བྱ་དགའ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལོ་ཟུང་བྱ་དགའ། དུས་རབས་གསར་པའི་རྩོམ་རིག་བྱ་དགའ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་སོགས་ཐོབ་མྱོང་། 2025ལོར་བོད་ཡིག་བརྩམས་སྒྲུང་འབྲིང་ཐུང་ཕྱོགས་བསྒྲིགས«གཙང་པོ»ཞེས་པ་བཏོན། ད་ལྟ་བོད་ལྗོངས་གངས་ཆུ་རིག་གནས་སྒྱུ་རྩལ་ཀུང་སིའི་འགན་འཛིན་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
