རྔ་བ་ཚེ་རིང་སྐྱིད་ལ་སི་ཁྲོན་རྩོམ་རིག་བྱ་དགའ་ཐོབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2025-12-24
ཀློག་གྲངས།:
རྔ་བ་ཚེ་རིང་སྐྱིད་ཀྱི་བོད་ཡིག་གི་བརྩམས་ཆོས«རླུང་ནང་གི་གཤོག་པ»ལ་སི་ཁྲོན་རྩོམ་རིག་བྱ་དགའ་ལས་གྲངས་ཉུང་མི་རིགས་བོད་ཡིག་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པ།
ཟླ12ཚེས22ཉིན་གྱི་ཕྱི་དྲོར་སི་ཁྲོན་གྱི་ཡིད་དུ་འོང་བའི་རང་བྱུང་ཁམས་དང་། ཕུན་སུམ་ཚོགས་པའི་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བཅུ་གཅིག་པའི་སི་ཁྲོན་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས།

ཐེངས་འདིའི་རྩོམ་རིག་བྱ་དགའི་ཁྲོད་དུ་སྒྲུང་རིང་བྱ་དགའ་དང་། སྒྲུང་ཐུང་འབྲིང་བྱ་དགའ།ལྷུག་རྩོམ་བྱ་དགའ། སྙན་ངག་བྱ་དགའ། སྙན་ཞུའི་རྩོམ་རིག་བྱ་དགའ། བྱིས་པའི་རྩོམ་རིག་བྱ་དགའ། དྲ་རྒྱའི་རྩོམ་རིག་བྱ་དགའ། རྩོམ་རིག་གཞུང་ལུགས་དཔྱད་གཏམ་བྱ་དགའ། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་བྱ་དགའ་སོགས་རིགས་ཆེན་པོ་དགུའི་བྱ་དགའ་ཡོངས་བསྒྲགས་བྱས་པ་དང་། ཁྱོན་བསྡོམས་རྩོམ་པ་པོ32ཀྱི་བརྩམས་ཆོས་ལ་གཟི་བརྗིད་མཚན་སྙན་ཐོབ། མཛད་སྒོའི་སྟེང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་སི་ཁྲོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ། «མི་དམངས་རྩོམ་རིག»དུས་དེབ་ཀྱི་གཙོ་སྒྲིག་པ་ཟུར་བ་ཧྲི་ཀྲན་ཅུན་སོགས་རྩོམ་རིག་ལས་རིགས་ཀྱི་མི་སྣ་ཡུལ་དངོས་སུ་ཕེབས་ནས་བྱ་དགའ་ཐོབ་མཁན་རྣམས་ལ་བྱ་དགའ་གནང་།

དེའི་གྲས་སུ་ཕ་ཡུལ་རྔ་བ་རྫོང་ནས་ཡིན་པའི་སྒྲུང་གཏམ་རྩོམ་མཁན་རྔ་བ་ཚེ་རིང་སྐྱིད་ཀྱི་བོད་ཡིག་གི་བརྩམས་ཆོས«རླུང་ནང་གི་གཤོག་པ»ལ་གྲངས་ཉུང་མི་རིགས་བོད་ཡིག་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པ་དང་། བརྩམས་ཆོས་དེ་ནི་བོད་རིགས་བུད་མེད་ཀྱི་ཚེ་སྲོག་གི་མྱོང་ཚོར་ལ་བརྟེན་ནས་མི་སྣའི་བར་གྱི་བརྩེ་བ་དང་། བྱིས་དུས་ཀྱི་དྲན་པ། སྐབས་བབ་ཀྱི་བསམ་གཞིག་སོགས་མཉམ་དུ་བསྣོལ་ནས་གྲུབ་པ་ཞིག་ཡིན་པ་དང་། མོ་རང་གིས་ཚོགས་ཐོག་ཏུ་བྱ་དགའ་ཐོབ་པའི་མྱོང་ཚོར་གླེང་སྐབས་སུ་བཤད་རྒྱུར། ད་ཐེངས་སྐབས་བཅུ་གཅིག་པའི་སི་ཁྲོན་རྩོམ་རིག་བྱ་དགའ་ཐོབ་པར་ང་རང་ཧ་ཅང་དགའ་བོ་བྱུང་། སྐབས་འདིར་ང་རང་ཧ་ཅང་དགའ་སྤྲོ་དང་སེམས་འགུལ་གྱིས་ཁེངས་ཡོད། ཡོད་ཚད་ཀྱི་བཀའ་དྲིན་ཡང་དྲན་བཞིན་ཡོད། ངའི་སྐད་ཡིག་གི་བརྩམས་ཆོས་འདི་ལས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་མཐོང་ཐུབ་ལ། ལྷད་མེད་ཀྱི་བརྩེ་བར་རེ་སྨོན་དང་། དངོས་ཡོད་དང་ཁེར་རྐྱང་གི་ལས་དབང་ལ་བསམ་གཞིག་དང་འདང་རྒྱག་ཡང་གང་ཐུབ་ཀྱིས་བྱས་ཡོད་ཅེས་བཤད། མོ་རང་གི་མྱོང་ཚོར་དང་སྐད་ཆ་དེ་དག་བབ་ཆགས་ལ་ཟོལ་མེད་ཡིན་པ་དང་། མོས་ད་དུང་བཤད་རྒྱུར། གཟི་བརྗིད་མཚན་སྙན་དེ་ང་ལ་མཚོན་ན་བརྩེ་བ་དང་ལྡན་པའི་སྐུལ་ལྕག་ཆེན་པོ་ཞིག་ཡིན་ལ། འདིར་ངས་སི་ཁྲོན་ཞིང་ཆེན་གྱི་རྩོམ་པ་པོ་མཐུན་ཚོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ལྷག་ཏུ་ངའི་རྩོམ་འབྲི་དང་དཔེ་ཀློག་གི་ལམ་ཁ་ལ་རྒྱབ་སྐྱོར་དང་སྐུལ་མ་གནང་བའི་ངོ་ཤེས་དང་གྲོགས་པོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། མོ་རང་གི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་ཚེ་སྲོག་ལ་བསམ་གཞིགས་བྱས་པའི་བརྩམས་ཆོས་དེ་དག་གིས། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དེ་སི་ཁྲོན་རྩོམ་རིག་གི་སྡིངས་ཆའི་ཁྲོད་དུ་ཐུན་མོང་མ་ཡིན་ལ། མི་སེམས་འགུལ་བའི་ཡུལ་ལྗོངས་ཤིག་བཞེངས་བསྐྲུན་བྱས་འདུག་ཅེས་འབྲེལ་ཡོད་གསར་འགྱུར་དུ་བཀོད་འདུག

རྔ་བ་ཚེ་རིང་སྐྱིད། ཕ་ཡུལ་རྔ་བ་རྫོང་རྨེའུ་རུ་མ་ཡིན། ད་ལྟ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི2025ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་བོད་སྐད་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པའི་བསླབ་གནས་གཉེར་བཞིན་ཡོད། སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་བཅས་བྲིས་པའི་ཁྲོད་ནས་བརྩམས་ཆོས་ཁག་ཅིག་བོད་ཡིག་གི་དུས་དེབ«སྦྲང་ཆར»དང་། «མི་རིགས་རྩོམ་རིག» «ཟླ་ཟེར» «མང་ཆུ» «གངས་དཀར་རི་བོ» «སྤང་ལྗོངས»སོགས་སུ་བཀོད་མྱོང་། 2017ལོར་བརྩམས་སྒྲུང་རིང་གྲས«ལྷམ་ཡ་གཅིག»ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། 2018ལོར་ལྷོ་ཁའི་རིག་གནས་སྡེ་ཁག་གིས་སྤེལ་བའི་སྐབས་དང་པོའི“ཨེ་པ་ཚང་རྩོམ་རིག་བུམ་པའི་འགྲན་བསྡུར”དུ་བརྩམས་སྒྲུང«ལྷམ་ཡ་གཅིག»ལ་ཨང་གཉིས་པའི་བྱ་དགའ་ཐོབ། 2022ལོར«བོར་ཟིན་པའི་ལག་ཟུང»ཞེས་པའི་སྒྲུང་ཐུང་ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་བའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 2023ལོར་བརྩམས་སྒྲུང་ཕྱོགས་བསྒྲིགས«རླུང་ནང་གི་གཤོག་པ»ཞེས་པ་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་ཁག་གཉིས་པའི་གྲས་སུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 2025ལོར་བརྩམས་སྒྲུང་ཕྱོགས་བསྒྲིགས«རླུང་ནང་གི་གཤོག་པ»ལ་སྐབས་བཅུ་གཅིག་པའི་སི་ཁྲོན་རྩོམ་རིག་བྱ་དགའ་ལས་གྲངས་ཉུང་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ།
འབྲེལ་ཡོད་འོས་སྦྱོར།
