ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་འགྲེམ་སྟོན་མཛད་སྒོ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2025-12-29
ཀློག་གྲངས།:
ཟླ༡༢པའི་ཚེས༢༨ཉིན། དུས་ཡུན་བགྲང་བྱ་བཅུ་ཡི་རིང་ལ་ལེགས་པར་བཞེངས་པའི་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་ཡི་ཐོག་མའི་འགྲེམ་སྟོན་མཛད་སྒོ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་སྤོས་ལྡན་གྲོང་ཁྱེར་ནས་གཟབ་རྒྱས་ངང་སྤེལ་བ་རེད།

ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་འདི་ཐེངས་དང་པོར་རྣམ་པ་ཆ་ཚང་བའི་སྒོ་ནས་ཞལ་འབྱེད་འགྲེམ་སྟོན་བྱེད་པ་ལས། བོད་ཀྱི་གསོ་བ་རིག་པ་དང་ཐང་གའི་སྒྱུ་རྩལ་ཏེ། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་ཟུང་དུ་འབྲེལ་བའི་མཚར་སྡུག་གི་རྣམ་པ་ལེགས་པར་བཀྲམ་ཞིང་། ཕྱོགས་སོ་སོ་ནས་ཕེབས་པའི་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཆེད་མཁས་པ་དང་ཐང་གའི་སྒྱུ་རྩལ་པ། དེ་མིན་སྤོས་ལྡན་གྲོང་ཁྱེར་དུ་བཞུགས་པའི་འབྲེལ་ཡོད་མཁས་དབང་དང་རིག་གནས་ལས་སྒྲུབ་པ་སོགས་སྐུ་མགྲོན་མང་པོ་གདན་ཐོག་གཅིག་ཏུ་འཛོམས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད། སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་རིན་ཐང་སོགས་ལ་དམིགས་ནས་བགྲོ་གླེང་གནང་བ་རེད།

ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་འདི་ནི་ཀན་ལྷོ་ཁུལ་རིན་ཆེན་གཏེར་མཛོད་ཚོང་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་མ་དངུལ་བཏང་ནས༢༠༡༤ལོ་བཞེངས་འགོ་བརྩམས་པ་དང་། དེ་ཡི་གོ་རིམ་ཁྲོད་ནས་བོད་རིགས་དང་སོག་རིགས། རྒྱ་རིགས། ཧོར་རིགས་སོགས་མི་རིགས་སོ་སོའི་ལག་ཤེས་ཁྱད་དུ་འཕགས་པའི་ཐང་གའི་ལྷ་རིས་པ་བརྒྱ་ལྷག་གདན་དྲངས་ཤིང་། ས་གནས་སོ་སོའི་བོད་ཀྱི་གསོ་རིག་ཆེད་མཁས་ཀྱིས་ཐོག་མཐའ་བར་གསུམ་དུ་མཛུབ་སྟོན་གང་ལེགས་གནང་བའི་འོག་ནས། དུས་ཡུན་ལོ་ངོ་བཅུ་ཡི་རིང་ལ་ལེགས་པར་བཞེངས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་དྲུག་ལྷག་བཏང་བ་རེད།

ཞལ་ཐང་ཆེན་མོ་འདི་ཡི་སྤྱི་ཁྱབ་ཇུས་འགོད་པ་ཟམ་ཚ་ཚེ་རིང་དོན་གྲུབ།

སྦྱིན་བདག་ཆེན་མོ་མགོན་པོ་སྐྱིད།
བྱེད་སྒོའི་ཡུལ་དངོས་སུ། གཙོ་སྒྲུབ་ཕྱོགས་ཁག་གིས་ཐེངས་འདིའི་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་འདི་ཡི་གསར་བཞེངས་ཀྱི་བརྒྱུད་རིམ་དང་རིག་གནས་ཀྱི་རིན་ཐང་སོགས་ངོ་སྤྲོད་གནང་བ་དང་། འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པས་དེའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཁྱད་ཆོས་དང་དོན་སྙིང་སོགས་ཀྱི་ཐད་ནས་གདེང་འཇོག་གང་ལེགས་གནང་ཞིང་། ཁྱད་པར་དུ་ཞལ་ཐང་ཆེན་མོ་འདི་ཡི་སྤྱི་ཁྱབ་ཇུས་འགོད་པ་ཟམ་ཚ་ཚེ་རིང་དོན་གྲུབ་དང་། སྦྱིན་བདག་ཆེན་མོ་མགོན་པོ་སྐྱིད་མ་བུ་གཉིས་ཀྱི་ལྷག་བསམ་གྱི་སྦྱོར་བ་དང་བླ་མེད་ཀྱི་བྱས་རྗེས་ལ་བསྟོད་བསྔགས་དང་དྲི་མེད་ཀྱི་ལེགས་སྐྱེས་ཕུལ་ལ། དུས་མཚུངས་སུ་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་འདི་ཡི་རིང་ཚད་ཀྱིས་འཛམ་གླིང་ཟིན་ཐོ་བརྒལ་བའི་ངོས་འཛིན་དཔང་ཡིག་སྟེར་བའི་མཛད་སྒོ་ཡང་སྤེལ་བ་རེད།

ཐེངས་འདིར་འགྲེམ་སྟོན་བྱེད་པའི་ཞལ་ཐང་ཆེན་མོ་འདི་ནི་བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་ཀུན་འདུས་ཀྱི་ཞལ་ཐང་རྒྱ་ཞིང་རྒྱས་པ་ཞིག་ཡིན་ཏེ། རིང་ཚད་ལ་སྨི་ཆིག་སྟོང་ཉིས་བརྒྱ་དང་། ཞེང་ཚད་ལ་སྨི་གཅིག་ཚེག་གསུམ། སྤྱིའི་རྒྱ་ཁྱོན་ལ་སྨི་ཆིག་སྟོང་ལྔ་བརྒྱ་དྲུག་ཅུ་ཡོད་ཅིང་། ནང་དོན་གྱི་ཐད་ནས་ལེའུ་བརྒྱ་དང་ཉི་ཤུ་ཡི་བདག་ཉིད་ཅན་དུ་གྲུབ་ཡོད། ཞལ་ཐང་ཆེན་མོ་འདི་ནི་བོད་ཀྱི་གསོ་པ་རིག་པའི་གསུང་རབ་གྲགས་ཅན་དཔལ་ལྡན་རྒྱུད་བཞི་གཙོས་སུ་བཟུང་ཞིང་། ད་ལྟའི་གསར་སྐྲུན་རང་བཞིན་གྱི་བསྒྱུར་བཀོད་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་འདུ་ཤེས་སྲུང་འཛིན་བྱས་ནས། གསོ་རིག་སྨན་ཐང་དང་དཔལ་ལྡན་རྒྱུད་བཞིའི་ཡིག་གཟུགས་སྒྱུ་རྩལ་ཏེ་ཁག་ཆེན་པོ་གཉིས་སུ་དབྱེ་ཞིང་། བོད་ཀྱི་གསོ་རིག་བྱུང་འཕེལ་དང་། རིག་གནས་སྤེལ་རེས། གནམ་རིག་སྐར་རྩིས། གསུང་རབ་ཡིག་ཆ་སོགས་གཞི་གཅིག་ཏུ་འདུས་པར་བྱས་པས་ངེས་པ་དོན་གྱིས་གསོ་བ་རིག་པའི་ཤེས་བྱ་ཀུན་འདུས་ཀྱི་ཞལ་ཐང་ཆེན་མོ་ཞིག་ཏུ་གྱུར་ལ། ཐང་གའི་སྒྱུ་རྩལ་གྱི་ཐད་ནས་ཀྱང་རང་བྱུང་གཏེར་ཚོན་དང་སྲོལ་རྒྱུན་སྨན་ཐང་གི་ཁྱད་ཆོས་གཙིགས་སུ་བཟུང་ནས་གྲུབ་པས་ཐུན་མོང་མ་ཡིན་པའི་མཚར་སྡུག་མངོན་པར་བཀྲ་བ་རེད།

ཤེས་གསལ་ལྟར། བོད་ལུགས་གསོ་རིག་དང་བོད་ཀྱི་ཐང་གའི་སྒྱུ་རྩལ་གཉིས་ནི་ཀྲུང་གོའི་རིག་གནས་ཀྱི་ཆེས་མཚར་སྡུག་བཀྲ་བའི་ཤུལ་བཞག་གཅེས་ནོར་གཉིས་ཡིན་ཏེ། བོད་ལུགས་གསོ་རིག་ལྟ་བུར་མཚོན་ན༢༠༠༦ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཀོད་པར་མ་ཟད་བོད་ལུགས་སྨན་ལུམས་ནི༢༠༡༨ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཀོད་པ་དང་། ཐང་གའི་སྒྱུ་རྩལ་ནི་སྔ་ས་ནས་རྒྱལ་ཁབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་གྱུར་པས། ཐུན་མོང་མ་ཡིན་པའི་ལག་ཤེས་ཀྱི་མཚར་སྡུག་དང་གཏིང་ཟབ་པའི་རིག་གནས་ཀྱི་རིན་ཐང་གིས་འཛམ་གླིང་ཡོངས་སུ་སྙན་གྲགས་རབ་ཏུ་འབར་བཞིན་ཡོད། ཞལ་ཐང་ཆེན་མོ་འདིའི་ཁྲོད་དུ་འདི་ལྟ་བུའི་གཟུགས་མེད་རིག་གནས་ཤུལ་བཞག་གཉིས་ཀྱི་དགེ་མཚན་ཟུང་འབྲེལ་བྱས་ཏེ། དེ་ཉིད་རྒྱུན་འཛིན་དང་འཕེལ་རྒྱས་ལ་དཔེ་མཚོན་གསར་པ་ཞིག་བསྐྲུན་པ་རེད།

ཐེངས་འདིའི་བྱེད་སྒོའི་ཡུལ་དངོས་སུ་ཕེབས་པའི་ཆེད་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་འདི་ལེགས་པར་གྲུབ་པ་ནི། ཀན་ལྷོའི་ས་ཁུལ་གྱིས་སྐྱེ་ཁམས་ཤེས་རིག་འཛུགས་སྐྱོང་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཀྱི་གནས་མཆོག་འཛུགས་སྐྱོང་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པར་མ་ཟད། མི་རིགས་རིག་གནས་སྤེལ་རེས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱེ་བྲག་གི་ལག་ལེན་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད། དེར་བརྟེན་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོ་འདི་ཡིས་བོད་ཀྱི་གསོ་རིག་དང་ཐང་གའི་སྒྱུ་རྩལ་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ནས། བོད་ཀྱི་གསོ་རིག་གི་དེང་རབས་མཚོན་སྟངས་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དང་། རྒྱལ་སྤྱིའི་སྤེལ་རེས་ལ་ཐབས་ལམ་གསར་པ་ཞིག་གསར་དུ་བཏོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
