བོད་ཀྱི་གསོ་བ་རིག་པ་འཛམ་གླིང་དུ་ཁྱབ་སྤེལ་གཏོང་བའི་གྲོས་གཞི་གལ་ཆེན་བཏོན།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2026-03-11
ཀློག་གྲངས།:
“བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་རེད་ལ། བོད་རིགས་མི་དམངས་ཀྱིས་ལོ་ངོ་སྟོང་གི་ལག་ལེན་ལས་བསགས་པའི་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཀྱང་རེད། ད་ཆ་འཛམ་གླིང་དུ་གསོ་བ་རིག་པར་དོ་ཁུར་བྱེད་མཁན་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས། ད་ལྟ་ནི་ང་ཚོས་རྒྱལ་སྤྱིར་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པའི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བའི་དུས་སྐབས་ཡག་ཤོས་རེད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་སྨན་སྐྱིད་མཚོ་མོས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་གསུངས།

སྨན་སྐྱིད་མཚོ་མོས་གསར་འགོད་པའི་དྲི་བར་ལན་འདེབས་བཞིན་པ།
བོད་ཀྱི་གསོ་བ་རིག་པའི་ལས་ལ་གཞོལ་བའི་བགྲང་བྱ་བཅུ་ཕྲག་རིང་། སྨན་སྐྱིད་མཚོ་མོས་བོད་ཀྱི་གསོ་བ་རིག་པར་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་རྟོགས་ཀྱི་ཡོད། བྱང་རྩྭ་ཐང་གི་འབྲོག་ར་ནས་ཉིའུ་ཅིན་སློབ་ཆེན་གྱི་སློབ་ར་བར་དང་གཞི་རིམ་སྨན་བཅོས་ཀྱི་འཐབ་ས་དང་པོ་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་རའི་བར། “བོད་ཀྱི་གསོ་བ་རིག་པ་ས་མཐོ་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་སྤེལ་གཏོང་བའི”ཁོང་གི་དད་སེམས་བརྟན་པོར་འགྱུར་བ་གཏན་ནས་བྱུང་མྱོང་མེད།

སྨན་སྐྱིད་མཚོ་མོས་སྲིད་གྲོས་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་ཚོགས་ཆུང་གི་ཚོགས་འདུར་གཏམ་བཤད་སྤེལ་བ།
རྒྱལ་སྤྱིར་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པའི་སྐད་ཆ་ཤོད་དབང་ཆེ་རུ་ཇི་ལྟར་གཏོང་རྒྱུའི་སྐོར་གླེང་སྐབས་སྨན་སྐྱིད་མཚོ་མོས། དང་ཐོག་ལམ་སྲོལ་ལེགས་སྒྲིག་བྱེད་དགོས་པའི་ངོས་འཛིན་གནང་ཞིང་། ཉེ་བའི་ལོ་ཤས་རིང་། “དཔེར་ན«1995ལོར་ཁྱབ་བསྒྲགས་བྱས་པའི་བོད་སྨན་གྱི་ཚད་གཞིར»བཟོ་བཅོས་རྒྱག་པའི་ལས་དོན་ལ་རྒྱལ་ཁབ་ཀྱིས་སྲིད་ཇུས་ཁག་གི་ལམ་ནས་རྒྱབ་སྐྱོར་གནང་བས་བོད་སྨན་སྣ་ཁ་དེ་བས་མང་བ་མགྱོགས་མྱུར་ངང་རྒྱལ་ཁབ་ཀྱི་སྨན་རྫས་ཚད་གཞིའི་མ་ལག་ནང་འཇུག་པའི་ལམ་བུ་བཏོད་ཡོད། འོན་ཀྱང་ལས་དོན་དེའི་ལས་འགན་ལྕི་ལ་ལམ་ཐག་རིང་བས། ད་ཐེངས་ཀྱི་ཚོགས་འདུ་གཉིས་ལ་ངས་ཀྱང་འབྲེལ་ཡོད་གྲོས་གཞི་ཁྱེར་ཡོད”ཅེས་གསུངས་ཤིང་། ཁོང་གིས། བོད་ཀྱི་གསོ་བ་རིག་པ་དུས་བསྟུན་འཕེལ་རྒྱས་བྱུང་བ་དེས་བོད་ཀྱི་གསོ་བ་རིག་པའི་ཁྲོམ་ར་གཏོད་པ་དང་དེའི་རིན་ཐང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་གསུངས།

སྨན་སྐྱིད་མཚོ་མོ(གཡོན)དང་སྤེན་པ་ལྷ་མོས་ཚོགས་འདུའི་བར་གསེང་ལ་བགྲོ་གླེང་གནང་བ།
སྨན་སྐྱིད་མཚོ་མོས“རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བར་ད་དུང་ཤེས་ལྡན་པར་བརྟེན་དགོས”ཞེས་གསུངས་ཤིང་། ཁོང་གིས། ངས་མུ་མཐུད་ལས་གནས་ལ་གཞི་ཚུགས་ཏེ་ཚོགས་འདུའི་རིང་རང་འགུལ་ངང་ས་གནས་ཁག་གི་ཨུ་ཡོན་དང་འབྲེལ་གཏུག་སྤེལ་རེས་བྱས་ནས་མི་རིགས་གཞན་དག་གི་གསོ་བ་རིག་པ་རྒྱལ་སྤྱི་ཅན་གྱི་ཉམས་མྱོང་བཟང་པོ་དཔྱད་གཞིར་འཛིན་པ་དང་ཆབས་ཅིག བོད་ཀྱི་གསོ་བ་རིག་པ་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་གཏོང་བའི་མི་འདང་བའི་ཆ་མགྱོགས་མྱུར་གསབ་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕྱི་སྦྱོང་སློབ་མའི་སློབ་གླིང་འཛུགས་པར་སྐུལ་འདེད་བཏང་སྟེ་ཆེད་ལས་ཀྱི་བྱང་ཚད་དང་རྒྱལ་སྤྱིའི་མིག་རྒྱང་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དང་། ཚོགས་པའི་སྣེ་ཁྲིད་དེ་ས་མཐོའི་ནད་སོགས་ཁྱད་ལྡན་ནད་རིགས་ལ་མུ་མཐུད་ཞིབ་འཇུག་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པ་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་དང་ཆབས་ཅིག གནའ་བོའི་བློ་གྲོས་ཀྱི་ཉིང་བཅུད་འདུས་པའི་བོད་ཀྱི་གསོ་བ་རིག་པ་འདི་ཉིད་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་སྤེལ་བཏང་ནས། ཀྲུང་གོའི་སྲོལ་རྒྱུན་གསོ་རིག་འཛམ་གླིང་ཕྱོགས་སུ་སྐྱོད་པའི་མིང་བྱང་གལ་ཆེན་ལ་འགྱུར་བར་བྱས་ཏེ། ཀྲུང་གོའི་བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་གནས་བབ་བརྟན་དུ་གཏོང་གི་ཡིན་ཞེས་གསུངས།
འབྲེལ་ཡོད་འོས་སྦྱོར།
