logo

གཏེར་ཚང་བོད་སྐད་དཔེ་དབྱིབས་ཆེན་མོ་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2026-03-16 ཀློག་གྲངས།:
       ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ཏེ། རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོར་ང་ཚོའི་བོད་ཀྱི་སྐད་དང་རིག་གནས་ཀྱི་ཁྱབ་ཁོངས་ནས་ཚང་མར་དགའ་འོས་པའི་དོན་བཟང་ཞིག་ཞུ་རྒྱུ་ཡོད་པ་ནི་གཏེར་ཚང་བོད་སྐད་དཔེ་དབྱིབས་ཆེན་མོ་དང་རིག་ནུས་ཉེར་སྤྱོད་འགྲེམ་སྤེལ་མཛད་སྒོ་གནས་མཆོག་ལྷ་ས་ནས་སྤེལ་བ་རེད།
       གཏེར་ཚང་བོད་སྐད་དཔེ་དབྱིབས་ཆེན་མོ་ནི་དོན་དུ་སྐད་དང་རིག་གནས་ཀྱི་གཞི་གྲངས་ཆེན་མོ་གཅིག་ཏུ་བསྡུས་པའི་རིག་པའི་གཏེར་མཛོད་ཆེན་མོ་ཞིག་ཡིན་ཞིང་། དེ་ལ་གཙོ་བོ་རིག་ནུས་ལོ་ཙཱ་དང་། ཚིག་དོན་དབྱེ་ཞིབ། རྩིས་རྒྱག་རིགས་འདེད། དྲི་བ་དྲིས་ལན། རྩོམ་ཡིག་འབྲི་བ་སོགས་ཀྱི་བྱེད་ནུས་མང་པོ་ཞིག་འཛོམས་ཡོད་པས། འདི་ནི་བོད་ཀྱི་སྐད་དང་རིག་གནས་དུས་རབས་གསར་པའི་ནང་ལ་རིག་ནུས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་རེད།
       རྒྱུས་ལོན་བྱུང་བ་ལྟར་ན། གཏེར་ཚང་བོད་སྐད་དཔེ་དབྱིབས་ཆེན་མོ་ནི་བོད་ལྗོངས་མཆོག་ནོར་ཨང་ཀིའི་ཐོན་ལས་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་ཤིང་། དེ་ནི་རང་རྒྱལ་གྱིས་ཐོག་མར་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་སྐད་དཔེ་དབྱིབས་ཆེན་མོ་ཞིག་ཡིན་པས། དེ་ཡིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་ལག་རྩལ་གྱི་སྟོང་ཆ་གལ་ཆེན་ཞིག་སྐོང་བར་མ་ཟད། བོད་ལྗོངས་ཀྱི་བོད་སྐད་ཡིག་གི་མིས་བཟོས་རིག་ནུས་སྤུས་མཐོའི་འཕེལ་རྒྱས་འགྲོ་བའི་སྒོ་འཕར་ཡངས་པར་ཕྱེ་བ་རེད།
       ཐེངས་འདིའི་འགྲེམ་སྤེལ་ཚོགས་འདུའི་ཐོག་འཛམ་གླིང་ཟིན་ཐོའི་ངོས་འཛིན་ལས་ཁུངས་ཀྱིས་ཡུལ་དངོས་ནས་གཏེར་ཚང་བོད་སྐད་དཔེ་དབྱིབས་ཆེན་མོ་ནི་འཛམ་གླིང་ཡོངས་ལས་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་དེ་ཡིན་པར་ངོས་འཛིན་བྱས་ནས་དཔང་ཡིག་སྤྲད་ཅིང་། མིས་བཟོས་རིག་ནུས་འདིའི་གསར་གཏོད་རང་བཞིན་ལ་ཁས་ལེན་བྱས་ནས། འཛམ་གླིང་ཡོངས་ཀྱི་སྐད་རིགས་སྣ་མང་གི་མིས་བཟོས་རིག་ནུས་བཅོས་སྐྱོང་གི་ཁྱབ་ཁོངས་ནས་མི་རིགས་ཀྱི་སྐད་ཆའི་བདག་དབང་སྲུང་སྐྱོབ་བྱེད་པར་སྒུལ་ཤུགས་བསྩལ་བ་རེད།
       གཞན་མཛད་སྒོའི་ཐོག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་དང་། ཕྱོགས་སོ་སོ་ནས་ཕེབས་པའི་ལས་རིགས་སོ་སོའི་ཆེད་མཁས་པ་རྣམས་གནས་མཆོག་ལྷ་སའི་ལྷ་ཡུལ་གླིང་ཆེན་གསོལ་མགྲོན་ཁང་ཆེན་མོ་རུ་གདན་ཐོག་གཅིག་ཏུ་འཛོམས་ནས། གཏེར་ཚང་བོད་སྐད་དཔེ་དབྱིབས་ཆེན་མོ་དངོས་སུ་འགྲེམ་སྤེལ་བྱས་པར་རྟེན་འབྲེལ་ཞུས་ཤིང་། བོད་ཡིག་གི་དཔེ་དབྱིབས་ཆེན་མོ་འདིས་བོད་ཀྱི་སྐད་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། མི་རིགས་རིག་གནས་སྤེལ་རེས། ཁྱད་པར་དུ་བོད་ཀྱི་སྐད་དང་རིག་གནས་རིག་ནུས་ཀྱི་དུས་རབས་གསར་པའི་ནང་ལ་དུས་བསྟུན་འཕེལ་རྒྱས་གཏོང་བར་ཕྱར་བ་གྲུ་འདེགས་ཀྱི་དགེ་མཚན་ཐོན་པའི་ནུས་པ་སོགས་ལ་གདེང་འཇོག་གང་ལེགས་གནང་བ་རེད།
       འགྲེམ་སྤེལ་ཚོགས་འདུའི་ཐོག་མཆོག་ནོར་གྲངས་འཛིན་སྤྱི་གཉེར་ཁང་གིས་ད་དུང་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་མིང་རྟགས་བཀོད་ནས། བོད་སྐད་བོད་ཡིག་གི་མིས་བཟོས་རིག་ནུས་ཀྱིས་སྲིད་དོན་དང་སློབ་གསོ། རིག་གནས། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་སུ་ནུས་པ་གང་ལེགས་འདོན་པར་སྐུལ་འདེད་གཏོང་བ་དང་། བོད་ཀྱི་སྐད་ཡིག་ལ་དུས་རབས་གསར་པའི་ནང་དུ་སྟོབས་ཤུགས་གསར་པ་རྒྱས་སུ་བཅུག་ནས། རྒྱལ་ཁབ་ཀྱི་རིག་གནས་ཨང་ཀི་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པར་བོད་ལྗོངས་ཀྱིས་སྟོབས་ཤུགས་འབུལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།