དབྱིན་ཇི་དང་ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཆ་ཚང་དག་སྒྲིག་དང་པར་སྐྲུན་བྱས།
རྩོམ་པ་པོ།:དཔལ་རྡོར་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-03-18
ཀློག་གྲངས།:
ཟླ3ཚེས17ཉིན་ནུབ་བྱང་མི་རིགས་སློབ་ཆེན་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2005ལོ་ནས2025ལོའི་ལོ་མཇུག་བར་གྱི་ལོ་ངོ20རིང་། ནུབ་བྱང་མི་རིགས་སློབ་ཆེན་དང་ཧྲང་ཧའེ་གནའ་དཔེ་དཔེ་སྐྲུན་ཁང་གིས་སོ་སོར་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་མཉམ་ལས་བྱས་ཏེ་རྩོམ་སྒྲིག་བྱས་པའི«དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས»དང«ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས»ཚང་མ་ལེགས་སྒྲིག་བྱས་ཏེ་པར་སྐྲུན་འགྲེམས་སྤེལ་བྱས་ཟིན་པ་དང་། ཕྱི་རྒྱལ་དུ་གྱར་བའི་རྩ་ཆེའི་ཚད་ལྡན་ཡིག་ཆ་དེ་དག་རབ་གསལ་པར་རིས་རྣམ་པས་ཕྱིར་ཕ་ཡུལ་དུ་ལོག་ཐུབ་པ་བྱུང་ཡོད།

«ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས»ཀྱི་པར་རིས། ནུབ་བྱང་མི་རིགས་སློབ་ཆེན་ནས་མཁོ་འདོན་བྱས།
ནུབ་བྱང་མི་རིགས་སློབ་ཆེན་རྒྱལ་ཕྱིའི་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་གི་འགན་འཛིན་པ། དགེ་རྒན་ཆེན་མོ་ཚེ་རིང་གིས་ངོ་སྤྲོད་གནང་བར་གཞིགས་ན། དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ན་ཉར་བའི་ཏུན་ཧོང་བོད་ཡིག་གནའ་དཔེ་ལ་ཁྱོན་པོད61ཡོད་པའི་ནང་། «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས»ལ་ཁྱོན་བསྡོམས་པོད35ཡོད་པ་དེ2021ལོར་པར་སྐྲུན་བྱས་ཟིན་པ་དང་། དེའི་ནང་ཨང་རྟགས་ཅན་གྱི་ཡིག་ཚགས3174དང་རབ་གསལ་པར་རིས་ཁྲི2.8ལྷག་བསྡུས་ཡོད། «དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས»ལ་ཁྱོན་པོད26ཡོད་པ་དེ2025ལོར་ཡོངས་སུ་པར་སྐྲུན་བྱས་ཟིན།
ངོ་སྤྲོད་བྱས་པར་གཞིགས་ན། 2005ལོར་ནུབ་བྱང་མི་རིགས་སློབ་ཆེན་དང་ཧྲང་ཧའེ་གནའ་དཔེ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་དུ«དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས»དང«ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས»རྩོམ་སྒྲིག་དང་པར་སྐྲུན་བྱ་རྒྱུའི་གྲོས་མཐུན་བཞག་པ་དང་། ལོ་དེར་ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཆེད་དུ་རྒྱལ་ཕྱིའི་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་བཙུགས་ནས་ཕྱི་རྒྱལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་གནའ་དཔེ་ལེགས་སྒྲིག་པར་སྐྲུན་དང་ཞིབ་འཇུག་བྱེད་པའི་ཆེད་འགན་འཁུར།

«དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས»ཀྱི་པར་རིས། ནུབ་བྱང་མི་རིགས་སློབ་ཆེན་ནས་མཁོ་འདོན་བྱས།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཐའ་བ་བཀྲ་ཤིས་དོན་གྲུབ་ཀྱིས་ཞིབ་འཇུག་ཚོགས་པས་འབྲེལ་ཡོད་ཚད་ལྡན་ཡིག་ཚགས་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་པའི་རྨང་གཞིའི་ཐོག་པོད་ཚད་ཤིན་ཏུ་གཏོས་ཆེ་བ་དང་། ཡི་གེར་ཆད་ལྷག་ཡོད་པ། ཡིག་གཟུགས་གསལ་པོ་མེད་པ། སྐད་བརྡ་རྙིང་ཞིང་གོ་དཀའ་བའི་ཡིག་ཚགས་རྣམས་རེ་རེ་བཞིན་ཞིབ་འཇུག་བྱས་ཏེ། རྒྱ་བོད་ཤན་སྦྱར་གྱི་མིང་འདོགས་པའི་ལས་དོན་ལེགས་གྲུབ་བྱུང་ཡོད་ཅེས་ངོ་སྤྲོད་གནང་།ཏུན་ཧོང་བོད་ཡིག་གནའ་དཔེ་ནི་ད་ལྟ་མཐོང་རྒྱུ་ཡོད་པའི་ཤོག་བུའི་ཐོག་བྲིས་པའི་བོད་ཡིག་གནའ་དཔེ་རྙིང་ཤོས་དེ་ཡིན་ལ། ནང་དོན་ལ་ནང་བསྟན་གྱི་གཞུང་ལུགས་དང་། ལོ་རྒྱུས་ཀྱི་བརྩམས་ཆོས། གན་རྒྱའི་ཡིག་ཆ། སྲིད་དོན་གྱི་ཡིག་ཆ། ཁྲིམས་ལུགས་ཀྱི་དོན་ཚན་སོགས་འདུས་ཤིང་། བོད་བཙན་པོའི་ལོ་རྒྱུས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་ཀྱི་ཁྱབ་ཁོངས་མང་པོ་ཞིག་ལ་འབྲེལ་ཡོད་པས། སྤུ་རྒྱལ་བཙན་པོའི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རྩ་ཆེན་ཞིག་ཡིན། དེའི་ཁྲོད་དུ་དབྱིན་ཇི་དང་ཧྥ་རན་སིར་ཉར་ཚགས་བྱས་པའི་ཏུན་ཧོང་གི་བོད་ཡིག་གནའ་དཔེའི་ནང་དོན་ནི་ཆེས་ཕུན་སུམ་ཚོགས་པ་དང་། རིག་གཞུང་གི་རིན་ཐང་ཆེས་ཆེར་ལྡན་པས་སྤུ་རྒྱལ་བཙན་པོའི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ཨང་དང་པོར་བརྩི་ཆོག་གོ །
འབྲེལ་ཡོད་འོས་སྦྱོར།
