logo

བོད་ཀྱི་ཟློས་གར་འདིར་ཕུལ་བྱུང་ཟློས་གར་འཁྲབ་ཚན་གྱི་བྱ་དགའ་ཐོབ་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-03-26 ཀློག་གྲངས།:
       ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟློས་གར་པའི་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བདམས་སྐྱེལ་བྱས་པའི་ཨ་མདོའི་བོད་ཀྱི་ཟློས་གར«ཡིད་འཕྲོག་ལྷ་མོའི་འཁྲབ་གཞུང་ལས་ལྐོག་གཡོ»ཞེས་པ་དེ་སྐབས་གཉིས་པའི་ཀྲུང་གོའི་ཟློས་གར་གྱི་དཀོན་པའི་ཟློས་གར་རིགས་ཀྱི་ཕུལ་བྱུང་ཟློས་གར་འཁྲབ་ཚན་ནང་ཚུད་ཡོད་པ་མ་ཟད། ཟླ3ཚེས22ཉིན་གྱི་དགོང་མོ་ཧྲན་ཏུང་པོ་ཤིང་དུ་འཁྲབ་སྟོན་ཐེངས་དགུ་པའི་འགོ་ཚུགས་ཟློས་གར་གྱི་ངོས་ནས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་ཡོད་པ་དང་། མཐར“ཕུལ་བྱུང་ཟློས་གར་འཁྲབ་ཚན་”གྱི་བྱ་དགའ་ཐོབ་ཡོད། ད་ཐེངས་ནི་མཚོ་སྔོན་ཞིང་ཆེན་གྱི་དཀོན་པའི་ཟློས་གར་རིགས་རྒྱལ་ཡོངས་ཀྱི་དཀོན་པའི་ཟློས་གར་རིགས་ཀྱི་འཁྲབ་སྟོན་གར་སྟེགས་ཐོག་བསྐྱོད་ཐེངས་གཉིས་པ་དེ་རེད།
       སྐབས་འདིའི་འཁྲབ་སྟོན་ནི་ཀྲུང་གོ་ཟློས་གར་པའི་མཐུན་ཚོགས་དང་། ཧྲན་ཏུང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཧྲན་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། པིན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། ཟླ3ཚེས15ཉིན་ནས་ཚེས23ཉིན་བར་ཧྲན་ཏུང་པོ་ཤིང་དུ་འཁྲབ་སྟོན་བྱས་ཡོད།
       བྱེད་སྒོ་སྤེལ་རིང་རྒྱལ་ཡོངས་ཀྱི་དཀོན་པའི་ཟློས་གར་རིགས36གི་ཕུལ་བྱུང་ཟློས་གར་འཁྲབ་ཚན་ཆེ་གྲས5དང་ཕུལ་བྱུང་ཟློས་གར་འཁྲབ་ཚན་ཆུང་གྲས31གཅིག་སྡུད་ཐོག་འཁྲབ་སྟོན་བྱས་ནས། རྒྱ་ཆེའི་ཟློས་གར་ལ་དགའ་པོ་བྱེད་མཁན་ཚོར་སྤུས་ཚད་མཐོ་བའི་ཟློས་གར་སྒྱུ་རྩལ་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།
       «ཡིད་འཕྲོག་ལྷ་མོའི་འཁྲབ་གཞུང་ལས་ལྐོག་གཡོ»ཞེས་པ་དེ་བདམས་རྗེས། མཚོ་སྔོན་ཞིང་ཆེན་ཟློས་གར་པའི་མཐུན་ཚོགས་ཀྱིས་ཟློས་གར་ལེགས་སུ་གཏོང་བའི་ལས་དོན་ལ་རྗེས་སྙེག་མཛུབ་ཁྲིད་བྱས་པ་དང་། ཟློས་གར་ལེགས་སུ་གཏོང་བའི་ཚོགས་འདུ་འཚོགས་ནས་བརྩམས་ཆོས་ཞིབ་ཚགས་སུ་བཏང་བ་དང་སྒྱུ་རྩལ་གྱི་རང་བཞིན་ཆེ་རུ་བཏང་བ་རེད།
       ཟློས་གར་ཚོགས་པའི་འཁྲབ་སྟོན་མི་སྣ་ཡོངས་ཀྱིས་ཚད་མཐོའི་འགན་འཁྲི་འཁུར་སེམས་ཐོག་ནས་སེམས་ནུས་ཡོད་རྒུས་ནང་སྦྱོང་བྱས་ཤིང་། ཟློས་གར་གྱི་འཁྲབ་ཚན་རེ་རེ་བཞིན་ཞིབ་ཚགས་སུ་བཏང་བ་དང་ཚིག་རྒྱན་གྱི་མཛེས་ཉམས་ལ་བསམ་བློ་ཡང་སེ་བཏང་ནས་ཡག་ཐོག་ཡག་བརྩེགས་ཡོང་བ་བྱས་ཏེ། ཟློས་གར་འཁྲབ་ཚན་གྱི་སྒྱུ་རྩལ་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་དང་། རྒྱལ་ཡོངས་ཀྱི་གར་སྟེགས་ཐོག་ཨ་མདོའི་བོད་ཀྱི་ཟློས་གར་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་དང་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ངོམས་ཡོད།
འབྲེལ་ཡོད་འོས་སྦྱོར།