༄༅།།«གསེར་གྱི་ལྷ་དར»སྤེལ་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་ལེགས་རྩོམ་གཅེས་བཏུས་དེབ་པར་སྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-05-29
ཀློག་གྲངས།:
ཟབ་དོན་ཟིལ་མངར་གྱིས་ཕྱུག་པའི། །
དུས་དེབ་གསེར་གྱི་ལྷ་དར་ཞེས། །
སྙན་ཚིག་ནོར་བུའི་རྒྱན་ཕྲེང་འདི། །
བློ་གསལ་མགུ་བའི་རྒྱན་དུ་འོས། །
དུས་དེབ་གསེར་གྱི་ལྷ་དར་ཞེས། །
སྙན་ཚིག་ནོར་བུའི་རྒྱན་ཕྲེང་འདི། །
བློ་གསལ་མགུ་བའི་རྒྱན་དུ་འོས། །
ཞིན་ཧེ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཞིན་ཧེ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་གཙོ་གཉེར་མཛད་པའི་རྩོམ་རིག་དེབ«གསེར་གྱི་ལྷ་དར»ནི། 2000ལོ་ནས་པར་དུ་བསྐྲུན་ཏེ་ལོ་འཁོར25ལོན་པའི་འཁྲུངས་སྐར་གྱི་ཉིན་མོ་འདིར། རྫོང་ཨུ་དང་རྫོང་སྲིད་གཞུང་གི་བླ་མེད་རྒྱབ་སྐྱོར་དང་། སྔོན་གྱི་རྩོམ་སྒྲིག་པ་རྒན་པ་དག་གི་མཛུབ་སྟོན་འོག ངེད་རྩོམ་སྒྲིག་ཁང་གིས་ལོ་འཁོར25འཁོར་བའི་ལེགས་རྩོམ་གཅེས་བཏུས་འདི་ཉིད་པར་སྐྲུན་ལེགས་འགྲུབ་བྱུང་།

«གསེར་གྱི་ལྷ་དར»གྱིས་ལོ་ངོ25ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དུ་གཏོང་བ་དུས་རབས་ཀྱིས་བསྩལ་བའི་འགན་འཁྲི་རུ་བརྩིས་ནས། ཞིན་ཧེ་ས་ཁུལ་གྱི་རིག་གནས་དང་། བོད་འབྲེལ་ས་ཁུལ་སོ་སོའི་རྩོམ་རིག་སྒྱུ་རྩལ་ལ་དུང་ཞེན་ཆེ་བའི་སྨྱུག་ཐོགས་པ་ཡོངས་ལ་ཁ་ཕྱོགས་ནས། ད་ལྟའི་བར་དུ་བརྩམས་སྒྲུང48དང་ཚིགས་བཅད་སྙན་ངག271། རང་མོས་སྙན་ངག234། ལྷུག་རྩོམ90། གནའ་རྩོམ51། བསྒྱུར་རྩོམ24། དཔྱད་རྩོམ་དང་ཕྲན་དཔྱད36། གླེང་སྟེགས་དང་བཅར་འདྲི9། སློབ་མའི་སྦྱངས་རྩོམ40བཅས་ཁྱོན་བསྡོམས་རྩོམ་རིག་བརྩམས་ཆོས803ལྷག«གསེར་གྱི་ལྷ་དར»གྱི་ལོ་ངོ25ཡི་རྩོམ་རིག་གི་ཞིང་ས་རུ་ལོ་ལེགས་ཀྱི་སྙེ་འབྲས་ཁུར་གྱིས་དུད་ཡོད།

ལེགས་རྩོམ་གཅེས་བཏུས་འདི་རུ། ལོ་ངོ25རིང་དུ་བཀོད་པའི་བརྩམས་ཆོས803ལས་སྒྲུང་གཏམ་ལེགས་གྲས7དང་སྙན་ངག29། ལྷུག་རྩོམ10། བསྒྱུར་རྩོམ3། གནའ་རྩོམ3། དཔྱད་རྩོམ3བཅས་སྡོམ་པའི་བརྩམས་ཆོས55བདམས་པ་དང་། ལེགས་རྩོམ་གཅེས་བཏུས་འདི་ཉིད་པར་དུ་བསྐྲུན་པ་ནི། ཞིན་ཧེ་རྫོང་གི་ལོ་ངོ25ཡི་མི་རིགས་སྐད་ཡིག་བྱ་བའི་འདས་སོང་གི་ལོ་རྒྱུས་ལ་ཕྱིར་མིག་ཐེངས་གཅིག་དང་། རྩོམ་རིག་བརྩམས་ཆོས་དང་སྐད་ཡིག་རིག་གནས་ཞིབ་འཇུག་འཕེལ་རྒྱས་ལ་སྤྱི་སྡོམ་ཐེངས་གཅིག་བྱས་པ་ལགས་པས། དུས་དང་རྣམ་པ་ཀུན་ཏུ«གསེར་གྱི་ལྷ་དར»ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་དག་ལ་ཕུལ་བའི་ལེགས་སྐྱེས་ཡིན།
མི་ལོ25ཡི་ནར་སོན་གྱི་ལོ་ཟླ་དང་གྲུབ་འབྲས་ནི། ང་ཚོ་ཐུན་མོང་ལ་དབང་བའི་གཟི་བརྗིད་དང་རྩོམ་རིག་ལ་ཕུལ་བའི་སྨོན་འདུན་ཡིན། ད་ལྟའི་སྤྱི་ཚོགས་ཀྱི་བརྡབ་གསིག་ཆེན་པོའི་མདུན་དུ་རྩོམ་རིག་ནི་ཉམས་ཆུང་འཁོས་ཞན་ལྟ་བུར་སྣང་ནའང་། ང་ཚོས་སྔར་བཞིན་རང་གི་རྡོག་ལམ་མ་བོར་བ་བྱས་ཏེ་རང་ཡུལ་གྱི་སྲོལ་རྒྱུན་དང་དེང་རབས་བར་གྱི་གདམ་གསེས། འཚོ་གནས་ཀྱི་འགྲན་རྩོད་དང་ན་ཟུག དུས་རབས་ཀྱི་འཕོ་འགྱུར་དང་མི་སེམས་ཀྱི་འགལ་འདུ་མཐའ་དག«གསེར་གྱི་ལྷ་དར»གྱི་ཞིང་ས་སྣུམ་པོ་འདིར་བསྒྲོན་པར་རེ་ཞིང་སྒུག །རྩོམ་ཡིག་བསྐུར་ཡུལ། xhsjld@163.com
ཞིན་ཧེ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ནས།
༢༠༢༦ལོའི་ཟླ༥པའི་ཚེས༢༨ཉིན།
འབྲེལ་ཡོད་འོས་སྦྱོར།
