ཀྲུང་གོའི་མི3ལ་རྒྱལ་སྤྱིའི་རྩྭ་ཐང་དང་འབྲོག་པའི་ལོ་སྟེ“2026ལོའི་རྩྭ་ཐང་བྱ་དགའ”ཐོབ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2026-09-01
ཀློག་གྲངས།:
ད་ལོ་ནི་རྒྱལ་སྤྱིའི་རྩྭ་ཐང་དང་འབྲོག་པའི་ལོ་ཡིན་ལ། གཞི་རིམ་ལག་ལེན་དང་སྲིད་ཇུས་གཏན་འབེབས། དྲིལ་སྒྲོག་དར་སྤེལ་སོགས་ཀྱི་ལས་ཀའི་ཁྲོད་གོ་ལ་ཧྲིལ་བོའི་རྩྭ་ས་སླར་གསོ་དང་རྒྱུན་མཐུད་རུང་བའི་དོ་དམ་ཐད་བྱས་རྗེས་བཞག་པའི་མི་སྒེར་དང་སྡེ་ཁུལ། ཐུན་མོང་ཚོགས་པ། ལས་ཁུངས་སོགས་ལ་བསྟོད་བསྔགས་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩྭ་འཛུགས(FAO)དང་། རྒྱལ་སྤྱིའི་ཕྱུགས་ལས་ཞིབ་འཇུག་སུའོ།(ILRI) རྒྱལ་སྤྱིའི་རྩྭ་ཐང་དང་འབྲོག་པའི་ལོ་ཡི་ཡུལ་ཁོངས་འབྲེལ་གཏུག་ཚོ་ཆུང་བཅས་ཀྱིས་མཉམ་འབྲེལ་སྒོས“2026ལོའི་རྩྭ་ཐང་བྱ་དགའ”ཡི་དཔྱད་འདེམ་བྱེད་སྒོ་སྤེལ།

པར་རིས་དྲ་ངོས་ལས་དྲངས།
དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་ཀྱིས་ས་ནག་སླར་གསོའི་གཞི་ཁྱོན་དང་། ཕན་ཁེ་ཐོབ་པའི་སྒོ་ཕྱུགས་དང་འབྲོག་པའི་ཁ་གྲངས། སྐྱེ་དངོས་སྣ་མང་རང་བཞིན་ལེགས་སྒྱུར་གྱི་ཕན་འབྲས། ལག་ལེན་བྱེད་ཐབས། སྲིད་ཇུས་ལག་བསྟར་རམ་སྡེ་ཁུལ་གྱི་རྣམ་གྲངས་དངོས་འབེབས་ཕན་ནུས་སོགས་གཞི་རྩའི་ཚད་གཞི་རུ་བཟུང་ནས། གོ་ལ་ཧྲིལ་བོའི་ཁྱབ་ཁོངས་ནས་བྱ་དགའ་ཐོབ་མཁན20བདམས་ཐོན་བྱུང་བ་དང་། དེའི་ཁྲོད་ཀྲུང་གོའི་མཁས་པ་དང་འབྲོག་པ་བསྡོམས་པས་མི3ལ་བྱ་དགའ་ཐོབ་ཡོད་ཅིང་། ཁོ་ཚོ་ནི་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་ཡིང་ཅུན་དང་མཚོ་སྔོན་ཏང་ཨུ་སློབ་གྲྭའི་གདན་ཞུའི་དགེ་རྒན་དབྲ་ཁྱུང་དཔལ་བཟང་། འབྲོག་པ་ཧ་ཤུལ་ཀརྨ་ཆོས་མཁས་བཅས་རེད།ཉེ་ཆར། «མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་རྒོད་ཅན་འགོག་བཅོས་སྤྱི་ཆིངས»ཀྱི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པའི་འབྲེལ་ཡོད་ཟུར་ཚོགས་ཀྱིས་བྱ་དགའ་ཐོབ་མཁན་ལ་གཟི་བརྗིད་དཔང་ཡིག་སྤྲད་པར་མ་ཟད། ཁྱབ་བརྡ་བརྒྱུད་དེ་ཁོ་ཚོའི་མི་སྒེར་གྱི་བྱས་པ་དང་མཛད་རྗེས་གཙོ་གྲས་འགྲེམས་སྟོན་ཡང་བྱས་པ་རེད། ཚོགས་འདུའི་ཡུལ་དངོས་སུ། བྱ་དགའ་ཐོབ་མཁན་རྣམས་ཀྱིས་རྩྭ་ཐང་སླར་གསོའི་ལས་འགུལ་གྱི་ཐོག་མའི་སེམས་འདུན་དང་དེའི་གོ་རིམ་ཁྲོད་ཕྲད་པའི་གནད་དོན་གྱི་ཐད་ནས་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱས།
ཀྲུང་གོ་ཞིང་ལས་སློབ་གྲྭ་ཆེན་མོའི་རྩྭ་ལས་ཚན་རིག་དང་ལག་རྩལ་སློབ་གླིང་གི་གླིང་གཙོ་དང་། རྒྱལ་ཁབ་ཕྱུགས་རྩྭའི་ཐོན་ལས་ལག་རྩལ་ཁྱབ་ཁོངས་ཀྱི་དབུ་བཞུགས་ཚན་རིག་པ་དགེ་རྒན་ཆེན་མོ་ཀྲང་ཡིང་ཅུན་ལ“ཞན་འགྱུར་རྩྭ་ཐང་གི་གདོད་རྣམ་གསབ་འདེབས་གཞུང་ལུགས་དང་ལག་རྩལ། ལག་ཆ། ཉེར་སྤྱོད”ཅེས་པའི་གསར་གཏོད་དཔེ་མཚོན་ལ་བརྟེན་ནས་གཟི་བརྗིད་འདི་ཐོབ་ཅིང་། གྲུབ་འབྲས་དེ་དུས་མཉམ་དུ«མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་རྒོད་ཅན་འགོག་བཅོས་སྤྱི་ཆིངས»ཀྱི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ(UNCCD COP17)ཡི་སྟེང་འགྲེམས་སྤེལ་བྱས་པར་མ་ཟད། གོ་ལ་ཧྲིལ་བོ་ནས་དར་སྤེལ་ཡང་བྱེད་ཐུབ་པ་བྱུང་།
བྱ་དགའ་འདིས་དགེ་རྒན་ཆེན་མོ་ཀྲང་ཡིང་ཅུན་གྱི་རུ་ཁག་གི་ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་ཁྱབ་ཁོངས་ཀྱི་མ་ལག་རང་བཞིན་གྱི་གྲུབ་འབྲས་ལ་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པ་མཚོན་པར་མ་ཟད། གོ་ལ་ཧྲིལ་བོའི་ཐན་སྐམ་ས་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་ལ་དོན་དམ་ལག་བསྟར་བྱས་ཆོག་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཕུལ་བ་རེད།
དགེ་རྒན་ཆེན་མོ་ཀྲང་ཡིང་ཅུན་གྱི་རུ་ཁག་གིས་གཞུང་ལུགས་གསར་གཏོད་དང་བཟོ་རྩལ་ཐོད་རྒལ། ལག་ཆ་ཞིབ་འཇུག་གསར་སྤེལ་མ་ལག་སོགས་གཞི་གཅིག་ཏུ་སྦྲེལ་ནས། གདོད་རྣམ་གསབ་འདེབས(In situ overseeding)ལག་རྩལ་མ་ལག་སྤྱད་པ་རེད། དེ་ནི་སྔོ་ཁེབས་ཀྱི་གདོད་མའི་རྣམ་པ་རྒྱུན་སྲུང་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་སློག་མི་དགོས་པའི་འགེབ་འདེབས་ཐབས་ལམ་སྤྱད་དེ་དམིགས་འབེན་སྐྱེ་དངོས་རིགས་འདེབས་འཛུགས་བྱས་ནས། སྔོ་ཁེབས་གསར་སྒྱུར་ལེགས་བཅོས་མངོན་འགྱུར་བྱེད་ཐབས་ཤིག་ཡིན། སྲོལ་རྒྱུན་གྱི་ས་སློག་མི་དགོས་པའི་གསབ་འདེབས་དང་བསྡུར་ན། ལག་རྩལ་གསར་བ་འདིས་སོན་འདེབས་ཚད50%ཡན་ལ་ཇེ་དམའ་རུ་གཏོང་ཐུབ་ཅིང་། མྱུ་གུ་འབུས་ཚད་ལྡབ1.1གིས་ཇེ་མཐོར་གཏོང་ཐུབ། གསབ་འདེབས་བྱས་རྗེས་སྤུས་ལེགས་ཕྱུགས་རྩྭའི་བསྡུར་ཚད10%མི་འདང་བ་ནས60%ཡན་ལ་སླེབ་ཐུབ་པ་དང་། ཕྱུགས་རྩྭའི་ཐོན་ཚད་ལྡབ1.36འཕར་ཐུབ། གསབ་འདེབས་བྱས་པའི་ལོ3གྱི་རྗེས་སུ་ས་གཤིན་ཁྱོན་ཏན་དང་སྐྱེ་ལྡན་ཐཱན་འདྲེས་ཚད་སོ་སོ12%དང10%འཕར་ཐུབ་པས། སྐྱེ་ཁམས་དང་ཐོན་སྐྱེད་ཀྱི་མཉམ་འབྲེལ་མཐོར་འདེགས་མངོན་འགྱུར་འབྱུང་ཐུབ། མིག་སྔར། ལག་རྩལ་འདི་ནང་སོག་དང་ཧེ་ལུང་ཅང་། ཅི་ལིན། ཧོ་པེ། ཧྲའན་ཞི། ཞིན་ཅང་། བོད་ལྗོངས་སོགས་ཞིང་ལྗོངས་བརྒྱད་དུ་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་སྟེ། ཁྱོན་བསྡོམས་ཉེར་སྤྱོད་རྒྱ་ཁྱོན་སྤྱི་ཆིངས་ཁྲི6ལ་སླེབས་ཡོད།
རྒྱལ་སྤྱིའི་རྩྭ་ཐང་དང་འབྲོག་པའི་ལོ་ཡི་ཀྲུང་གོའི་ཡི་གེའི་སྒྲོག་སྤེལ་བྱ་བའི་ཚོ་ཆུང་གིས་འབྲོག་ཁུལ་གྱི་ན་གཞོན་སྔར་བས་མང་བོ་ཕ་ཡུལ་དུ་ལོག་སྟེ་རྩྭ་ཐང་སྲུང་སྐྱོབ་ལ་ཞུགས་པ་དང་བྱ་གཞག་དར་སྤེལ་གཏོང་བར་སྐུལ་མ་བྱེད་ཆེད། དབྲ་ཁྱུང་དཔལ་བཟང་གི་བྱས་རྗེས་མཉམ་སྤྱོད་བྱས་པ་དང་། བོད་རིགས་འབྲོག་པ་ཧ་ཤུལ་ཀརྨ་ཆོས་མཁས་ཀྱིས་རིག་གནས་ཀྱི་བརྩེ་བའི་མཐོང་སྣེ་ནས་རང་ཉིད་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་ལེན་དངོས་ལ་ཞུགས་པའི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
