logo

བོད་རིས་མཚོན་རྟགས་དང་མི་ལོ་བདུན་གྱི་ནར་སོན།

རྩོམ་པ་པོ།:བྱ་སྟོད་བོད་ཕྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-09-30 ཀློག་གྲངས།:

     ངའི་བརྗོད་གཞི་ནི། སྤྱི་ཚོགས་ཀྱི་ལས་སྒོ་སྣ་ཚོགས་བརྒྱུད་ནས་ད་ལ་ཐུག་གི་བར་དུ། ངས་གང་ཡང་འཚོལ་མྱོང་ཡང་ཅི་ཡང་རག་མ་བྱུང་བ་དང་འདྲ་མོད།  མི་ལོ་བདུན་ལྷག་འདས་ལ་ཉེ་བའི་རིང་དུ་ཕུགས་འདུན་ནམ་རྨི་ལམ་གཞན་ཞིག་རྨིས་པ་ལ་དངོས་གནས་དང་ལྷོད་མ་བྱུང་བར་རྒྱུན་བསྐྱངས་ནས་འོང་བ་ནི། བོད་རིས་མཚོན་རྟགས་གསར་རྩོམ་གྱི་ལས་ཀ་འདི་ཡིན།

     མི་ལོ་བདུན་ལྷག་གི་རིང་དུ་རང་ཉིད་མཚོན་རྟགས་གསར་རྩོམ་གྱི་ཆེད་ལས་སྡེ་ཁག་ཅིག་དང་ཡང་ན་ཆེད་མཁས་པ་གང་རུང་གི་མཛུབ་ཁྲིད་འོག་ལས་རིགས་འདི་ཁོ་ན་གཉེར་ཏེ་ཁ་སོས་ནམ་ལངས་ནས་འགྲོ་བཞིན་པའི་མི་རིགས་གཞན་པའི་མཚོན་རྟགས་ཆེད་མཁས་པ་ཚོ་དང་ནང་བཞིན་འགྲོ་བ་ཞིག་མ་ཡིན་མོད། རྟ་རྒྱུག་རེར་མེ་ཏོག་བཏུ་ཞོར་ཞེས་པའི་དཔེ་ལྟར། རང་སྒེར་བ་གཅིག་པུའི་ངོས་ནས་འཚོ་བའི་མཐུན་རྐྱེན་གྱི་ཆེད་དུ་ལས་སྣེ་སྣ་ཚོགས་ལ་ཞུགས་པ་དང་། འགྲོ་ཞོར་འདུག་ཞོར་གློག་ཀླད་ལས་ཇུས་འགོད་སྣ་ཚོགས་བྱེད་པ་དང་། མཚོན་རྟགས་གསར་རྩོམ་གྱི་གླ་ཚེགས་ཀྱིས་འཚོ་བའི་མཐུན་རྐྱེན་གང་འཚམ་རེ་སྒྲུབ་ཀྱིན་འགྲོ་བ་ཞིག་ཡིན།

     གལ་གནད་ཅིག་ལ་བོད་ཁུལ་ནས་རང་གི་དགའ་ཕྱོགས་ཁོ་ན་དང་རིག་ཚན་བྱེ་བྲག་པ་གཅིག་པུར་བརྟེན་ནས་མི་ཚེ་བསྐྱལ་རྒྱུ་ཕྱོགས་གང་ཐད་ནས་དཀའ་ཁག་ཆེ་ནའང་། ཁ་ངོ་དང་མཐོ་དམན། དབུལ་ཕྱུག་ལ་མ་བལྟས་པར་ངས་ཅི་ཐུབ་གང་ནུས་ཀྱིས་མཚོན་རྟགས་རིན་ཐང་ཅན་རེར་ཨེ་ཐོན་ཐོན་བྱས་པ་ཡིན། ཞོལ་ནས་མི་ལོ་བདུན་གྱི་ཕུགས་བསམ་གྱི་གྲུབ་འབྲས་སམ་བརྩམས་ཆོས་ལེགས་ཤོས་འགའ་འགྲེམ་སྟོན་གྱི་ཚུལ་དུ་ཀུན་ཀྱི་སྤྱན་སྔར་འབུལ་བར་བྱའོ། །

     སྤྱིར་ན་ཆེད་ལས་ཀྱི་བསླབ་ཚན་དང་ཆེད་ལས་དགེ་རྒན་གྱི་སློབ་ཁྲིད་མ་རག་པར་མཚོན་རྟགས་ཆེད་ལས་པ་ཞིག་གི་གོ་སར་ཨུ་ཚུགས་ཀྱིས་འགྲེང་བའི་བདག་ལྟ་བུ་ཞིག་གིས་མཚོན་རྟགས་སྒྱུ་རྩལ་ཐད་ནས་ལབ་པ་མཐའ་དག་དགོད་བྲོ་བའི་གཞི་རུ་འགྱུར་སྲིད་མོད།  དངོས་གནས་ངའི་བསམ་ཚུལ་དང་མྱོང་སྣང་ལ། མཚོན་རྟགས་ཀྱི་རིགས་དབྱེ་དང་བཞེད་ལུགས་སྣ་མང་ཡོད་ནའང་།

     ངས་འཚོལ་སྙེག་བྱེད་ཀྱིན་པའི་མཚོན་རྟགས་རི་མོ་ནི། རི་མོ་ཙམ་དང་རྟགས་ཙམ་ལ་གོ་རྒྱུ་མ་ཡིན་པར། མཚོན་རྟགས་ནི་མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་བློ་གྲོས་ཀྱི་ཉིང་བཅུད་སོགས་མཚོན་བྱ་མཚོན་བྱེད་ཀྱི་རྣམ་པའི་བཟོ་རྩལ་ཁྱད་པར་བ་སྟེ། རྟོག་པ་གཟུགས་འཆར་གྱི་བསྡུས་གཟུགས་ཤིག་ལ་ཡིད་སྨོན་བྱེད་ཀྱི་ཡོད། དེ་ལྟའི་མཚོན་རྟགས་རི་མོ་ཞིག་ལེགས་འགྲུབ་བྱུང་ན་ནི། ལོ་རྒྱུས་ཀྱི་རིན་ཐང་དང་ལྟ་གྲུབ་ཀྱི་རིན་ཐང་། རིག་གནས་ཀྱི་རྒྱབ་ལྗོངས་སོགས་ལྡན་པའི་སྲོག་ལྡན་གྱི་རྡོ་རིང་དངོས་ཞིག་ཀྱང་ལགས་པར་མཐོང་།

     ད་ནི་མཚོན་རྟགས་ཀྱི་འབྱུང་ཁོངས་དངོས་ཤིག་འདེམས་དགོས་ན། ངས་བོད་ཀྱི་སྲོལ་རྒྱུན་ཐང་སྐུའི་རི་མོ་ལས་གཞན་ཞིག་མཐོང་གི་མེད། རྒྱུ་མཚན་ང་ཚོ་བོད་ཀྱི་རིག་གནས་ཡོད་ཚད་ཁ་ནང་བསྟས་ཀྱི་རིག་གནས་ཤིག་ཡིན་ལ། དེའི་ནང་སྲོལ་རྒྱུན་གྱི་རི་མོ་དག་ནི་ནང་དོན་རིག་པའི་ལྟ་སྒོམ་སྤྱོད་གསུམ་གྱིས་ཕྱུག་ཅིང་། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་ལྷ་སྐུ་བཞིན་ལེགས་ཀྱི་རྣམ་པར་བཞེངས་པའང་། མདོར་དེད་ན་མཚོན་བྱ་མཚོན་བྱེད་ཀྱི་ལམ་ནས་ཐུན་མིན་གྱི་རྟོག་པ་གཟུགས་སུ་འཕོས་པ་ལས་བྱུང་བ་མ་གཏོགས་དངོས་གནས་དེ་འདྲ་ཞིག་ཏུ་སྔོན་མ་ནས་པར་ལ་བཏབ་པ་ནང་ཞིན་ཡོད་པ་ཞིག་མ་ཡིན་པར་སྙམ། 

     དེ་བས་ང་ཚོས་བོད་ཀྱི་སྲོལ་རྒྱུན་རི་མོ་ཐང་ཀའི་མཚོན་བྱ་མཚོན་བྱེད་ཀྱི་གོ་བ་རྙེད་རྒྱུ་དེ་ཧ་ཅང་གཙོ་ལ། དེ་ནས་རིམ་བཞིན་འོང་བའི་བོད་ཀྱི་མཚོན་རྟགས་སྔ་ཤོས། སྡོམ་བརྩོན་དམ་པ། རྟགས་བརྒྱད་དང་རྫས་བརྒྱད་བུམ་གཟུགས་སོགས་མང་ལ། ཞི་རྒྱས་དབང་དྲགས་ཀྱི་ཁ་དོག་དང་དབྱིབ་གཟུགས། གདོད་མའི་བོན་ཆོས་ལས་བྱུང་བའི་གཡང་དྲུང་དང་པ་ཏྲའི་རི་མོས་མཚོན་པའི་གཏོར་རིས་སྣ་ཚོགས་དང་། སྲུང་འཁོར་གྱི་ཡིག་རིས་སྣ་ཚོགས་ལ་ལྟ་ཀློག་བྱེད་རྒྱུ་ཧ་ཅང་གཙོ་བ་དང་། དེ་ནས་རྒྱལ་སྤྱིའི་མཚོན་རྟགས་རི་མོའི་འབྲི་ལུགས་སོར་ཡངས་པ་དེ་ཟུར་དུ་སྦྱངས་ཏེ་བྲིས་ན་མཚོན་རྟགས་རི་མོའི་ནང་དོན་དང་མཛེས་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ལེགས་པོ་འབྱུང་སྲིད་པ་མ་གཏོགས། གང་བྱུང་གང་དྲན་དུ་བྲིས་སོང་ན། རིག་གནས་ཀྱི་རྒྱབ་ལྗོངས་དང་མི་རིགས་ཀྱི་ཁྱད་ཆོས་བོར་ནས་གཏད་ས་དང་ཁ་ཕྱོགས་མ་ངེས་པར་ཆགས་འགྲོ་བ་ཞིག་རེད་འདོད།

     འདིར་ཉུང་ཙམ་ཞུས་པའང་རང་དང་ལས་གནས་གཅིག་པའི་སྡེ་ལ་ང་ཚོའི་ཆེད་ལས་ཀྱི་རིན་ཐང་དང་ལམ་ཀ་དེ་མ་ནོར་བ་ཞིག་ཡོང་ཆེད་དུ་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་ཤེས་ཚུལ་ཙམ་ཞུས་པ་ཡིན། ཕན་པ་ཞིག་ཡོད་ན་ལེན་རྐྱང་དང་ནོར་བ་ཡོད་ན་འདོར་རྐྱང་ཡིན་ལགས། མཐར་ཚང་མ་བཀྲ་ཤིས་བདེ་ལེགས་ཞུ།


འབྲེལ་ཡོད་འོས་སྦྱོར།