བོད་ཀྱི་སྲོལ་རྒྱུན་ལྷ་རིས་སྒྱུ་རྩལ་སྐོར་གྱི་དྲི་བ་དྲིས་ལན།
རྩོམ་པ་པོ།:མང་ཚོགས་སྒྱུ་རྩལ་རྩོམ་སྒྲིག་ཁང
ཡོང་ཁུངས།:མང་ཚོགས་སྒྱུ་རྩལ། ༢༠༡༡ལོའི་དེབ་དང་པོ།
དུས་ཚོད།:2022-04-12
ཀློག་གྲངས།:
བོད་ཀྱི་སྲོལ་རྒྱུན་ལྷ་རིས་སྒྱུ་རྩལ་སྐོར་ནས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དཀོན་མཆོག་བསྟན་འཛིན་ལགས་ལ་བཅར་འདྲི་ཞུས་པ།
མང་ཚོགས་སྒྱུ་རྩལ་རྩོམ་སྒྲིག་ཁང་།
སློབ་དཔོན་ཆེན་མོ་དཀོན་མཆོག་བསྟན་འཛིན་ལགས་ནི་ཁམས་དཀར་མཛེས་ཁུལ་ནས་སྐྱེས་ཤིང་། ཆུང་ངུའི་དུས་ནས་རི་མོ་སོགས་འབྲི་བར་ཧ་ཅང་དགའ། དེ་ནས་ནར་སོན་པ་ན་སྔ་ཕྱིར་སློབ་དཔོན་མང་པོ་བསྟེན་ཏེ་བོད་ཀྱི་ལྷ་རིས་སྒྱུ་རྩལ་སྐོར་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་སོགས་ལའང་སྦྱོང་བ་མི་དམན་པ་བྱས། དེའི་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྒྱུ་རྩལ་སྡེ་ཁག་སོགས་འགྲིམས་ནས་རྒྱལ་ཁབ་ཕྱི་ནང་གི་རི་མོ་སྐོར་གྱི་གཞུང་ལུགས་དང་ལག་ལེན་སོགས་ལ་སྦྱོང་བ་གནད་དུ་ཐིངས་པ་བྱས། བྱ་བའི་དངོས་གཞིའི་སྟེང་ནས་དགེ་རྒན་དང་ཡིག་སྒྱུར་བ། ཞིབ་འཇུག་པ་སོགས་ཀྱི་ལས་ཀ་སྣ་ཚོགས་གཉེར་མྱོང་། སྲིད་ཀྱི་ཕྱོགས་ནས་དཀར་མཛེས་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁུངས་དང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་བཅས་ཀྱི་འགན་ཁུར་མྱོང་བ་མ་ཟད། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཡང་ཁུར་མྱོང་། ད་ལྟ་ལྷོ་ནུབ་མི་རིགས་སློབ་ཆེན་དངོས་མང་བཤམས་སྟོན་ཁང་གི་མོ་བ་དང་སློབ་དཔོན་ཆེན་མོའི་འགན་གཅིགས་སུ་བཞེས་མུས་ཡིན། བྱ་བའི་གྲུབ་འབྲས་ཀྱི་ཐད་ནས་བརྗོད་ཀྱི་མི་ལངས་པ་ཡོད་པ་དང་། དེ་ལས་རེ་གཉིས་ཙམ་དམིགས་སུ་བཀར་ནས་གླེང་ན་མཚོ་སྔོན་གྱི«ཀྲུང་གོའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཞལ་ཐང་ཀུན་འདུས་ཆེན་མོ»དང་། དཀར་མཛེས་ཁུལ་གྱི«གེ་སར་སྟོང་ཐང་ཆེན་མོ»སོགས་ལས་གཞི་ཆེན་མོ་རྣམས་སུ་ཞུགས་མྱོང་བ་མ་ཟད། ཁོང་གིས་མཛད་པའི་ལྗགས་རྩོམ་ཆེན་མོ«བཟོ་གནས་སྐྲ་རྩེ་ཆུ་ཐིགས»དང«བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ»(སྟོད་ཆ་དང་སྨད་ཆ)སོགས་ཀྱི་མཚོན་པའི་བརྩམས་ཆོས་ལ་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་དང་བསྟོད་བསྔགས་ཆེན་པོ་བྱེད་བཞིན་ཡོད། ལྷག་ཏུ«བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ»འདིར་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་དང་། རིག་གནས་ཕྱིར་བསྒྲགས་ཀྱི་རིན་ཐང་། ལག་ཤེས་སྒྱུ་རྩལ་དར་སྤེལ་གྱི་རིན་ཐང་། གནའ་རྫས་ངོ་སྤྲོད་ཀྱི་རིན་ཐང་། དེང་གི་བཟོ་སྐྲུན་མི་ནུབ་གོང་དུ་སྤེལ་བའི་རིན་ཐང་སོགས་བླ་ན་མེད་པ་ལྡན་པའི་ཁར་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་འདི་འཛམ་གླིང་མི་དམངས་ཀྱི་མདུན་དུ་ཡིག་རིས་གཉིས་ཆར་ནས་བསྟར་ཐུབ་པ་བྱུང་བས་རྗེས་སུ་ཡིད་རངས་པ་རེད།
༢༠༡༠ལོའི་སྟོན་གཞུག་ཏུ་ང་ཚོ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ལྷན་རྒྱས་སི་ཁྲོན་གྱི་བོད་ཁུལ་དུ་རིག་གནས་རྟོག་ཞིབ་ཏུ་འགྲོ་བའི་ལམ་ཁར་དར་རྩེ་མདོ་ནས་རྒན་དཀོན་མཆོག་བསྟན་འཛིན་ལགས་དང་ཕྲད་བྱུང་། སྐབས་དེར་ཁོང་ལ་བྲེལ་བ་ཧ་ཅང་ཆེན་ནའང་ང་ཚོའི་མཉམ་དུ་བོད་ཀྱི་རིག་གནས་སྐོར་གྱི་གླེང་མོལ་སྣ་ཚོགས་བྱས་ཤིང་། གཤམ་དུ་བཀོད་པ་རྣམས་ང་ཚོས་ཁོང་ལ་ཆེད་དམིགས་ཀྱི་དྲིས་པ་ཡིན།
དྲི་བ། རིག་གནས་བཅུའི་དབང་དུ་བཏང་ན་དམངས་ཁྲིད་རྩིམ་རིག་དེ་ངག་བཟོའི་ཁོངས་སུ་བསྡུ་གི་འདུག་དེར་ལུང་རིགས་ཀྱི་རྒྱབ་བརྟེན་ག་འདྲ་ཡོད།
དྲིས་ལན། སྤྱིར་དེང་དུས་ཀྱི་ཤེས་བྱ་ཐམས་ཅད་རིག་གནས་བཅུའི་ཁོངས་སུ་འདུ་བའི་ངེ་པ་དཀའ། འོན་ཀྱང་། བོད་དམངས་ཁྲོད་ཀྱི་རྩོམ་རིག་དེ་སྲོལ་རྒྱུན་གྱི་རིག་གནས་ཤིག་ཡིན་ཕྱིན། རིག་གནས་བཅུའི་ཁོངས་སུ་བསྡུ་དགོས་པ་འདྲ་ཞིང་། བྱེ་བྲག་ངག་བཟོའི་ཁོངས་སུ་གཏོགས་ན་མི་འགྲིག་པ་མེད་པ་ནི། སྙན་ངག་དང་སྡེབ་སྦྱོར་སོགས་ངག་གི་སྦྱོར་བ་ཐམས་ཅད་ངག་བཟོས་ཁོངས་སུ་འདུ་ཚུལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་ཤེས་བྱ་ཀུན་ཁྱབ་ཀྱི་ལུས་ངག་ཡིད་གསུམ་གྱི་བཟོ་ལས་གསལ་བོར་གསུངས་པ་བཞིན་ནོ། །
དྲི་བ། ཁམས་ཕྱི་སུ་བོད་ཀྱི་གཙུག་ལག་ཁང་མ་ཟད། ཁྱིམ་པ་པལ་བའི་སྡོད་ཁང་སོགས་ཀྱང་ཚོན་ཁྲ་སྣ་ཚོགས་ཀྱིས་སྤྲས་ཡོད། ཡིན་ནའང་ཨ་མདོ་སོགས་ས་ཆ་ཁ་ཤས་སུ་གཙུག་ལག་ཁང་ལས་གྲོང་ཁྱིམ་ཕལ་བ་ཚོན་ཁྲ་སྣ་ཚོགས་ཀྱིས་སྤྲས་མི་རུང་བའི་ལྟ་ཚུལ་རྙིང་བ་ཞིག་ཡོད། དེར་ལྟ་ཚུལ་ཅི་ཞིག་ཡོད།
དྲིས་ལན། བོད་ཁམས་ཀྱི་ཡུལ་གྲུ་སོ་སོ་ལ་རྒྱན་གོས་དང་། རི་མོ། བཟོ་སྐྲུན། མཛེས་སྣང་གི་ལྟ་བ་ཐམས་ཅད་ལ་ཁྱད་པར་ཆེན་པོ་ཡོད་པས་མཐའ་གཅིག་ཏུ་བཤད་དཀའ་བས། རང་གནས་ཀྱི་ཡུལ་སྲོལ་ལྟར་རྒྱན་རིས་བསྡུས་མ་རེ་བྲིས་ནའང་མི་འགྲིག་པ་ཅི་ཡོད། ཡིན་ན་ཡང་། ཁྱིམ་པ་ཕལ་པའི་སྡོད་ཁང་ལ་གཙུག་ལག་ཁང་གི་ནང་རྒྱན་དང་འདྲ་བའི་རྐོས་རིས་རྒྱས་སྤྲོས་དང་། ཁྱད་པར་དུ་གཞིའི་ཁ་དོག་དམར་སེར་བྱེད་པ་དང་། ཆེས་སྡེ་སྣོད་གསུམ་མཚོན་བྱེད་ཀྱི་རི་མོ་རི་དྭགས་ཆོས་འཁོར་སོགས་གང་དགར་བྲིས་ནས་འབྲི་བྱ་འབྲི་ཡུལ་དང་འགལ་བའི་རིགས་ནི་རིང་དུ་སྤངས་དགོས་སྙམ།
དྲི་བ། ད་ལྟ་བོད་ཀྱི་ལྷ་རིས་སྒྱུ་རྩལ་འདི་ཕྱོགས་ཡོངས་ནས་ཚོང་རྫས་ཅན་གྱི་ལམ་དུ་བསྐྱོད་བཞིན་ཡོད། འདི་ལྟར་བྱས་ན་མཇུག་འབྲས་ཅི་ལྟ་བུ་ཞིག་ཡིན་ནམ།
དྲིས་ལན། སྤྱིར་དེང་གི་འཁོར་ཕྱོགས་ལ་བལྟས་ན། བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་དངོས་པོ་ཚོང་རྫས་ཅན་དུ་འགྱུར་བར་ཟློག་ཏུ་མེད་ལ། བཟོ་དངོས་ཀྱི་རྒྱུ་སྤུས་དང་རིན་ཐང་ཐམས་ཅད་ཚད་དང་ལྡན་པ་བྱེད་པ་ལ་དགག་བྱར་མ་མཐོང་། ཡིན་ནའང་། ལྷ་རིས་སྒྱུ་རྩལ་ལས་བྱུང་བའི་དངོས་པོ་ཕལ་ཆེ་བ་ནི་སྐུ་གསུམ་ཐུགས་ཀྱི་རྟེན་དང་མཆོད་པའི་ཞིང་ས་ཡིན་ཕྱིན། ཚོང་རྫས་དཀྱུས་མ་ཞིག་དང་འདྲ་བའི་འགྲོ་གྲོན་ཆུང་ཐབས། བཟོ་ཡུན་ཐུང་ཐབས། དངོས་རྫས་དང་མི་མཐུན་པའི་རིན་གོང་ཚད་ལས་བརྒལ་བ་བརྒྱབ་ན། ཆོས་དང་འཇིག་རྟེན་གང་གི་ཐད་ནས་བསམ་ཡང་མི་འོས་པ་ཞིག་དང་། འདི་ཕྱི་གཉིས་ཀ་ཕུང་བའི་རྒྱུར་འགྲོ་ཉེན་ཆེ་བ་མིན་ནམ་སྙམ།
དྲི་བ། བོད་ཀྱི་ལྷ་རིས་སྒྱུ་རྩལ་འདི་ཅི་ལྟར་གནའ་བཟང་དེང་སྤྱོད་བྱེད་རྒྱུ་དང་། ཇི་ལྟར་ཉམས་པ་སོར་ཆུད་དང་། མ་ཉམས་གོང་སྤེལ་བྱེད་རྒྱུ།
དྲིས་ལན། གང་བཞེངས་པའི་སྐུ་ཐམས་ཅད་སྐུ་གཟུགས་ཀྱི་ཐིག་རྩ་དང་། སྐུ་མདོག ཉམས་འགྱུར། ཕྱག་མཚན། རྒྱན་གསོ། ལྷ་གྲངས་དགོད་སྟངས་ཐམས་ཅད་གཞུང་དང་མི་འགལ་བ་བྱེད། རས་གཞི་དང་། ཚོན་གྱི་རྒྱུ་དང་ལག་ལེན། མདངས། བཅས་རིས། ཞིབ་ཚགས་ཐམས་ཅད་བོད་ལུགས་མ་འཕྱུགས་པ་བྱེད། ཡོད་ཚད་དངོས་རྫས་ཀྱི་རྒྱུ་སྤུས་དང་མཐུན་པ་བཅས་ཏེ། བྱེད་པ་འདི་གསུམ་བྱེད་ཐུབ་ན་གནའ་ལས་ད་བཟང་ཞིག་ཡོང་ངེས་རེད་སྙམ།
འདི་གསུམ་ཡོང་བའི་རྩ་བ་ནི་ལྷ་བཟོ་བའི་སློབ་སྦྱོང་ལ་རག་ལས་པས། ལྷ་བཟོ་བ་ལ་ལག་ཤེས་ཡག་པོ་ཡོད་པ་ཙམ་དུ་མ་ཟད་རིག་གནས་ཅན་ཞིག་དང་བློ་སྦྱོང་ལ་ཕྲན་བུ་རེ་ཤེས་པ་ཅན་ཞིག་ཏུ་འགྱུར་གང་ཐུབ་བྱེད་རྒྱུ་ནི། རང་རིགས་ཀྱི་ཐུན་མོང་མ་ཡིན་པའི་བཟོ་རྒྱུན་འདི་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་བྱེད་རྒྱུ་འགག་རྩའི་འགག་རྩ་རེད་སྙམ།
དྲི་བ། ད་ལྟ། དངོས་ཟོག་མཐའ་དག་གི་ཐོག་ཏུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བཀོད་པ་ལ་ལྟ་ཚུལ་གང་འདྲ་ཞིག་ཡོད།
དྲིས་ལན། ང་ཚོ་ལ་སངས་རྒྱས་བྱང་སེམས་དངོས་སུ་འཇལ་བའི་འདུ་ཤེས་ཀྱིས་གུས་པ་དང་མཆོད་པ་བྱེད་ན། སངས་རྒྱས་དངོས་ཀྱི་བྱིན་རླབས་འབྱུང་བ་མདོ་ལས་གསུངས།
ད་ལྟ། ཚོང་རྫས་དང་སྨན་རྫས། དེའི་ཤུན་པ་བཅས་ལ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དཔར་ནས། གད་སྙིགས་དང་གསང་སྤྱོད་ཁང་སོགས་གང་ལ་འཐོར་བ་དང་། རྡོག་རྫི་བྱེད་པ་ནི་ཤིན་ཏུ་མ་རུང་པ་ཞིག་སྟེ། བློ་ལྡན་སྐྱེ་བོ་ཀུན་གྱིས་བྱ་བ་དེ་ལ་ནན་ཏན་གྱིས་དགག་དགོས་པ་འདུག་སྙམ་མོ། །
འབྲེལ་ཡོད་འོས་སྦྱོར།