logo

ཀརྨ་སྒར་བྲིས་ལུགས་ཀྱི་དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག་ལ་དཔྱད་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཀླུ་འབུམ་བྱམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-16 ཀློག་གྲངས།:
༄༅། །དུས་རབས་བཅོ་བརྒྱད་པའི་ཀརྨ་སྒར་བྲིས་ལུགས་ཀྱི་དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག་ལ་དཔྱད་པ།
ཚེ་རིང་སྒྲོལ་མ། ཀླུ་འབུམ་བྱམས།

ནང་དོན་གནད་བསྡུས། རྩོམ་འདིར་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཁམས་པ་སྒར་དུ་ཉར་བའི་དུས་རབས༡༨པའི་ལྷ་རིས་པ་གྲགས་ཆེན་ཆོས་བཀྲ་ཤིས་ཀྱིས་བཞེངས་པའི་འབྲུག་པ་བཀའ་བརྒྱུད་གསེར་ཕྲེང་མུ་འབྲེལ་ཐང་ག་ལས་དྭགས་པོ་ལྷ་རྗེའི་ཐང་ག་གཞིར་བཟུང་སྟེ། ཐང་གའི་རི་མོ་ལ་འགྲེལ་བརྗོད་བྱས་ཏེ་འདི་ལས་མངོན་པའི་ཆོས་ལུགས་དང་ལོ་རྒྱུས་རིག་གནས་ཀྱི་དོན་སྙིང་གསལ་བཤད། ལྷག་དོན་རི་མོའི་སྒྲིག་གཞི་དང་མི་སྣའི་ཉམས་འགྱུར། རྒྱབ་ལྗོངས་མཛེས་སྤྲོས། ཚོན་མདངས་དང་འབྲི་ལུགས་བཅས་ཀྱི་སྒྱུ་རྩལ་མཚོན་ཐབས་ཀྱི་ངོས་ནས་ཐང་གའི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ཤིང་། མཐར་ལྷ་རིས་པ་ཆོས་བཀྲ་ཤིས་ཀྱི་བྲིས་ལུགས་ཁྱད་ཆོས་ལ་དཔྱད་འཇོག་བྱས་པ་བརྒྱུད། ཁོང་གི་ཐུན་མོང་མ་ཡིན་པའི་བྲིས་ལུགས་ཁྱད་ཆོས་ནི་ཀརྨ་སྒར་བྲིས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་གལ་ཆེ་བའི་གོ་གནས་ཟིན་ཡོད་ཅིང་བྲིས་རྒྱུན་དེའི་འཕེལ་འགྱུར་ལའང་དོན་སྙིང་བླ་ལྷག་ཏུ་ལྡན་པ་གསལ་བརྗོད་བྱས་འདུག
བརྡ་ཆད་གཙོ་བོ། ཀརྨ་སྒར་བྲིས་ལུགས། དྭགས་པོ་ལྷ་རྗེ། རྣམ་ཐར་ཐང་ག

       ཀརྨ་སྒར་བྲིས་ནི་བོད་ཀྱི་རི་མོ་བྲིས་རྒྱུན་ཆེན་པོ་ལྔའི་ཡ་གྱལ་ཞིག་ཡིན་ལ། བྲིས་རྒྱུན་འདི་ཉིད་འཕེལ་རྒྱས་ཀྱི་གོ་རིམ་ནང་ཐོག་མའི་དུས་སུ་སྒར་ལུགས་ཞེས་སུ་གྲགས། ཀརྨ་སྒར་བྲིས་ཞེས་པའི་ཀརྨ་ནི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ཁྲོད་ཀྱི་ཀརྨ་བཀའ་བརྒྱུད་པའི་བསྡུས་མིང་ཡིན། སྒར་བྲིས་ཀྱི་སྔོན་དུ་ཀརྨ་ཞེས་སྦྱར་དགོས་དོན་ཡང་བྲིས་རྒྱུན་འདི་ཉིད་ཆེས་ཐོག་མར་སྲོལ་ཕྱེས་པ་ནས་བཟུང་རྒྱུན་འཛིན་བྱེད་མཁན་གཙོ་བོ་ནི་ཀརྨ་པའི་བླ་མ་དགེ་བཤེས་ཡིན་པ་མ་ཟད། བྲིས་རྒྱུན་དར་སྤེལ་བྱུང་ས་གཙོ་བོའང་ཀརྨ་བཀའ་བརྒྱུད་པའི་དགོན་སྡེ་ཡིན་པས་ན་དེ་ལྟར་བརྗོད། སྒར་ནི་དམག་སྒར་དང་གུར་ཚོགས་ཀྱི་དོན་ལ་འཇུག་ཅིང་། དེ་ཡང་བཀའ་བརྒྱུད་པས་ཆོས་ཚོགས་དང་དུས་སྟོན་གྱི་སྐབས་སུ་གུར་ཆེན་ཕུབ་པའི་སྲོལ་ཡོད་པས་ཀརྨ་པའི་བྲིས་རྒྱུན་འདི་ལ་སྒར་བྲིས་ཞེས་པའི་མིང་ཐོགས་ལ། ཀརྨ་སྒར་བྲིས་བྱུང་འཕེལ་གྱི་གོ་རིམ་ཁྲོད་ངོ་བོ་དབྱེར་མེད་དུ་བཀའ་བརྒྱུད་པ་དང་དམ་དུ་འབྲེལ་ཡོད་པ་གསལ་པོར་རྟོགས་ཐུབ།
       བྲིས་རྒྱུན་འདི་ནི་དུས་རབས༡༦པའི་མཇུག་ཏུ་ཀརྨ་བཀའ་བརྒྱུད་ཀྱི་བླ་མ་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་བྱ་བས་སྲོལ་བཏོད་ཅིང་། དེ་ནས་བཟུང་ཁམས་ཕྱོགས་ཀྱི་ཆབ་མདོ་ལྟེ་བ་བྱས་ཏེ་བོད་ལྗོངས་ཤར་ཕྱོགས་དང་བྱང་ཐང་གི་ཤར་མཐའ་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཆེན་པོ་བྱུང་། ཕྱིས་སུ་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ༡༦༠༤ནས༡༦༧༤དང་སི་ཏུ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་འབྱུང་གནས༡༧༠༠ནས༡༧༧༤ཀྱིས་འབད་འབུངས་ལས་བྲིས་རྒྱུན་འདི་ཉིད་རྒྱ་ཁྱབ་ཏུ་དར་ཅིང་སྔར་ལས་གོང་འཕེལ་ཆེན་པོར་ཕྱིན། དེ་ཡང་། བྲིས་རྒྱུན་འདི་ལ་སྒྱུ་རྩལ་མཚོན་སྟངས་ཐུན་མོང་མ་ཡིན་པ་ཆགས་པར་རྒྱུ་རྐྱེན་རྣམ་པ་གཉིས་ཡོད་དེ། གཅིག་ནི་སྨན་ལུགས་ཀྱི་འབྲི་རྩལ་རྒྱུན་འཛིན་དང་གཅིག་ཤོས་ནི་མིང་ཆིང་སྐབས་ཀྱི་རྒྱའི་རི་མོ་འབྲི་ལུགས་ཀྱིས་ཤུགས་རྐྱེན་ཐེབས་ཡོད།[1] དེ་ནི་ལྷ་སྐུ་བཞེངས་སྲོལ་ཐད་སྨན་ཐང་ལུགས་ཀྱི་ཁྱད་ཆོས་རྒྱུན་འཛིན་དང་། རང་བྱུང་ཡུལ་ལྗོངས་ཀྱི་མཚོན་སྟངས་ཐད་མིང་རྒྱལ་རབས་ཀྱི་ཞིབ་འབྲི་རི་མོའི་ཁྲོད་ཀྱི་ལྡུམ་ར་དང་བྲག་རྡོ། ཆུ་ཕྲན། ལྗོན་ཤིང་། མེ་ཏོག་སོགས་ཀྱི་མཚོན་ཐབས་བསྡུ་ལེན་བྱས་ཏེ་མི་སྣར་ཉམས་འགྱུར་དོད་ཅིང་གསོན་ཤུགས་ལྡན་པར་བཏང་ཡོད་པ་མ་ཟད། སྒྲིག་གཞི་ལ་སྔར་བས་རང་དབང་ལྡན། རྒྱབ་རིས་མཛེས་སྤྲོས་ནི་རང་བྱུང་དངོས་བྲིས་ལུགས་སུ་མཚོན་ཞིང་རི་ཆུ་ནགས་གསུམ་དང་ཚོན་མདངས་རྣམ་པར་བཀྲ་བའི་འབྲི་རྩལ་གྱིས་བཞེངས་པས། ལྷད་མེད་དྭངས་གཙང་དང་གསོན་ཉམས་ལྡན་པའི་ཚོར་བ་བཅོས་མིན་དུ་སྟེར་ཐུབ། འདི་ནི་སྐབས་དེར་དར་ཆེ་བའི་སྨན་ཐང་ལུགས་ཀྱི་རི་མོའི་རྣམ་པ་དང་ཡེ་ནས་མི་འདྲ་སྟེ། བྲིས་རྒྱུན་འདི་ལ་བརྗིད་ཆགས་ཡིད་དུ་འོང་བའི་སྒྱུ་རྩལ་གྱི་ཁྱད་ཆོས་མངའ་བ་མ་ཟད། དངོས་ཡོད་རིང་ལུགས་ཀྱི་མཚོན་ཐབས་ལས་རི་ཆུ་ནགས་གསུམ་གྱི་ཡིད་ཁམས་ཕུན་སུམ་ཚོགས་པ་ལྡན་ཡོད། འོན་ཏེ་བརྗོད་གཞིར་གྱུར་པའི་ཀརྨ་སྒར་བྲིས་ཀྱི་ལྷ་བྲིས་པ་གྲགས་ཆེན་བཀྲ་ཤིས་རྣམ་གསུམ[2]ལས་ཆོས་བཀྲ་ཤིས་ཀྱི་བརྩམས་ཆོས་གྲགས་ཅན་དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག[3]ནི་བྲིས་རྒྱུན་འདི་ཉིད་དར་བའི་རྩེར་སོན་པའི་དུས་སྐབས་སུ་བྲིས་པའི་ཚབ་མཚོན་རི་མོ་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། ཕུལ་དུ་བྱུང་བའི་རི་མོའི་ཇུས་བཀོད་དང་ཕུན་སུམ་ཚོགས་པའི་བརྗོད་བྱའི་ནང་དོན། གཞན་དྲིང་མི་འཇོག་པའི་བྲིས་རྩལ་བཅས་ཀྱིས་དུས་རབས་བཅོ་བརྒྱད་པའི་ཀརྨ་སྒར་བྲིས་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་དང་བྲིས་རྒྱུན་ཁྱད་ཆོས་གསལ་པོར་མངོན་ཡོད།
གཅིག དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་གའི་ནང་དོན།
       དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་གའི་གཙོ་སྐུ་ནི་རྗེ་བཙུན་མར་པ་དང་མི་ལ་རས་པའི་དུས་མཉམ་དུ་བྱུང་ཞིང་དེ་དག་གི་དྲུང་དུ་བཀའ་བརྒྱུད་པའི་རིང་ལུགས་རྒྱུད་འཛིན་དང་དར་སྤེལ་བྱས་ཏེ་དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའི་སྲོལ་འབྱེད་མཁན་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་ཡིན་ལ། ཁོང་ནི་རྗེ་བཙུན་མི་ལའི་ཐུགས་སྲས་ཡིན་པར་གྲགས། འདིར་ཁོང་གི་མི་ཚེའི་མཛད་རྣམ་མདོར་དྲིལ་ན། དྭགས་པོ་ནི་བོད་ལྗོངས་ལྷོ་ཕྱོགས་ཀྱི་ས་མིང་ཞིག་ཡིན་པ་མ་ཟད། དྭགས་པོ་ལྷ་རྗེ་ཡིས་མཛད་འཕྲིན་སྤེལ་སའི་ཡུལ་ལུང་དེའང་ཡིན། ལྷ་རྗེ་ནི་སྨན་པའི་གོ་མིང་དང་ཞེ་སར་འབོད་ཅིང་། དྭགས་པོ་ལྷ་རྗེ་སྐུ་ན་ཕྲ་དུས་སྨན་པ་མཛད་མྱོང་བ་མ་ཟད་ཡུལ་དེར་མཚན་སྙན་ཅུང་ཟད་རྒྱས་ཡོད་པས་ན་མི་རྣམས་ཀྱིས་གུས་པ་མཚོན་ཆེད་མཚན་ལ་ལྷ་རྗེ་ཞེས་འབོད། ཕྱིས་སུ་སྒམ་པོ་དགོན་དུ་གནས་གཞི་བཟུང་སྟེ་འཆད་ཉན་སྤེལ་བས་ན་སྒམ་པོ་པ་ཞེས་སུ་གྲགས་ཤིང་། བོད་ཀྱི་ཡིག་ཚང་ལ་ལར་སྒམ་པོ་པ་དྭགས་པོ་ལྷ་རྗེ་ཞེས་འབྱུང་།
       ཁོང་སྐུ་ན་ཕྲ་དུས་ནས་གསོ་རིག་དང་སྔགས་ལ་སྦྱངས་བརྩོན་མཛད་པས་མཁས་པར་གྱུར་པ་དང་། སྨན་བཅོས་གཙོ་བོར་བྱས་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད་པས་མཉམ་མེད་དྭགས་པོ་ལྷ་རྗེ་ཞེས་པའི་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ། དགུང་ལོ་ཉི་ཤུ་སྐོར་ནས་ཁབ་བཞེས་པས་སྲས་དང་སྲས་མོ་གཉིས་ཙམ་བྱུང་རུང་སྔ་རྟིང་དུ་སྐུ་ཚེ་མ་ཟིན། དེ་ནས་སླར་ཡང་སྐུ་ཟླ་དེ་ཉིད་བསྙུན་གཞི་ལྕི་བས་མནར་ཏེ་བཅོས་ཐབས་ཇི་ལྟར་མཛད་ཀྱང་མ་ཕན་པར་སྐུ་ཚེའི་འདུ་བྱེད་བཏང་བས་ཐུགས་ཡིད་ཤིན་ཏུ་སྐྱོ་སྟེ་དགུང་གྲངས་ཉེར་དྲུག་སྟེང་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་བསྒྲུབས་ནས་མཚན་ལ་དགེ་སློང་བསོད་ནམས་རིན་ཆེན་དུ་གསོལ། ཐོག་མར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་དམ་ཆོས་འདུལ་བ་སོགས་ལ་གསན་སྦྱོང་མཛད་ཅིང་། རབ་འབྱམས་གཞུང་ལུགས་ལ་བྱང་ཆུབ་པ་བྱུང་། དགུང་གྲངས་སུམ་ཅུ་སོ་གཅིག་ལ་ཕེབས་སྐབས་གནས་སྐོར་བ་འགའ་ལ་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་འདྲི་བརྩད་གནང་རྗེས་ཐུགས་ལ་མ་ཕྱེད་པའམ་དད་པ་འཁྲུངས་ཏེ་ལམ་གྱི་དཀའ་བ་ཁྱད་དུ་བསད་ནས་རྗེ་བཙུན་མི་ལ་རས་པའི་དྲུང་དུ་ཕེབས་ནས་བཀའ་བརྒྱུད་ཀྱི་ཆོས་སྐོར་དུ་མ་གསན་ཏེ་ཐུགས་སྲས་དམ་པར་གྱུར། ཟླ་ངོ་བཅུ་གསུམ་ཙམ་གྱི་རིང་དུ་གསང་སྔགས་ཀྱི་གདམས་པ་མཐའ་ཡས་པའི་ལུང་ཐོབ་ཅིང་གྲུབ་པའི་མཚན་མའང་དུ་མ་བྱུང་། དེ་ནས་བླ་མ་དམ་པ་རྗེ་བཙུན་མི་ལའི་བཀའ་ལུང་ལྟར་རང་གི་འཁྲུངས་ཡུལ་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད་ཅིང་། ༡༡༢༡ལོར་དྭགས་ལྷ་སྒམ་པོ་ཞེས་པའི་གནས་དེར་དྭགས་པོ་བཀའ་བརྒྱུད་ཀྱི་མ་དགོན་དུ་གྲགས་པའི་སྒམ་པོ་དགོན་གསར་དུ་བཏབ། ལོ་ངོ༣༠རིང་ལ་རྒྱུན་བཞུགས་ཀྱིས་དགོན་བདག་མཛད་དེ་བསྟན་པའི་རྗེས་འཇུག་དུ་མ་བསྐྱངས་ཤིང་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། རིམ་གྱིས་དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའི་ལུགས་སྲོལ་ཆགས་ཏེ་བཀའ་བརྒྱུད་པའི་འཕེལ་རྒྱས་དང་དར་སྤེལ་ལ་ནུས་པ་ཆེན་པོ་ཐོན་ལ།ཁོང་གི་མཚན་སྙན་དང་མཛད་འཕྲིན་ཡང་དབུས་གཙང་མདོ་ཁམས། ཡུན་ནན། དེ་བཞིན་སོག་པོའི་ཡུལ་གྲུ་ཀུན་ཏུ་ཁྱབ་ཅིང་རྒྱས་པར་གྱུར།[4]
       ཐང་གའི་སྟེང་གི་དྭགས་པོ་ལྷ་རྗེ་ནི་གཙོ་སྐུ་བྱས་ཏེ་དབུས་སུ་བཞུགས་ཤིང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅོས་ཏེ་བཞུགས་ཁྲིའི་སྟེང་དུ་རྡོ་རྗེ་སྐྱིལ་དྲུང་གི་རྣམ་པས་བཞུགས། གཙོ་སྐུའི་ཞལ་ངོས་དྭངས་ཞིང་གསལ་ལ་བརྗིད་པའི་ཉམས་ཀྱིས་ཕྱུག་ཅིང་། སྤྱན་དཀྱུས་ཕྲེད་དུ་རིང་ལ། སྐུ་གཟུགས་རང་བཞིན་བབ་ཆགས་ཀྱི་ཟོལ་གྱིས་བཞུགས་ཤིང་ཉམས་བརྗིད་ཀྱིས་ཕྱུག་ཡོད། དབུ་ལ་དྭགས་ཞྭ་གསོལ་ཞིང་ལུས་ལ་སྟོད་འགག་མནབས་འདུག དེའི་སྟེང་དུ་གཟན་གོས་གྱོན་ཡོད་པ་མ་ཟད་དཀྱིལ་ཀྲུང་བྱས་པའི་ཞབས་ཟུང་གི་སྟེང་དུ་ཆོས་གོས་སེར་པོས་གཡོགས་འདུག གཙོ་སྐུའི་དབུ་འོད་ཁ་དོག་སྔོ་ལྗང་གིས་བརྒྱན་ཞིང་། བཞུགས་ཁྲིའི་རྒྱབ་འོད་ནི་གཡུ་འབྲུག་བརྒྱད་རང་བཞིན་གྱིས་འཁྱིལ་བའི་ཟོལ་གྱིས་སྒྲོམ་དབྱིབས་ཀྱི་འོད་ཟེར་འཕྲོ། འགྱོགས་ཤིང་གི་སྟེང་ལ་རིན་ཆེན་མུ་ཏིག་གིས་བརྒྱན་ཞིང་དེའི་མཐའ་བཞིར་འདབ་བརྒྱད་གྲོལ་བའི་པདྨ་དང་ལང་ལོང་གཡོ་བའི་སྤྲིན་ཕུང་གིས་ཟུར་བརྒྱན། གཞན་ཡང་ཞིབ་ཅིང་དག་པའི་ཐིག་རིས་དང་གསེར་མདོག་ལྡན་པའི་ཐིག་ཚོན་སོགས་ཀྱིས་བཞུགས་ཁྲི་དེ་ཉིད་མཛེས་སྡུག་ཡིད་དུ་འོང་ཞིང་དངོས་སྣང་གི་ཚོར་བ་བཅོས་མིན་དུ་སྟེར་བ་མ་ཟད། གཙོ་སྐུའི་བརྗིད་བག་དང་གཟི་རྔམ་དེ་ལས་ཀྱང་གསལ་པོར་མངོན་ཡོད། གཙོ་སྐུའི་མདུན་དུ་མཆོད་ཁྲི་བཞག་འདུག་ཅིང་དེའི་སྟེང་དུ་བུམ་པ། སྤོས་གཞོང་། ནོར་བུ། གླ་སྒང་། མཆོད་པ། ཀ་པཱ་ལ་སོགས་མཆོད་ཆས་བཤམས་འདུག་ལ། དེ་ལས་གཞན་པའི་བར་སྟོང་དུ་ལྷ་རྗེ་ཉིད་ཀྱིས་ཐོས་བསམ་དང་སྒྲུབ་པ་ཉམས་ལེན་མཛད་པ། རྟོགས་པའི་མཚན་མ་བསྟན་པ། ཆོས་འཁོར་བསྐོར་བ་སོགས་ཀྱི་གཏམ་རྒྱུད་བརྗོད་པའི་རི་མོ་རིམ་པ་བཞིན་བྲིས་ཡོད།
       ཐང་ག་ལས་གཏམ་རྒྱུད་བྱུང་བ་བརྗོད་པའི་རི་མོའི་གོ་རིམ་ནི་གཙོ་སྐུའི་གཡས་ཀྱི་སྨད་ངོས་ནས་མགོ་བརྩམས་ནས(རི་མོ༢ པ/E༡༠)གཡས་བསྐོར་གྱི་རྣམ་པའི་རིམ་བཞིན་བཀྲལ་ཏེ་མཐའ་མཇུག་གཙོ་སྐུའི་སྨད་ཕྱོགས་སུ་མཇུག་སྒྲིལ་ཡོད་པ།(རི་མོ༢ པ/E ༡༠ནས༡༢)རི་མོ་ཧྲིལ་པོར་བོད་ཡིག་གི་མཆན་བྱང་ཡིག༤༢ཙམ་འཁོད་འདུག་ཅིང་། རི་མོའི་ནང་དོན་དང་ཐོ་ཡིག་གི་བརྗོད་བྱར་གཞིར་བྱས་ན་དམ་པ་ཁོང་གི་མཛད་པ་ཆེན་པོ་ཁག་ལྔར་དབྱེ་ཆོག་སྟེ།
       ཁག་དང་པོ་ནི་དྭགས་པོ་ལྷ་རྗེ་ཡིས་རྗེ་བཙུན་མི་ལ་བླ་མར་བསྟེན་ནས་གསང་སྔགས་ལ་ཐོས་བསམ་བྱས་པའི་མཛད་པའི་ཚུལ་སྟེ། དྭགས་པོ་ལྷ་རྗེའི་རྣམ་ཐར་ལས་འཁོད་པ་ལྟར་ན། ལྷ་རྗེས་ཆེས་ཐོག་མར་རྗེ་བཙུན་མི་ལ[5]མཇལ་སྐབས་དཀའ་ལས་མང་པོར་འཕྲད་ཡོད་ཅིང་། རྗེ་བཙུན་མི་ལ་ཐེངས་གཅིག་མཇལ་བའི་རྗེས་ལ་ཟླ་ཕྱེད་ཙམ་ལ་སླར་ཡང་མཇལ་བའི་སྐལ་བ་མ་བྱུང་ལ། ཟླ་ཕྱེད་འགོར་བའི་རྗེས་སུ་སླར་ཡང་མཇལ་བའི་གོ་སྐལ་སྨིན་རྗེས། རྗེ་བཙུན་གྱིས་ཁོང་ལ་ཐེངས་དུ་མར་ཉམས་ཚོད་ལ་བརྟག་མཐར། གཞི་ནས་ལྷ་རྗེ་ཁོ་རང་སློབ་བུ་ལེན་པར་ཁས་ལེན་མཛད། དེ་ནས་བཟུང་གསང་སྔགས་ཀྱི་དབང་ལུང་དང་གདམས་པ་ཅི་རིགས་བསྩལ་ཅིང་། ལྷ་རྗེ་ཡིས་དེ་མ་ཉིད་སྐོམ་པ་ཆུ་འདོད་ལྟར་རྗེ་བཙུན་ལས་གཏུམ་མོའི་སྒྲུབ་ཐབས་དང་བདེ་མཆོག་འཁོར་ལོ། རྡོ་རྗེ་ཕག་མོ་སོགས་ཀྱི་དབང་ལུང་བླངས། དུས་ཡུན་རིང་པོ་ཞིག་ལ་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་རྟགས་དང་མཚན་མ་མང་པོ་བྱུང་ཞིང་། སྨན་ལྷ་མཆེད་བདུན་དང་རྫོགས་པའི་ལོངས་སྐུ་སོགས་ཀྱི་ཞལ་དངོས་སུ་གཟིགས་པའི་གཏམ་རྒྱུད་འཁོད་ཡོད།(རི་མོ༢པ/E༡༠ནས༡༢)
       ཁག་གཉིས་པ་ནི་དྭགས་པོ་ལྷ་རྗེ་ཁོང་ཉིད་རྗེ་བཙུན་མི་ལ་དང་ཁ་གྱེས་ཏེ། སྐུ་ཉིད་ཀྱིས་སྔོན་དུས་སུ་ཐོས་བསམ་མཛད་སའི་གཉལ་སེ་བ་ལུང་དུ་ཕེབས་ནས་སྒྲུབ་པ་མཛད་སྐབས་སེམས་སུ་རྟོགས་པ་ཁྱད་དུ་འཕགས་པ་འཁྲུངས་ཞིང་། ཆོས་ཉིད་མངོན་དུ་གྱུར་པའི་ཚུལ་བཀོད་ཡོད་དེ། བྱང་ཡིག་ལས་འཁོད་པ་ལྟར་ན། ཁོང་གིས་བོ་དྷི་ཙིཏྟའི་ཕྲེང་བ་རྡོག་པོ་ཉེར་གཅིག་ཡོད་པ་ཕྱག་གིས་ལྕང་མའི་སྡོང་པོ་ལ་བསྡམས་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ང་ལུང་བསྟན་པ་ཡིན་ན། ཤིང་འདི་ལས་ཤིང་ཁྱོད་སྐྱེ་བར་གྱུར་ཅིག་གསུངས་པའི་མོད་དེ་ཡལ་ག་བཅས་སྔོ་ཁྲུང་ངེ་སྐྱེས་ཞེས་གསུངས་པའི་རྣམ་པ་ཡིན།(རི་མོ༢པ/E༡༣)
       ཁག་གསུམ་པ་ནི་དྭགས་པོ་ལྷ་རྗེ་ཁོང་ཉིད་དྭགས་ལྷ་སྒམ་པོ་རིར་ཕེབས་ཏེ་ལོ་ངོ་བཅུ་གཉིས་ཀྱི་རིང་དུ་སྒྲུབ་པ་ཉམས་ལེན་མཛད་པའི་རྣམ་པ་བཀོད་ཡོད་དེ། སྒྲུབ་པ་ཉམས་པ་ལེན་མཛད་བཞིན་པའི་སྐབས་སུ་ཕྱག་ཏུ་རྨ་བྱའི་གཤོག་སྒྲོ་འཆིང་བའི་མཁའ་འགྲོ་མ་ཞིག་གིས་གློ་བུར་དུ་སྐུ་མདུན་དུ་བྱོན་ཏེ། ལོ་ངོ་བཅུ་གཉིས་ལ་སྒྲུབ་པ་ཉམས་ལེན་མཛད་པ་ལས། ཆོས་ཀྱི་འཁོར་ལོ་བསྐོར་ན་སེམས་ཅན་ལ་ཕན་པ་ཡིན་ནོ། ཞེས་གསུང་བྱོན་ཏེ། འགྲོ་དོན་མཛད་དགོས་པའི་སྐུལ་མ་གནང་བའི་ཚུལ་ཡིན།(རི་མོ2༢པ/G༡༤)
       ཁག་བཞི་པ་ནི་དྭགས་པོ་ལྷ་རྗེ་ཡིས་མཁའ་འགྲོ་མའི་བཀའ་གསུང་ལྟར་སྒམ་པོ་རི་གནས་གཞི་བཟུང་ནས་དགོན་སྡེ་བཙུགས(༡༡༢༡ལོར)ཤིང་། ལོ་ངོ་སུམ་ཅུ་ལྷག་ལ་ཆོས་ཀྱི་སློབ་བུ་བསྡུས་ཤིང་སྦྱིན་པ་གནང་ལ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ཏེ་འགྲོ་དོན་ཁོ་ན་མཛད་པའི་རྣམ་པ་བཀོད་ཡོད། རི་མོའི་མཆན་དང་བརྗོད་བྱའི་ནང་དོན་ལས་མངོན་པ་ལྟར་ན། དྭགས་པོ་ལྷ་རྗེ་ཡིས་སློབ་བུ་རྣམས་ལ་ཆོས་གསུང་སྐབས། སྐུའི་བཀོད་པ་བཞི་དུས་གཅིག་དུ་བསྟན་པ་དང་ལྷ་དུ་མར་སྤྲུལ་བ་སོགས་མངོན་སུམ་དུ་སྣང་ལ། དཔེར་ན་ཁོང་གིས་སློབ་བུ་སྒོམ་པ་བློ་བསྟན་ལ་ཆོས་གསུང་སྐབས་སློབ་བུས་སྐུ་ཉིད་ཐུགས་རྗེ་ཆེན་པོ་ཕྱག་སྟོང་ཅན་དུ་མཐོང་བ་དང་།ནམ་མཁའ་ལ་བཞུགས་པ། སྐུ་བྱང་ཆུབ་ཆེན་པོའི་སྤྲུལ་བ་སོགས་མཐོང་། ཡང་མགར་སྒོམ་དཀར་པོས་བདེ་མཆོག་གི་བཟླས་ལུང་ཞུས་པས། རྗེ་ཉིད་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་གྱུར་པའི་ཞལ་ནས་སྔགས་ཕྲེང་འོད་ཟེར་དམར་པོ་ཅན་བྱུང་བ། དེའི་སྙིང་ཁར་ཐིམ་པ་སོགས་བཀོད་ཡོད།(རི་མོ༢པ/H༡༥ནས༢༧)
       དེ་ནི་དྭགས་པོ་ལྷ་རྗེའི་མཛད་འཕྲིན་བརྗོད་པའི་ནང་དོན་ཡིན་ལ། རི་མོ་ལས་གཙོ་སྐུ་གྱུར་པའི་དྭགས་པོ་ལྷ་རྗེའི་སྐུ་མདུན་དུ་གཟན་ཤམ་གྱོན་པའི་སློབ་བུ་མང་པོ་རང་སར་བཞུགས་གྲལ་ལྟར་དཀྱིལ་དྲུང་གིས་བཞུགས་པའི་ཚུལ་བཀོད་ཡོད། སློབ་བུ་འདི་དག་ནི་དྭགས་པོ་ལྷ་རྗེས་སྒམ་པོ་དགོན་ནས་ལོ་ངོ་སུམ་ཅུ་ལ་ཆོས་བཞིན་བསྐྱངས་པའི་སློབ་བུ་ཕུལ་དུ་བྱུང་བ་གྲས་ཡིན་ལ། དེའི་ཁྲོད་དུ་ཚལ་པ་བཀའ་བརྒྱུད་ཀྱི་གྲུབ་མཐའི་སྲོལ་འབྱེད་ཚལ་པ་ཞང་བརྩོན་འགྲུས་གྲགས་པ་དང་ཕག་གྲུ་བཀའ་བརྒྱུད་ཀྱི་གྲུབ་མཐའི་སྲོལ་འབྱེད་ཕག་གྲུ་རྡོ་རྗེ་རྒྱལ་པོ། གཞན་ཡང་གསལ་སྟོང་ཤྭ་རེ། བླ་མ་འོང་ཁ་བ། ལ་ཡག་ཇོ་སྲས་བྱང་ཆུབ་དངོས་གྲུབ་སོགས་མཚན་ལྡན་སྐྱེས་ཆེན་དུ་མ་བཞུགས་ཤིང་། ཁོང་ཅག་གིས་དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས་ལ།གྲུབ་མཐའི་ལྟ་དགོངས་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་མཆེད་པར་མཛད།
       གོང་འཁོད་ཀྱི་རི་མོའི་ནང་དོན་དང་བྱང་ཡིག་ལས་གསལ་བོ་ཤེས་ཐུབ་པ་ནི། ཐང་ག་འདི་ནི་དྭགས་པོ་ལྷ་རྗེའི་མི་ཚེ་ཧྲིལ་པོའི་རྣམ་ཐར་བརྗོད་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་སྟེ། ཐང་ག་སྟེང་གི་རི་མོའི་ནང་དོན་དང་རྣམ་ཐར་གཉིས་ཆུ་ལ་ཆུ་བཞག་པ་ལྟར་མཐུན་པས་ན། ཐང་ག་འདི་ནི་ཡིག་རིས་ཟུང་འབྲེལ་གྱི་རྣམ་པའི་བོད་ཀྱི་སྐྱེས་ཆེན་ཞིག་གི་མི་ཚེའི་མཛད་རྣམ་ཞིབ་པར་བརྗོད་པའི་བརྩམས་ཆོས་གལ་ཆེན་ཞིག་ཏུ་འདོད།
རི་མོ༡ དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག
རི་མོ༢ དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག་ལས་གཏམ་རྒྱུད་བྱུང་རིམ་གྱི་རི་མོ་སྒྲིག་བཀོད།
གཉིས་པ། དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་གའི་ཁྱད་ཆོས།
       དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག་ནི་ཁམས་པ་སྒར་དུ་ཉར་བའི་འབྲུག་པ་བཀའ་བརྒྱུད་གསེར་ཕྲེང་ཞེས་པའི་གྲས་ཀྱི་ཐང་ག་ཞིག་ཡིན་པ་མ་ཟད། དུས་རབས་བཅོ་བརྒྱད་ཡས་མས་ཀྱི་ཁམས་ཕྱོགས་ཀྱི་བླ་ཆེན་ཁག་གི་རྣམ་ཐར་ཐང་གའི་ཁྲོད་ཀྱི་ཚབ་མཚོན་བརྩམས་ཆོས་སུ་ཆགས་ཡོད། ཐང་གའི་ཐུན་མིན་གྱི་རང་བཞིན་མངོན་པར་གསལ་ཞིང་ཁྱད་ཆོས་འབུར་དུ་ཐོན་པས་ཡུལ་ལུང་གི་ཁྱད་གཤིས་ཀྱིས་ཀུན་ནས་ཕྱུག་འདུག་སྟེ། རི་མོའི་སྒྱུ་རྩལ་རང་བཞིན་ངོས་ནས་བརྗོད་ན་འབྲི་སྟངས་ཀྱི་ཆ་ནས་ཀརྨ་སྒར་བྲིས་ལུགས་ཀྱི་བྲིས་རྒྱུན་རྒྱུན་འཛིན་བྱས་ཡོད་པ་ལས་གཞན། རྒྱའི་རི་མོ་འབྲི་སྟངས་ཀྱི་ཤུགས་རྐྱེན་ཐེབས་ཡོད་ལ། སྒོས་སུ་རི་མོའི་བཀོད་སྒྲིག་དང་མི་སྣའི་ཉམས་འགྱུར། ཚོན་མདོག་བྱུགས་སྟངས། རྒྱབ་རིས་མཛེས་བཟོ་བཅས་ཀྱི་ཐད་ནས་རྒྱའི་རི་མོ་ཡིས་ཤུགས་རྐྱེན་ཐེབས་ཡོད་པ་ཤིན་ཏུ་གསལ།
       ༡ རི་མོའི་སྒྲིག་བཀོད་ཐད་ལ་གཙོ་བོ་སྲོལ་རྒྱུན་གྱི་ལྟེ་བ་དཀྱིལ་སྙིང་གི་སྒྲིག་བཀོད་དང་སྣེ་མང་ཀུན་མཐོང་ཅན་གྱི་འབྲི་སྟངས་ཟུང་འབྲེལ་བྱས་པའི་སྣ་འཛོམས་རང་བཞིན་གྱི་རི་མོའི་སྒྲིག་བཀོད་བྱེད་ཐབས་བཀོལ་ཡོད། ཐང་གའི་ཁྲོད་དུ་གཙོ་སྐུ་ནི་རི་མོའི་ལྟེ་བ་རུ་བཞུགས་འདུག་ལ། གཙོ་སྐུ་དཀྱིལ་སྙིང་བྱས་ཏེ་གཏམ་རྒྱུད་ཀྱི་བྱུང་རིམ་ལྡན་པའི་རྣམ་པ་མང་པོ་ཞིག་གཡས་བསྐོར་བྱས་ནས་བཀོད་པ་དང་། ཞོར་དུ་རི་ཆུ་དང་ལྗོན་ཤིང་། ལྡིང་ཁང་། སྤྲིན་ཕུང་བཅས་ཀྱིས་རི་མོའི་ཁྲོད་ཀྱི་དོན་ཚན་སོ་སོ་བར་ཆོད་པར་བྱས་འདུག་ཅིང་། དེས་རི་མོ་ཧྲིལ་པོའི་བྱུང་རིམ་གྱི་རྒྱུན་མཐུད་རང་བཞིན་དང་བར་སྟོང་གི་ཚོར་བ་གསལ་པོར་མཚོན་པར་དགེ་མཚན་ཆེན་པོ་ལྡན་པ་མ་ཟད། རི་མོར་མཛེས་སྤྲོས་ཀྱི་ནུས་པ་བླ་ལྷག་ལྡན་ཡོད། རི་མོའི་སྒྲིག་བཀོད་ཀྱི་རྣམ་པ་ཁྱད་པར་ཅན་འདི་ལ་རྒྱ་ནག་གི་རི་མོའི་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། མིང་རྒྱལ་རབས་ཀྱི་སྐྱེས་རབས་རི་མོའི་འབྲི་སྟངས་ལ་དཔེ་བྱས་ཡོད་པ་དང་། སྒོས་སུ་མིང་ཆིང་རྒྱལ་རབས་དུས་སྐབས་སུ་བོད་ཀྱི་སྤྲོས་བརྗོད་རང་བཞིན་གྱི་རྣམ་ཐར་རི་མོ་འབྲི་སྐབས་རི་མོའི་སྒྲིག་བཀོད་བྱེད་སྟངས་འདི་ཉིད་མང་དུ་སྤྱོད་བཞིན་འདུག་ལ། དཔེར་ན་ཆིང་རྒྱལ་རབས་ཀྱི་འགྲོ་མགོན་འཕགས་པའི་རྣམ་ཐར་རི་མོ་དང་སྣར་ཐང་པར་མའི་ཙོང་ཁ་པའི་རྣམ་ཐར་རི་མོ་དེ་བཞིན་དུས་རབས༡༩པའི་རྗེ་བཙུན་ཏཱ་ར་ན་ཐའི་རྣམ་ཐར་རི་མོ་ལ་སོགས་ཀྱི་རི་མོའི་སྤྲོས་བརྗོད་བྱེད་སྟངས་ཀྱིས་སྟོན་པའི་སྐྱེས་རབས་ལ་དཔེ་ལྟ་དང་ལད་འབྲི་བྱས་པའི་རྣམ་པ་མངོན་ཡོད་ལ། དེའི་གནད་ཀྱང་སྒྲིག་བཀོད་བྱེད་སྟངས་འདི་ལྟ་བུ་ཡིས་རི་མོས་སྤྲོས་བརྗོད་བྱེད་པའི་གོ་རིམ་ཁྲོད་ཀྱི་ཕུལ་དུ་བྱུང་བའི་དུས་ཚོད་དང་བར་སྟོང་གི་ཇུས་བཀོད་གསལ་པོར་མངོན་ཐུབ་པས་ཡིན།
       ༢ ཐང་ག་ལས་མི་སྣའི་ཉམས་འགྱུར་ཐད་རྒྱ་ནག་གི་མི་སྣ་འབྲི་ལུགས་ཀྱི་རི་མོའི་མཛེས་པ་ཐོན་འདུག་ཅིང་། འདྲ་རིས་འབྲི་དུས་དངོས་བྲིས་ལུགས་ཀྱི་མཚོན་སྟངས་བེད་སྤྱད་ཡོད། མི་སྣའི་ཞལ་རས་འཇམ་ཤ་དོད་ཅིང་ཡིད་དུ་འོང་ལ་རྣམ་འགྱུར་བབ་ཆགས་ལྷོད་ཉམས་དོད་པ། སྐུ་གཟུགས་མཛེས་ཤིང་ཉམས་འགྱུར་ཕུན་སུམ་ཚོགས་ལ། གཞན་ཡང་ཁྱད་དུ་འཕགས་པའི་འབྲི་རྩལ་འཛོམས་པས་ན་མི་སྣ་གསོན་ཉམས་དོད་ཅིང་ཞི་ཞིང་དུལ་བ་མ་ཟད། འདྲ་རིས་ཐ་དག་སྐུ་དངོས་བྱོན་པ་དང་ཀུན་ནས་མཚུངས་ལ། བྲིས་པའི་མི་ལ་སྲོག་གི་དབང་པོ་ཞུགས་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད། འོན་ཏེ་སྒྱུ་རྩལ་གྱི་དར་སྲོལ་འདི་འདྲ་ཞིག་ཆགས་པར་ཀརྨ་སྒར་བྲིས་ལུགས་ཀྱི་བྲིས་རྒྱུན་རྒྱུན་འཛིན་བྱས་ཡོད་པ་ལས་གཞན། རྒྱ་ནག་གི་བྲིས་རྒྱུན་གྱིས་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ལ། དེ་ནི་མིང་རྒྱལ་རབས་ཀྱི་ཆེད་ལས་རི་མོ་བས་ཚོན་ལྡན་དགྲ་བཅོམ་པའི་རི་མོའི་ཁྱད་ཆོས་རྒྱུན་བསྐྱངས་པར་མངོན་ལ། བོད་ཀྱི་ལྷ་བྲིས་པས་རྒྱའི་ཚོན་ལྡན་རི་མོའི་འབྲི་རྩལ་སྔར་ལས་ཀྱང་དར་རྒྱས་སུ་བཏང་འདུག སྣང་ཚུལ་འདི་ཡིས་ཆིང་རྒྱལ་རབས་དུས་མགོར་རྒྱ་ནག་གི་མི་སྣའི་རི་མོ་འབྲི་བའི་སྲོལ་རྒྱུན་ཉམས་ཆག་བྱུང་བའི་དུས་སྐབས་སུ་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ལྡན་ལ། བོད་རྒྱའི་སྒྱུ་རྩལ་ཁྱད་ཆོས་གཞི་གཅིག་ཏུ་བསྡུས་པ་ནི་ཀྲུང་གོའི་མི་རིགས་སྣ་མང་གི་རི་མོའི་ལོ་རྒྱུས་ལ་བཞག་པའི་མཛད་རྗེ་ཆེན་པོ་ཞིག་ཏུའང་འཁུམས།
       ༣ ཐང་ག་འདིའི་ཚོན་མདོག་སྦྱོར་བའི་ཐད་ལ་གཙོ་མདོག་ནི་རྒྱ་ནག་གི་ཁ་དོག་ལྗང་སྔོན་དང་མཚུངས་པའི་ལྗང་ནག་གཙོ་བོ་བྱས་འདུག་ཅིང་། གཞན་ཡང་རིམ་པ་སྲབ་ལ་བཀྲག་མདངས་ལྡན་པའི་ཚོན་བྱུགས་ཐབས་དང་གསེར་ཚོན་གྱིས་ཟུར་བརྒྱན་པ་ལས། རི་མོ་ཧྲིལ་པོར་རྒྱུ་དག་ཅིང་རྩ་ཆེ་བའི་གནའ་ཉམས་ཤིག་རང་བཞིན་གྱིས་མངོན་ལ། ཚོན་མདོག་གསལ་ཞིང་ཚད་དང་རན་པ་འདི་ལས་འབྲི་མཁན་ལྷ་བྲིས་པ་ཁ་དོག་ལ་ཚོར་བ་སྐྱེན་ཞིང་བློ་སྦྱོང་ཟབ་པ་རྟོགས་ཐུབ། ཁ་དོག་ཐད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་འདི་དག་དུས་མཉམ་གྱི་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་རི་མོའི་ཁྲོད་དུའང་ཇི་བཞིན་མཐོང་ཐུབ་པ་མ་ཟད་ཁྱད་ཆོས་ཤིག་ཏུ་གྲུབ་འདུག་ལ། འདི་ལས་དུས་རབས༡༨པའི་ཀརྨ་སྒར་བྲིས་ལུགས་ཀྱིས་མཐོང་ཆེན་བྱེད་བཞིན་པ་གསལ།
       ༤ རྒྱབ་ལྗོངས་ཐད་ལྷག་ཏུ་ཁྱད་ཆོས་མངོན་གསལ་ལྡན་ཏེ། ཐང་གའི་སྟེང་གི་ཡུལ་ལྗོངས་འགའ་ཤས་ལ་དངོས་མཚོན་གྱི་ཁྱད་ཆོས་ལྡན་ཞིང་རྒྱ་ནག་གི་རི་ཆུའི་ཁ་དོག་དང་ཕལ་ཆེར་མཚུངས་ཤིང་། ཉེ་འགྲམ་གྱི་ལྗོན་ཤིང་དང་བྲག་རྡོ་བྲིས་པ་ཞིབ་ཕྲ་དོད་ཅིང་བདེན་སྣང་གིས་ཕྱུག དེ་མ་ཟད་འཚོ་བའི་ཁྲོད་ཀྱི་ཡུལ་ལྗོངས་རྣམས་ཅི་རིགས་རི་མོ་ཁྲོད་ནས་གཞི་གཅིག་ཏུ་འདྲེས་པར་བྱས་པ་ངོ་མཚར་ཆེ་བ། ཐང་གའི་ཁྲོད་དུ་སྔོ་ལྗང་གི་རྩྭ་ཐང་དང་རབ་དཀར་མཁའ་ལ་ཟུག་པའི་གངས་རི། བྲག་རིའི་གསེབ་ཏུ་བཞེངས་པའི་བོད་རྒྱའི་ལུགས་གཉིས་ཀྱི་སྡོད་ཁང་སོགས་བྲིས་འདུག གོང་གསལ་ཁྱད་ཆོས་འདི་དག་ཀརྨ་སྒར་བྲིས་ལུགས་ཀྱི་ནམ་མཁའ་རྒྱལ་དང་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་བརྩམས་ཆོས་དང་མཐུན་ས་ཤིན་ཏུ་མང་མོད། འོན་ཀྱང་དཔྱད་གཞིར་གྱུར་པའི་ཐང་ག་འདིར་མིང་རྒྱལ་རབས་ལུགས་ཀྱི་སྐྱེད་ཚལ་དང་ར་བ་སོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་རྟགས་མཚན་དང་རྒྱན་སྤྲོས་བྱེད་སྟངས་ལ་ཉུང་འཕྲི་ཆེན་པོ་བྱས་འདུག་པས་རྒྱ་ནག་གི་རི་མོའི་མཛེས་དཔྱོད་དང་མཐུན་པ་ཞིག་ཏུ་གྱུར་འདུག གཞན་ཡང་སྤྱིའི་མཚོན་སྟངས་ཀྱི་རྣམ་པའི་ཆ་ནས་བལྟས་ན་དཔྱད་གཞིར་གྱུར་པའི་ཐང་ག་འདི་ལ་ལྷ་བྲིས་པའི་སྒྱུ་རྩལ་གསར་རྩོམ་གྱི་ནུས་པ་རྩལ་དུ་སྤྲུགས་ཡོད་ཅིང་། ཐང་ག་ལས་དྭགས་པོ་ལྷ་རྗེའི་དཀའ་སྤྱད་ཀྱིས་ཐོས་བསམ་མཛད་པ་དང་རྟགས་མཚན་ཁྱད་པར་ཅན་མངོན་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ལྷ་སྒྲུང་གི་རང་བཞིན་ལྡན་པའི་གཏམ་རྒྱུད་ངོ་མཚར་བ་རྣམས་ནི་བོད་མི་དམངས་དང་གྲྭ་བཙུན་རྣམས་ཀྱི་སེམས་ཁམས་དང་བསྟུན་ཅི་ཐུབ་མཛད་འདུག་པ་དང་། ཁྱད་པར་དུ་བཀྲག་མདངས་མཚར་ཞིང་ཞིབ་ཆ་དོད་པའི་རྒྱབ་ལྗོངས་དང་མི་སྣའི་རྣམ་ཐར་བརྗོད་པའི་སྤྲོས་བརྗོད་གཏམ་རྒྱུད་རི་མོ་གཉིས་ཟུང་འབྲེལ་གང་ལེགས་བྱས་ཏེ་མི་སྣའི་སྣང་བརྙན་ཕུན་སུམ་ཚོགས་པར་བྱས་ཡོད་པ་མ་ཟད་གསོན་ཉམས་དོད་པོར་བཏང་ཡོད། སྒྱུ་རྩལ་མཚོན་སྟངས་ཐུན་མོང་མ་ཡིན་པ་འདིས་དུས་ཕྱིས་སུ་བོད་ཀྱི་རི་མོའི་བྲིས་རྒྱུན་སྤྱི་འགྲོས་ཅན་དུ་གྱུར་ཏེ་གསོན་ཉམས་མེད་པའི་སྐྱོན་ཆར་ཁ་གསབ་མཛད་ཡོད་པ་དང་། སྒོས་སུ་གསལ་བཤད་ཡི་གེ་ཉུང་བསྡུས་རེ་འཁོད་པ་ལས། རི་མོ་དང་ཡིག་རིས་ཟུང་གི་ལམ་ནས་སྤྲོས་བརྗོད་བྱེད་པའི་དགེ་མཚན་ཁྱད་པར་ཅན་ཐོན་ཡོད་པས་རི་མོའི་སྤྲོས་བརྗོད་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་ཡོད།
མཇུག་སྡོམ།
       གོང་གི་དབྱེ་ཞིབ་བྱས་པ་བརྒྱུད་ན་དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག་ཡིས་ནང་དོན་བཀོད་སྒྲིག་གྲ་རྒྱས་པོ་ཡོང་བ་དང་གཏམ་རྒྱུད་ཀྱི་རི་མོ་སྡེབ་ལེགས་གོ་རིམ་ལྡན་ཞིང་འཐུས་སྒོ་ཚང་བར་འབད་ཐབས་བྱས་འདུག་པས། བར་སྟོང་གི་སྒྲིག་གཞིའི་རིམ་པ་གསལ་ཞིང་རང་བཞིན་ལྷུན་གྱིས་གྲུབ་པའི་སྣང་བས་ཁྱབ། ཚོན་མདོག་གི་ཇུས་འགོད་དག་ཅིང་ངོས་གཙང་བས། རི་མོ་ལས་མཚར་སྡུག་ལྡན་ཞིང་ཉམས་དགའ་བའི་ཆོས་དང་འཇིག་རྟེན་གཞི་གཅིག་ཏུ་འཛོམས་པའི་ཡིད་ཁམས་འབུར་དུ་ཐོན་པར་བྱས་ཏེ། མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་པའི་ཚོར་བ་བཅོས་མིན་དུ་འཁྲུངས་པ་མཛད་ཡོད། དུང་བརྗོད་དང་ལྗོངས་རྣམ་གཅིག་ཏུ་འདྲེས་པ་ནི་ཐང་ག་འདི་ཡི་འབུར་དུ་དོད་པའི་ཐུན་མིན་གྱི་ཁྱད་ཆོས་དེ་ཡིན་ལ། ཀརྨ་སྒར་བྲིས་ལུགས་ཀྱིས་བོད་ཀྱི་རི་མོའི་བྲིས་རྒྱུན་ལ་བཞག་པའི་མཛད་རྗེས་རྨད་དུ་བྱུང་བ་དེ་ཡིན། གོང་གསལ་ཁྱད་ཆོས་འདི་དག་ལས་ང་ཚོས་རྒྱས་སྟོད་ལྷ་རིས་པ་ཆོས་བཀྲ་ཤིས་ཁོང་ཉིད་བོད་ཀྱི་སྲོལ་རྒྱུན་རི་མོའི་འབྲི་རྩལ་ལ་ནང་བྱན་ཆུད་པ་མ་ཟད། རྒྱ་ནག་གི་སྲོལ་རྒྱུན་རི་མོའི་འབྲི་ལུགས་ལའང་གོ་བ་གཏིང་ཟབ་རྙེད་ཡོད་ལ་ལག་ལེན་བྱང་ཆ་ལྡན་ཡོད་པ་གསལ་བོར་རྟོགས་ཐུབ། ཀུན་གྱིས་མཁྱེན་གསལ་ལྟར་ལྷ་བཟོ་ཆོས་བཀྲ་ཤིས་ཀྱིས་ཀརྨ་སྒར་བྲིས་ལུགས་ཀྱི་གྲུབ་མཐའ་སྲོལ་འབྱེད་ནམ་མཁའ་བཀྲ་ཤིས་ཀྱི་བྲིས་རྒྱུན་ལ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ་མཚན་སྙན་ཡུལ་ཕྱོགས་ཀུན་ཏུ་ཁྱབ་རུང་། འོན་ཏེ་ཁོ་རང་ཉིད་ཀྱི་འབྲི་རྩལ་རྣམ་པ་དང་ཁྱད་ཆོས་ཐད་རིག་གཞུང་པའི་སྡེ་ལ་གསལ་ཆ་དང་ངེས་ཤེས་གསལ་པོ་ཐོབ་མེད་པས། གཤམ་ནས་གུས་པས་དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག་འདིའི་ཁྱད་ཆོས་དམིགས་སུ་བཟུང་སྟེ་ལྷ་བྲིས་པ་ཆོས་བཀྲ་ཤིས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་མཚོན་སྟངས་དཔྱད་འཇོག་རགས་ཙམ་བགྱིས་ན། ཆོས་བཀྲ་ཤིས་ཀྱི་བྲིས་ལུགས་ཀྱིས་སྤྱིའི་ཆ་ནས་ཀརྨ་སྒར་བྲིས་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ཇི་བཞིན་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་དར་སྤེལ་གང་འཚམ་མཛད་ཡོད་དེ། རི་མོར་ཁ་དོག་སྔོ་ལྗང་བཀོལ་ཚད་ཆེ་ཞིང་ཚོན་མདོག་བབ་བརླིང་ལྡན་ལ། ཐིག་རིས་སྔར་ལས་ཞིབ་ཆ་ལྡན་པར་མངོན་ཡོད། དིའུ་དམར་དགེ་བཤེས་ཀུན་གསལ་ཚོན་གྱི་ལས་རིམ་ཞེས་པའི་ནང་དུ་ཚོན་ཉམས་རྒྱ་དང་ཕྱོགས་འདྲ་པ། དེ་ལས་ཅུང་ཟད་རྔམ་ཆེ་ཞིང་། ཀུན་ལ་ཆུ་མདང་བཟང་འཇམ་ལྡན། ཞལ་སྤྱན་བཟང་གྲུང་སྐུ་ཤ་སྐྱོང་། བླ་སྐུ་བཟླུམ་ལ་དབུ་ཞྭ་ཆུང་། བཀོད་པ་ཕལ་ཆེར་རྒྱ་དང་མཐུང་། འདི་ནི་ཀར་མའི་སྒར་ལུགས་ཡིན།[6]ཞེས་གསལ་པོར་འཁོད་འདུག་ཅིང་།ཁོང་གི་ཞིབ་བརྗོད་བྱས་པའི་ནང་དོན་ལས་ཀརྨ་སྒར་བྲིས་ལུགས་ཀྱི་སྒྱུ་རྩལ་ཁྱད་ཆོས་གཙོ་བོ་ནི་ཚོན་མདོག་བྱུགས་སྟངས་དང་རྒྱབ་ལྗོངས་བཀོད་སྒྲིག་གི་སྟེང་ནས་མངོན་ཡོད་པ་གསལ་ཞིང་། དེ་མ་ཟད་སྒྱུ་རྩལ་མཚོན་སྟངས་འདི་ལྟ་བུ་གྲུབ་པར་མིང་རྒྱལ་རབས་ཀྱི་རི་མོས་ཤུགས་རྐྱེན་ཐེབས་པ་གསལ་པོར་བརྗོད་ཡོད། རྒྱ་ནག་ལུགས་ཀྱི་བཀྲག་མདངས་ལྡན་ཞིང་ཡིད་དུ་འོང་བའི་རི་ཆུ་ནགས་གསུམ་དང་ཚོན་མདངས་བཀྲ་བའི་མི་སྣ་སོགས་གྲུབ་ཆ་རེ་རེ་ཐང་ག་འདིའི་ཁྲོད་དུ་ཇི་བཞིན་ཐོན་འདུག གཞན་ཡང་དིའུ་དམར་དགེ་བཤེས་དང་ལྷ་རིས་པ་མཁས་ཅན་ཆོས་བཀྲ་ཤིས་གཉིས་འབྲེལ་འདྲིས་ཤིན་ཏུ་ཟབ་པས(དུས་མཉམ་གྱི་དགེ་གྲོགས་ཡིན་པ་མ་ཟད་ཐང་གའི་འབྲི་བཞེངས་ཐད་སྐུལ་མ་མཛད་པ་སོགས་འགྲོ་འོང་ཤིན་ཏུ་མང)དགེ་བཤེས་ཁོང་གིས་ཀརྨ་སྒར་བྲིས་ལུགས་ཀྱི་རི་མོའི་ཐད་ཀྱི་ངོ་སྤྲོད་དེ་དག་དག་ཆོས་བཀྲ་ཤིས་ཀྱི་རི་མོའི་ཁྱད་ཆོས་ལ་བརྟེན་ནས་ཕྱོགས་བསྡུས་ཀྱི་སྡོམ་ཚིག་བཀོད་ཡོད་པར་འདོད།
       དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག་འདི་ལས་ལྷ་རིས་པ་ཆོས་བཀྲ་ཤིས་ཀྱི་རི་མོའི་ཁྱད་ཆོས་ལས་རྣམ་པ་སྣ་ཚོགས་པའི་གྲུབ་ཆ་འཛོམས་པ་རྟོགས་ཤིང་། མི་སྣའི་ཉམས་འགྱུར་དང་ཚོན་མདོག་འགོད་སྟངས་གང་གི་ཆ་ནས་ཀྱང་རྒྱ་ནག་གི་རི་མོའི་ཁྱད་ཆོས་ཆེན་པོ་ཞིང་། སྤྲོས་བརྗོད་བྱེད་སྟངས་ཀྱི་ཐད་ནས་ཀྱང་རྒྱ་ནག་གི་སྟོན་པའི་སྐྱེས་རབས་ཀྱི་རི་མོར་དཔེ་བལྟས་བྱས་ཡོད་པ་རྟོགས་སླ། དེ་བས་བྲིས་རྒྱུན་འདི་ནི་བོད་དང་རྒྱ་ནག་གི་རི་མོ་བྲིས་ལུགས་ཀྱི་སྒྱུ་རྩལ་མཚོན་སྟངས་ཟུང་དུ་སྦྲེལ་བའི་སྒྱུ་རྩལ་གྱི་འབྲས་བུ་རྨད་དུ་བྱུང་བ་ཞིག་ཏུ་བརྗོད་ཆོག ཁྱད་ཆོས་འདི་དག་གིས་ཀརྨ་སྒར་བྲིས་ལུགས་ཀྱི་དུས་ཕྱིས་ལྷ་བཟོ་བ་དང་དེ་དག་གི་བརྩམས་ཆོས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་ལ། རི་མོའི་རྣམ་པ་ཐུན་མོང་མ་ཡིན་པ་འདི་ཡིས་བྲིས་རྒྱུན་འདིའི་སྒྱུ་རྩལ་གྱི་རེ་སྙེག་གསལ་པོར་མཚོན་ཡོད། དེ་ལྟར་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་དང་ཀ་ཤོད་ཀརྨ་བཀྲ་ཤིས་དང་བསྡུར་ན་ཆོས་བཀྲ་ཤིས་ཀྱི་བརྩམས་ཆོས་ལས་ཀརྨ་སྒར་བྲིས་དར་བའི་དུས་མགོར་སྨན་ཐང་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཚུལ་རྟོགས་སླ་ཞིང་། འདི་ལས་སྲོལ་རྒྱུན་གྱི་ཀརྨ་སྒར་བྲིས་ལུགས་ཀྱི་སྒྱུ་རྩལ་ཁྱད་ཆོས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པར་རིན་ཐང་གཞལ་དུ་མེད་པའི་དངོས་རྫས་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱས་ཡོད། གལ་ཏེ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ནི་ཀརྨ་སྒར་བྲིས་ལུགས་ཀྱི་འབྲི་ལུགས་གསར་པའི་ཚབ་མཚོན་དུ་ཁས་འཆེས་ན། ཆོས་བཀྲ་ཤིས་ནི་ཀརྨ་སྒར་བྲིས་ལུགས་ཀྱི་སྲོལ་རྒྱུན་འབྲི་ལུགས་ཀྱི་མཚོན་བྱེད་དུ་བརྗོད་ཆོག་གོ །

དཔྱད་ཡིག་དང་མཆན་འགྲེལ།
[1] ཀྲང་ཡ་ཧྲ་གྱིས་བརྩམས། བོད་ལྗོངས་རི་མོའི་ལོ་རྒྱུས། པེ་ཅིང་། ཀྲུང་ཡང་མི་རིག་སློབ་ཆེན་དཔེ་སྐྲུན་ཁང་། 2018ལོ། ཤོག་ངོས419
[2] བཀྲ་ཤིས་རྣམ་གསུམ་ནི་ཀརྨ་སྒར་བྲིས་ཀྱི་བྲིས་རྒྱུན་དར་སྤེལ་བཏང་བའི་མི་སྣ་གལ་ཆེན་གསུམ་གྱི་མཚན་ནང་དུ་བཀྲ་ཤིས་ཡོད་པས་དེ་ལྟར་གྲགས་ལ། སྲོལ་འབྱེད་པ་ནམ་མཁའ་བཀྲ་ཤིས་དང་རྗེ་སྟོད་ལྷ་བཟོ་ཆོས་བཀྲ་ཤིས། ཀ་ཤོད་ཀརྨ་བཀྲ་ཤིས་བཅས་ཡིན། མཚན་ཁོ་ན་ཙམ་མ་ཡིན་པར་དུས་ཕྱིས་འཕེལ་རྒྱས་ཁྲོད་ཕྱི་མ་རྣམ་གཉིས་ཀྱི་བྲིས་རྩལ་སྲོལ་འབྱེད་པ་ནམ་མཁའ་བཀྲ་ཤིས་དང་བསྒྲུན་ནུས་པས་ན་དེ་ལྟར་བརྗོད་པ་ཡིན་ནོ།།
[3] དྭགས་པོ་ལྷ་རྗེའི་རྣམ་ཐར་ཐང་ག་འདི་ནི་ཁམས་པ་སྒར་རུ་ཉར་བའི་འབྲུག་པ་བཀའ་བརྒྱུད་གསེར་ཕྲེང་ཞེས་པ་མུ་འབྲེལ་ཐང་ག་ཁྲོད་ཀྱི་ཆ་ཤས་ཡིན་ལ། གུས་པས་ཞིབ་འཇུག་བྱས་པ་ལྟར་ན་ཁམས་པ་སྒར་རུ་ཉར་བའི་འབྲུག་པ་བཀའ་བརྒྱུད་གསེར་ཕྲེང་གི་མུ་འབྲེལ་ཐང་ག་ནི་དུས་རབས20པའི་དུས་མགོར་ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི(1880-1924)དབུས་གཙང་གནས་ཡིག་ཏུ་འཁོད་པའི་བོད་ལྗོངས་ཆབ་མདོ་ཁམས་པ་སྒར་གསེར་གདུང་ཁང་དུ་བཞུགས་པའི་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་གྱིས་མཛུབ་སྟོན་འོག་ཆོས་བཀྲ་ཤིས་ཀྱིས་བྲིས་པའི་ཆ་གཅིག་ལ་ཐང་ག48ཡོད་པའི་བཀའ་བརྒྱུད་གསེར་ཕྲེང་གི་ཐང་ག་དེ་ཡིན་ལ། 2005ལོར་པར་དུ་བསྐྲུན་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་ཞེས་པའི་དེབ་ཏུ་ཐེངས་དང་པོ་བཀའ་བརྒྱུད་གསེར་ཕྲེང་གི་ཐང་ག22ཕྱིར་བཀྲམས། དེ་ལས་ཀ་ཐོག་སི་ཏུས་དེབ་ཏུ་འཁོད་པའི་བཀའ་བརྒྱུད་གསེར་ཕྲེང་གི་མུ་འབྲེལ་ཐང་ག་དངོས་སུ་ཡོད་པ་ར་སྤྲོད་ཐོབ། མུ་འབྲེལ་ཐང་ག་འདིའ་ཞིབ་ཕྲའི་ནང་དོན་ཐད་ཕྲན་གྱི་རྒྱ་ཡིག་དཔྱད་རྩོམ་བོད་ལྗོངས་ཆབ་མདོ་ཁམས་པ་སྒར་གྱི་འབྲུག་པ་བཀའ་བརྒྱུད་གསེར་ཕྲེང་ལ་ཐོག་མར་དཔྱད་པ་ཞེས་པར་གཟིགས་ན་གསལ། ཀྲུང་གོ་བོད་རིག་པ། 2019ལོའི་འདོན་ཐེངས་གཉིས་པ། ཤོག་ངོས194ནས200བར།
[4] ཁོང་གི་མཛད་འཕྲིན་སྐོར་ལ་དབྱང་ཀའེ་མེན་དང་མཱ་ཇི་ཞང་གཉིས་ཀྱིས་བསྒྱུར་བསྒྲིགས་བྱས་པའི་དཔེ་དེབ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམས་ཀྱི་རྣམ་ཐར་བསྡུས་གསལ་ཞེས་པ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1992ལོ་པར་དུ་བསྐྲུན་པའི་ཤོག་ངོས92པར་གསལ།
[5] ཁྲོ་རུ་ཚེ་རྣམ་གྱིས་བརྩམས། བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པའི་ལོ་རྒྱུས། པེ་ཅིང་། ཆོས་ལུགས་རིག་གནས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས48
[6] སྨན་ལྷ་དོན་གྲུབ་ཀྱིས་བརྩམས། གནའ་རབས་བྲིས་སྐུ་དང་བཟོ་སྐུ་ཚོན་ཁྲ་ཅན་གྱི་ཚད་དང་ལྡན་པའི་གཞུང་ལུགས། པེ་ཅིང་། ཀྲུང་གོ་བོད་རིག་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས60 གཞན་ཡང་བོད་ཀྱི་ལྷ་བྲིས་ལོ་རྒྱུས་ཞེས་པའི་དེབ་ཀྱི་ཤོག་ངོས34པར་གསལ།

༢༠༢༢ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གསུམ་པ་ནས་དྲངས།
འབྲེལ་ཡོད་འོས་སྦྱོར།