logo

སྣུམ་ཚོན་རི་མོའི་འགྲེམས་སྟོན་འདི་ལྷ་སར་འགོ་ཚུགས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2026-06-15 ཀློག་གྲངས།:
       ཟླ6པའི་ཚེས7ཉིན།“རི་ཀླུང་མཉམ་དྲན། ཁྲོན་བོད་རོལ་གདངས”ཞེས་པའི་སི་ཁྲོན་དང་བོད་ལྗོངས་ཀྱི་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་བརྩམས་ཆོས་མཉམ་འབྲེལ་འགྲེམས་སྟོན་བོད་ལྗོངས་མཛེས་རྩལ་ཁང་དུ་འགོ་ཚུགས། ད་ཐེངས་ཀྱི་འགྲེམས་སྟོན་ནི་བོད་ལྗོངས་སྣུམ་ཚོན་རི་མོའི་སློབ་ཚོགས་དང་། སི་ཁྲོན་སྣུམ་ཚོན་རི་མོའི་སློབ་ཚོགས། བོད་ལྗོངས་མཛེས་རྩལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེ་སྔོན་ཁྲེང་ཏུའུ་རུ་འགྲེམས་སྟོན་ཐེངས་དང་པོ་བྱས་ཟིན་པ་དང་། ད་ཐེངས་ཁྲོན་བོད་ས་ཁུལ་གཉིས་ཀྱི་སྣུམ་ཚོན་རི་མོ་མཁས་ཅན70ལྷག་གི་བརྩམས་ཆོས་རྩེ་གྲ100བསྡུ་རུབ་བྱས་ནས་ཁྲོན་བོད་ས་ཁུལ་གྱི་རང་བྱུང་མཛེས་ཉམས་དང་། མི་རིགས་གོམས་སྲོལ། དུས་རབས་ཀྱི་རྣམ་པ་བཅས་མངོན་ཡོད།
“རི་ཀླུང་མཉམ་དྲན། ཁྲོན་བོད་རོལ་གདངས”ཞེས་པའི་སི་ཁྲོན་དང་བོད་ལྗོངས་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་བརྩམས་ཆོས་མཉམ་འབྲེལ་འགྲེམས་སྟོན་བོད་ལྗོངས་མཛེས་རྩལ་ཁང་དུ་འགོ་ཚུགས་པ།
       སི་ཁྲོན་གྱི་མཚར་སྡུག་བཀྲ་བའི་རི་ཀླུང་དང་སྣ་མང་གི་རིག་གནས། བོད་ལྗོངས་ཀྱི་བརྗིད་ཉམས་ལྡན་པའི་གངས་རི་དང་གཏིང་ཟབ་པའི་སྲོལ་རྒྱུན་བཅས་ཀྱིས་ཀྲུང་གོའི་ནུབ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཞིང་ཞིག་གཏོད་ཡོད། ད་ཐེངས་ཀྱི་མཉམ་འབྲེལ་འགྲེམས་སྟོན་གྱིས་སྣུམ་ཚོན་རི་མོའི་སྒྱུ་རྩལ་གྱི་ངོ་བོར་བརྟེན་ནས་ས་གནས་གཉིས་ཀྱི་རིག་གནས་སྒྱུ་རྩལ་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
       འགྲེམས་སྟོན་བརྩམས་ཆོས་ཀྱི་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། ཁྱད་ཆོས་སྣ་ཚོགས་ལྡན་ཡོད། སི་ཁྲོན་གྱི་སྣུམ་ཚོན་རི་མོའི་བརྩམས་ཆོས་ནི་ཚོན་མདོག་དང་གྲུབ་ཆའི་དེང་རབས་སྣང་ཚུལ་གཙོ་བོར་བྱས་ཤིང་། གནའ་བོའི་ཧྲུའུ་ཡི་ཤེས་དཔལ་ལ་དེང་རབས་ཀྱི་གསལ་འགྲེལ་བྱས་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བར་ལྟ་ཞིབ་ཞིབ་ཚགས་ཡང་བྱས་ཡོད། བོད་ལྗོངས་ཀྱི་སྣུམ་ཚོན་བརྩམས་ཆོས་ནང་དུ་མཐོ་སྒང་ཁོ་ནར་མཆིས་པའི་འདྲེན་བྱེད་ཀྱི་མཚོན་རྟགས་ཏེ། གངས་རི་དང་རྩྭ་ཐང་ལས་རྔམ་བརྗིད་ཀྱི་ཉམས་ཤིག་ངང་གིས་འཆར་བ་དང་དུས་མཚུངས་དེང་རབས་སྒྱུ་རྩལ་དང་བོད་ལྗོངས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་མཉམ་འདྲེས་འཕེལ་རྒྱས་བྱུང་བ་མངོན་ཡོད། ས་གནས་གཉིས་ཀྱི་བརྩམས་ཆོས་དུས་མཉམ་དུ་འགྲེམས་སྟོན་བྱས་པ་དེས་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཐོན་ཡོད་ལ་སྒྱུ་རྩལ་གྱི་སྐད་བརྡ་ཡང་འཕྲོས་ཐུབ་ཡོད།
ཐེངས་འདིའི་མཉམ་འབྲེལ་འགྲེམས་སྟོན་ཐོག་གི་སྣུམ་ཚོན་རི་མོ།
ཐེངས་འདིའི་མཉམ་འབྲེལ་འགྲེམས་སྟོན་ཐོག་གི་སྣུམ་ཚོན་རི་མོ།
       བོད་ལྗོངས་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་འགན་འཁུར་བ་སྐལ་བཟང་ཚེ་རིང་གིས་བོད་ལྗོངས་སུ་སྣུམ་ཚོན་རི་མོའི་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་པོ་མེད་ཀྱང་། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་མི་རིགས་རིག་གནས་ཀྱིས་གསར་རྩོམ་ལ་འཆར་སྣང་བར་མེད་སྦྱིན་ཡོད། ད་ཐེངས་ཀྱི་མཉམ་འབྲེལ་འགྲེམས་སྟོན་ནི་ས་གནས་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་གྱི་གསར་རྩོམ་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་ཡིན་པར་མ་ཟད། ཁྲོན་བོད་རིག་གནས་སྤེལ་རེས་ཀྱི་དཔང་པོ་གལ་ཆེན་ཞིག་ནི་དེ་བས་ཀྱང་རེད། འགྲེམས་སྟོན་བྱས་པ་བརྒྱུད་སྒྱུ་རྩལ་མཁས་ཅན་ཚོས་ཕན་ཚུན་དཔྱད་བསྡུར་དང་ཕན་ཚུན་དྲན་པ་སྤེལ་རེས་བྱས་ནས་ཀྲུང་གོའི་ནུབ་རྒྱུད་ཀྱི་གསར་དུ་ཐོན་སྲིད་པའི་སྣུམ་ཚོན་རི་མོའི་སྒྱུ་རྩལ་མཉམ་དུ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བརྗོད།
       སི་ཁྲོན་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་འགན་འཁུར་བ་ཆིའུ་ཀོང་ཕིང་གིས་ད་ཐེངས་ཀྱི་མཉམ་འབྲེལ་འགྲེམས་སྟོན་གྱིས། སི་ཁྲོན་གྱི་སྒྱུ་རྩལ་མཁས་ཅན་ལ་བོད་ལྗོངས་ཀྱི་རིག་གནས་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་རང་ངོས་ཀྱི་གསར་རྩོམ་ལ་ལྟ་ཞིབ་བྱེད་པའི་གོ་སྐབས་རྩ་ཆེན་མཁོ་འདོན་བྱས་ཡོད། འབྱུང་འགྱུར་ས་གནས་གཉིས་པོས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བརྗོད་བྱ་གཙོ་བོ་གསར་རྩོམ། རིག་གཞུང་ཞིབ་འཇུག་སོགས་ཐད་མཉམ་ལས་ལམ་སྲོལ་དེ་བས་ཟབ་པ་འཛུགས་རྒྱུའི་རེ་བ་ཡོད་ཅེས་བརྗོད།
ཐེངས་འདིའི་མཉམ་འབྲེལ་འགྲེམས་སྟོན་ཐོག་གི་སྣུམ་ཚོན་རི་མོ།
ཐེངས་འདིའི་མཉམ་འབྲེལ་འགྲེམས་སྟོན་ཐོག་གི་སྣུམ་ཚོན་རི་མོ།
       འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། ས་གནས་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་དང་། སྒྱུ་རྩལ་རིགས་པའི་གཞུང་ལུགས་མཁས་ཅན། དཔྱད་གཏམ་མཁས་ཅན་བཅས་ཀྱིས“ཁྲོན་བོད་ཀྱི་ས་ཁོངས་ཁྱད་ཆོས་དང་སྣུམ་ཚོན་རི་མོའི་སྒྱུ་རྩལ་གྱི་མཚོན་ཚུལ” “དེང་རབས་ཀྱི་མཐོང་སྣེའི་ཁྲོད་བརྗོད་དོན་གཙོ་བོ་གཏོད་པའི་སྣུམ་ཚོན་རི་མོའི་སྐད་བརྡ་གསར་གཏོད” “ས་གནས་གཉིས་ཀྱི་སྣུམ་ཚོན་རི་མོ་གསར་རྩོམ་གྱི་འདུ་ཤེས་དང་། ཉམས་འགྱུར། ལག་རྩལ་བཅས་ཕན་ཚུན་དཔྱད་བསྡུར”བཅས་ལ་དམིགས་ནས་སྤེལ་རེས་ཟབ་མོ་བྱས་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་ཟླ6པའི་ཚེས28ཉིན་བར་རིན་མེད་ངང་སྤྱི་དམངས་ལ་སྒོ་ཕྱེ་རྒྱུ་ཡིན།
འབྲེལ་ཡོད་འོས་སྦྱོར།