logo

སློབ་རའི་གླུ་བ་ཕུན་ལོའི་གླུ་ལེན་ཆེད་ཚོགས་བསྡུས་པ།

རྩོམ་པ་པོ།:བསོད་དར། ཡོང་ཁུངས།:མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། དུས་ཚོད།:2011-06-09 ཀློག་གྲངས།:


གླུ་བ་ཕུན་ལོས་གཞས་གཏོང་བཞིན་པ།     

            གླུ་བ་ཕུན་ལོའི་གླུ་ལེན་དགུང་ཚོགས་དེ་ཉེ་ལམ་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་གཟབ་རྒྱས་ངང་བསྡུས་ཤིང་།  ཁོས་བཤད་རྒྱུར།  རང་ཉིད་ཀྱི་གླུ་ལེན་ཆེད་ཚོགས《སློབ་གྲོགས》ཞེས་པ་བསྡུས་ནས་རྒྱ་ཆེའི་དགེ་སློབ་རྣམ་པའི་སྤྱན་སྔར་ཕུལ་བའི་མོས་འདུན་སྐྱེས་མོད། རང་ཉིད་ལ་མཚོན་ན་གླུ་ལེན་སྒྱུ་རྩལ་ལ་གོམ་པ་དང་པོ་སྤོ་མཁན་གྱི་སློབ་མ་དཀྱུས་མ་ཞིག་ཡིན་པའི་ཆ་ནས་མི་སྒེར་གྱི་གླུ་ལེན་ཆེད་ཚོགས་བསྡུ་བའི་མ་དངུལ་དང་ཉམས་མྱོང་སོགས་ཀྱི་ནུས་པ་ཞན་ལ། རེ་བའི་རྨི་ལམ་ཞིག་མངོན་འགྱུར་བྱེད་རྒྱུ་ནི་ཤིན་ཏུ་ནས་ཁག་པོ་འདུག་སྙམ། ཡིན་ནའང་བྱམས་ལྡན་གྱི་ཕ་མ་གཉིས་གཙོ་བྱས་སློབ་གྲྭའི་འགོ་ཁྲིད་དང་དགེ་སློབ་རྣམས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པས། སྤྱི་ལོ2011ལོའི་ཟླ4པའི་ཚེས20ཉིན་གྱི་དགོང་མོར་རང་ཉིད་ཀྱི་གླུ་ལེན་ཆེད་ཚོགས《སློབ་གྲོགས》ཞེས་པ་དངོས་སུ་ལེགས་གྲུབ་བྱུང་བ་དང་། རྒྱ་ཆེའི་དགེ་སློབ་དང་སྤུན་ཟླ་ཡོངས་ཀྱིས་བཅོས་མིན་སྙིང་གི་གདེངས་འཇོག་མི་དམན་པ་བྱས་བྱུང་བས། གླུ་གར་སྒྱུ་རྩལ་ནི་ཁོ་རང་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་སྐད།   
            ད་ཐེངས་ཀྱི་གླུ་ལེན་ཆེད་ཚོགས་འདི་ལས་ཁོ་རང་ལ་ཉམས་མྱོང་མང་པོ་ཐོབ་པར་མ་ཟད། གླུ་གར་ལ་བཅངས་པའི་ཕུགས་བསམ་རྣལ་མ་དེའང་ལྡབ་འགྱུར་གྱིས་ཇེ་དྲག་ཏུ་གྱུར་པ་དང་། མ་འོངས་པར་མཚོན་ནའང་ཁོས་སློབ་སྦྱོང་གཙོས་གླུ་དབྱངས་ལ་བཅངས་པའི་དགའ་ཕྱོགས་དེ་དུས་གཏན་དུ་འདོར་མི་སྲིད་ལ་ནམ་ཞིག་རང་ཉིད་བོད་ཀྱི་ཕུལ་བྱུང་གཞས་པ་ཞིག་ཏུ་འགྱུར་བའི་ཆོད་སེམས་བརྟན་པོ་བཅངས་ཡོད་ཟེར། དགོང་ཚོགས་འདིའི་ནང་དུ《མཐུན་སྒྲིལ་གྱི་རང་སྒྲ》དང་།  《ཤེས་ལ་ཁམས་པ》།  《བུ་མོ་ཁྱེད་ལ་གླུ་ཞིག་ལེན》།   རང་ཉིད་ཀྱི་མཚོན་བྱེད་གླུ་དབྱངས་སམ་བརྗོད་དོན་གླུ་དབྱངས《སློབ་གྲོགས》།    ད་དུང་རང་ཉིད་ཀྱི་གླུ་དབྱངས་གསར་བ《བོད་མིའི་རྒྱན》དང་།  《མཇལ་དུ་འགྲོ 》སོགས་གླུ་གཞས་བཅུ་ལྷག་བསྟུད་མར་ཉན་མཁན་རྣམ་པའི་སྙན་ལམ་དུ་སྦྱར་བ་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།
            ཐེངས་འདིའི་དགོང་ཚོགས་སྟེང་མེ་ཏོག་ཆུན་པོ་སྒྲོལ་མ་མཚོ་སོགས་གླུ་བ་གླུ་མ་འགའ་ཕེབས་ནས་འཁྲབ་སྟོན་བྱས་པ་དང་།  མིང་དུ་གྲགས་པའི་བོད་ཀྱི་སྒྱུ་རྩལ་པ་ཞི་བདེ་ཉི་མ་སོགས་ཕེབས་ནས་མཛུབ་སྟོན་དང་རྟེན་འབྲེལ་ཞུས།
            དགོང་ཚོགས་དེ་མི་འགྱངས་པར་བརྙན་འཁོར་དུ་ཕབས་ནས་འགྲེམ་སྤེལ་བྱེད་རྒྱུ་ཡིན་རྒྱུ་པས་རྣམ་པ་ཚོས་རྒྱབ་སྐྱོར་དང་ཐུགས་ཁུར་བྱེད་པར་མཁྱེན།


འབྲེལ་ཡོད་འོས་སྦྱོར།