གླུ་བ་ཡོན་ཏན་འཇིགས་མེད་ཀྱིས《ཤིན་ཀོང་ཏཱ་ཏོའོ》གཟའ་འཁོར་ཨང་དང་པོ་བླངས་པ།
གླུ་བ་ཡོན་ཏན་འཇིགས་མེད།
ཟླ3ཚེས30ཉིན་གནས་ཚུལ་འབྱོར་གསལ། གླུ་སྐད་ལ་སྦྱོང་བརྡར་བྱས་མ་མྱོང་ཡང་ལྷན་སྐྱེས་ཀྱི་སྐད་ངག་འཛོམས་པའི་བོད་རིགས་ཕོ་རྒོད་ཡོན་ཏན་འཇིགས་མེད་མདང་ནུབ་ཀྲུང་དབྱང་བརྙན་འཕྲིན2011ལོའི་སྐབས་དང་པོའི《ཤིན་ཀོང་ཏཱ་ཏོའོ》ཡུལ་དངོས་ནས་འགྲེང་ཏེ། སྙན་ཞིང་འཇེབས་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ལས་གདེངས་འཇོག་ཨུ་ཡོན་རྣམས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ་ཅིང་། ད་ལོའི《ཤིན་ཀོང་ཏཱ་ཏོའོ》གཟའ་འཁོར་ཨང་དང་པོ་བླངས་པ་རེད།
མདང་ནུབ《ཤིན་ཀོང་ཏཱ་ཏོའོ》གར་སྟེགས་སྟེང་། ཡོན་ཏན་འཇིགས་མེད་ཀྱི་མི་རིགས་གླུ་གཞས《བུ་མོ། ང་ཁྱེད་ལ་དགའ》ཞེས་པས་གཟིགས་མོ་བ་ལྷན་རྒྱས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་སྟེ་ཁོ་མཁར་སྒོ་གཉིས་པར་བསྐྱོད་ཐུབ་བྱུང་ཞིང་། ཤེས་རྩལ་མངོན་པའི་དུས་ལ་སླེབས་རྗེས། གཞི་ནས་སྦྱོང་བརྡར་བྱས་མྱོང་མེད་ནའང་སྔར་ནས་བག་ལ་ཞ་བའི་བབ་ཆགས་དང་བརྟན་ལྷོད་ཀྱི་རང་གཤིས་ལས། ཁོས་བླངས་བའི་ཨ་ཁིན་གྱི་གླུ་གཞས《QQབུ་མོ》ཡིས་མཁར་སྒོ་གསུམ་པར་བདེ་བླང་ངང་བསྐྱོད་པ་རེད།
གླུ་བ་ཡོན་ཏན་འཇིགས་མེད་ཀྱིས《ཤིན་ཀོང་ཏཱ་ཏོའོ》གཟའ་འཁོར་ཨང་དང་པོ་བླངས་པ།
དེ་ཡང་མཁར་སྒོ་གསུམ་པའི་ཁྲོད། ཡོན་ཏན་འཇིགས་མེད་ཀྱིས་རང་གིས་གསར་གཏོད་གནང་བའི་དམངས་ཁྲོད་དང་དེང་རབས་ཀྱི་ཤན་ཕྱུག་པའི《ཕྱུག་རྫིའི་མཛའ་གཞས》ཞེས་པ་བླངས་ལ། PKརྒྱལ་ཕམ་བྱེད་པའི་གོ་རིམ་ཁྲོད་རང་གིས་གསར་གཏོད་བྱས་པའི《ཆུ་ནང་ཟླ་བ》ཞེས་པ་སྙན་དབྱངས་ཀྱི་འགྱུར་ཁུག་ལ་བསྒྲོན་པས། ཡུལ་དངོས་ཀྱི་གདེང་འཇོག་ཨུ་ཡོན་དང་མང་ཚོགས་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་སྟེ་ཁོ་བོ་ལ《ཤིན་ཀོང་ཏཱ་ཏོའོ》གཟའ་འཁོར་ཨང་དང་པོའི་མེ་ཏོག་ཆུན་པོ་གནང་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཡོན་ཏན་འཇིགས་མེད་ནི་ཕ་ཡུལ་འབྲུག་ཆུ་ནས་འཚར་ལོངས་བྱུང་ཞིང་། ལམ་གྲུ་ནས་སློབ་ཆེན་འགྲིམ་པའི་དུས་སུ་ཐོག་མར་པུ་ཝང་དཀྲོལ་བར་སྤྲོ་བ་བརྟས་པ་དང་། སྟབས་ལེགས་པའི་གོ་སྐབས་བཟང་བོ་ཞིག་གིས་ཁོ་རང་བོད་ལྗོངས་ཆབ་མདོ་ལ་གོམ་སྟབས་བསྒྱུར་ནས་གླུ་གཞས་བྱ་བའི་འགོ་བརྩམས་པ་ཡིན་ཏེ། བོད་རིགས་སྐྱེས་པའི་ཚན་སྡེབ་ཐོག་མ“ཐང་དཀར་ཚན་སྡེབ”རྩ་འཛུགས་དང་དེང་རབས་གླུ་གཞས《ལྷ་སའི་ཆང་ཁང》སོགས་གསར་གཏོད་གནང་བ་མ་ཟད། བརྩོན་པ་གང་ལེགས་སྤྱད་དེ《རང་བྱུང་གླུ་སྐད》ཅེས་པའི་དཔེ་ཆ་ཐོག་མ་དང་ཆེད་བསྒྲིགས་གླུ་གཞས《ཨ་ཁུ་སྟོན་པ》སོགས་སྤེལ་ཞིང་། ཐུན་མོང་མ་ཡིན་པ་གཞན་ཞིག་ནི་ཁོས་ལོ་གང་མང་ལ་སྤྱི་ཕན་གྱི་བྱ་གཞག་གཉེར་ཏེ། 2010ལོར“རྒྱལ་སྤྱིའི་སྤྱི་ཕན་བྱམས་ལྡན་གྱི་སྐར་མ་འོད་ཆེན”ཞེས་པའི་མཚན་བཟང་གསོལ་བ་རེད།
《ཤིན་ཀོང་ཏཱ་ཏོའོ》ལ་བསྐྱོད་པའི་བརྒྱུད་རིམ་བརྗོད་སྐབས། ཁོས“འདི་ནི་རང་གི་རྨི་ལམ་མངོན་འགྱུར་བྱས་པའི་བརྒྱུད་རིམ་ཞིག་ཏུ་བསམ་ཞིང་། མིང་ཐོ་བཀོད་རྗེས། རང་གི་གཞས་ལ་མང་ཚོགས་སྤྲོ་པོ་ཡོད་མེད་དང་འགྲན་ཡའི་ཤེས་ཡོན་ནུས་རྩལ་སོགས་ཀྱི་ཕྱོགས་ལ་ཆ་རྒྱུས་ཅི་ཡང་མེད་པས། སེམས་ཁུར་ཆེན་པོའི་གནས་སུ་ལྷུང་མོད། གར་སྟེགས་སྟེང་ནས་འབྲུག་ཆུའི་མི་དམངས་ཀྱི་ཚབ་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་རྣམ་པ་ཚོར་བཀའ་དྲིན་ཞུ་བའི་དུས་སུ་སྔར་གྱི་སེམས་ཁུར་དེ་གར་སོང་ཆ་མེད་དུ་གྱུར་ལ། བཀའ་དྲིན་བསམ་པ་དང་བཀའ་དྲིན་ཞུ་རྒྱུ་ནི་ཐེངས་འདིར་ང་རང 《ཤིན་ཀོང་ཏཱ་ཏོའོ》ལ་ཞུགས་པའི་ཐོག་མའི་དམིགས་འབེན་ནམ་རེ་སྨོན་ཡིན”ཞེས་བཤད།
རྗེས་ཕྱོགས་ཀྱི་འཆར་འགོད་གླེང་དུས། ཡོན་ཏན་འཇིགས་མེད་ཀྱིས“ངས་དེ་རིང་གི་གྲུབ་འབྲས་འདི་ལྟ་བུ་ཞིག་ལེན་ཐུབ་པ་ནི་གཞན་རྣམས་ཀྱི་བྱམས་སེམས་དང་རོགས་རམ་ལ་ཁ་འབྲལ་ཐབས་མེད་པས། རྗེས་ཕྱོགས་རང་གིས་ཀྱང་མུ་མཐུད་དུ་བྱམས་སེམས་ཀྱི་ལས་དོན་སྤེལ་རྒྱུ་ཡིན”ཟེར། མཇུག་མཐར་ཁོས་བཤད་རྒྱུར། རྗེས་སོར་ཁོས་རང་གི་ཧུར་བརྩོན་ལ་བརྟེན་ནས་འབྲུག་ཆུ་ས་ཆར་རེ་བའི་སློབ་ཆུང་ཞིག་འཛུགས་པའི་འདུན་པ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།