འབར་ཁམས་ས་ཁུལ་ནས་གླུ་དང་གར་གྱིས་བོད་ཀྱི་ལོ་སར་བསུས་པ།
སྤྱི་ཟླ2པའི་ཚེས5ཉིན་གྱི་ཕྱི་དྲོར། འབར་ཁམས་ས་ཁུལ་གྱི2018ལོའི་བོད་ས་ཕོ་ཁྱི་ལོའི་ལོ་སར་གྱི་རྟེན་འབྲེལ་མཛད་སྒོ་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་དབུས་ཏེ་འབར་ཁམས་གྲོང་ཁྱེར་གྱི་རིག་གནས་ཕོ་བྲང་གི་ཐང་ནས་གཟབ་རྒྱས་ངང་སྤེལ་བ་རེད།
འབར་ཁམས་ས་ཁུལ་གྱི་འཁྲབ་སྟོན་པའི་སྙན་ཞིང་འཇེབས་པའི་གླུ་དབྱངས་དང་སྟངས་སྟབས་ལེགས་པའི་ཞབས་བྲོ་ལས་མི་རིགས་ཁག་གི་བུ་དང་བུ་མོས་ལོ་གསར་པ་བསུ་བའི་དགའ་སྤྲོའི་རྣམ་པ་ཁེངས་ཡོད།
རྟེན་འབྲེལ་མཛད་སྒོའི་སྔ་ཉིན་ལ། མཛེས་ཤིང་སྡུག་པའི་འབར་ཁམས་སུ་བཀྲ་ཤིས་པའི་ཁ་བ་དཀར་པོས་སྐྱེ་འགྲོ་ཀུན་ལ་ཁྲུས་གསོལ་ཏེ། དུས་སུ་བབ་པའི་ཁ་བ་དཀར་བོ། ལོ་ལེགས་འབྱུང་བའི་རྟེན་འབྲེལ་ཡིན་ཞེས་པའི་ཁ་དཔེ་ལྟར། དྲི་མེད་དྭངས་གཙང་གི་ཁ་བ་དཀར་བོས་ཡངས་པའི་ས་གཞི་དང་རོང་འབྲོག་མང་ཚོགས་ལ་བཀྲ་ཤིས་པའི་རྟེན་འབྲེལ་བསྩལ་བྱུང་།
བྱེད་སྒོ་སྤེལ་བའི་ཉིན་དེར། དྲོད་འཇམ་ཉི་འོད་ཁྲོད། མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཤིང་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་ནས་ཁུལ་རིག་གནས་ཕོ་བྲང་ཐང་ཆེན་དུ་སྔ་མོ་ནས་འཛོམས་ཏེ། འབར་ཁམས་ས་ཁུལ་གྱི་བོད་ས་ཕོ་ཁྱི་ལོའི་བོད་ཀྱི་ལོ་སར་གྱི་རྟེན་འབྲེལ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ལ་སྒུག་འདུག
སྔོ་བསངས་ནམ་མཁའ། རབ་དཀར་ཆུ་འཛིན། ཀློང་ཡངས་ནགས་ཚལ། ལྷ་བསང་དཀར་པོ། རླུང་རྟ་དཀར་པོ། གྲོ་སོ་ཕྱེ་མར། ཞིམ་མངར་ནས་ཆང་། དགེ་བཅུའི་དཔལ་བཟང་རྒྱས་པའི་ནགས་ལྗོངས་འབར་ཁམས་ནས། བཀྲ་ཤིས་བྱ་ལོ་ཕར་ལ་བསྐྱལ་ཏེ། གཞུང་དྲང་ཁྱི་ལོ་ཚུར་ལ་བསུས་བྱུང་། བཀྲ་ཤིས་བདེ་ལེགས་འཛོམས་པའི་ཉིན་མོ་འདིར། རྒན་པོ་མགོ་དཀར་གྱིས་བཀྲ་ཤིས་པའི་ཁ་གཡང་སྒྲོག་བཞིན་བསང་མཆོད་རྒྱ་ཆེན་བཤམས་ཤིང་། རྒྱལ་མོ་ཚ་བ་རོང་གི་བཀྲ་ཤིས་པའི་སྐོར་བྲོས་ལོ་གསར་རིག་རྩལ་གྱི་སྒོ་འཕར་ཡོངས་སུ་ཕྱེས་ཤིང་། དེར་མཐུད་མཐོ་སྒང་གི་སྨོན་འདུན་དང་ལོ་ལེགས། དུས་ཆེན་གྱི་རྟེན་འབྲེལ། ཆེས་སྙན་པའི་གླུ་དབྱངས་ཨ་མར་ཕུལ་ཞེས་པ་སོགས་ལས་རྔ་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ཞི་མཐུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་བར་མ་ཟད། ཞབས་བྲོ་འབར་ཁམས་ཀྱི་བུ་མོ། རྔ་བྲོ་སོགས་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པས་ལྟད་མོ་བ་ཡོངས་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་ཅིང་། དུས་ཆེན་གྱི་དགའ་སྤྲོའི་དཔལ་ལ་ཅི་དགར་རོལ།
འབར་ཁམས་གྲོང་རྡལ་ནས་ཕེབས་པའི་ཚེ་བརྟན་གྱིས་ཐེངས་འདིའི་མཛད་སྒོར་ཚ་བུ་གཉིས་ཁྲིད་ནས་ལྟ་རུ་ཡོང་བ་ཡིན། ཆུང་དུས་ནས་བུ་རབས་ཚ་རྒྱུད་ལ་སྲོལ་རྒྱུན་དུས་ཆེན་སོགས་བོད་ཀྱི་རིག་གནས་ཀྱི་བག་ཆགས་འཇོག་དགོས་ཞེས་བཤད་བྱུང་།
མཐར་རྔ་ལྗོངས་གཡང་གི་ར་བར་འཚོ་ཞིང་གནས་པའི་ཡུལ་མི་སྤུན་ཟླ་རྣམས་ལ་གནམ་ལོ་གསར་བའི་ནང་དུ་བྱ་གཞག་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་པའི་ཁ་གཡང་དང་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་ཞིང་སྐྱིད་པའི་ཕུགས་འདུན་མངོན་དུ་འགྱུར་བའི་རེ་སྨོན་དང་བཅས་ཐེངས་འདིའི་བོད་ཀྱི་ལོ་སར་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྒྲིལ་བ་རེད།