མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་བྱ་དགའ་གནང་བའི་དགོང་ཚོགས་བསྡུས།
སྐད་གྲགས་ཆེ་བའི་རྡུང་ལེན་པ་དཔལ་མགོན།
མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་བྱ་དགའ་གནང་བའི་དགོང་ཚོགས།
མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་བྱ་དགའ་གནང་བའི་དགོང་ཚོགས།
གླུ་བ་སྒྲོལ་མ་སྐྱབས་དང་ཤེར་བསྟན།
མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་བྱ་དགའ་ཐོབ་མཁན་རྡུང་ལེན་པ་སྐལ་བྷེ།
སྤྱི་ཟླ11པའི་ཚེས12ཉིན་གྱི་དགོང་མོར། མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་བྱ་དགའ་གནང་བའི་དགོང་ཚོགས《རྒྱུད་སྐུད་སྟེང་གི་རྨི་ལམ》ཞེས་པ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུང་ཅིན་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐའེ་ཀྲང་གཞོན་པ་རྣ་བྷ། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ལྟད་མོ་བ་མང་པོའི་དགའ་འབོད་ཁྲོད་དགོང་ཚོགས་ཀྱི་ཡོལ་རས་དངོས་སུ་ཕྱེས།
དགོང་ཚོགས་འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། དུས་རབས་གསར་བར་བསྟོད་གླུ་འབུལ་ཅིང་འཚོ་བ་གསར་བར་བསྔགས་བརྗོད་བྱེད་པ་བརྗོད་གཞིར་བཟུང་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་གྱི་དབྱངས་འགྲོས་དང་འགྲོགས་ནས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་བསྟོད་བསྔགས་དང་། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་སྒྱུ་རྩལ་འདི་ཉིད་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བའི་ཐད་འབད་པ་ལྷུར་ལེན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་དར་རྒྱས་གོང་འཕེལ་དུ་བཏང་སྟེ། སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ལ་དོན་གཉེར་ཆེ་བའི་འཇོན་མི་མང་པོ་གསོ་སྐྱོང་བྱེད་པའི་གར་སྟེགས་ཤིག་བསྐྲུན་རྒྱུར་བརྩོན་ལེན་བྱ་རྒྱུ་དེའོ།།
གསར་འགོད་པས་འབྲེལ་ཡོད་མི་སྣ་དག་ལས་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དགོང་ཚོགས་སྟེང་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རྡུང་ལེན་སྒྱུ་རྩལ་པ་བརྒྱར་ཉེ་བ་ཞིག་དངོས་སུ་ཞུགས་ཡོད་ལ། དེའི་ཁྲོད་སྟོད་མངའ་རིས་དང་། དིང་རི། ལྷ་རྩེ། གཞིས་ཀ་རྩེ་སོགས་ནས་ཕེབས་པའི་དམངས་ཁྲོད་སྒྱུ་རྩལ་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ནས་ཕེབས་པའི་ཆེད་ལས་སྒྱུ་རྩལ་པ། དེ་མིན་མདོ་ཁམས་ཕྱོགས་སུ་སྐད་གྲགས་ཆེ་བའི་རྡུང་ལེན་པ་དཔལ་མགོན་དང་། རྡོ་རེད། སྒྲོལ་མ་སྐྱབས། ཤེར་བསྟན། བསམ་འགྲུབ་ཚེ་རིང་སོགས་ཀྱིས་རྐྱང་ལེན་དང་། མཉམ་ལེན་སོགས་རྣམ་པ་འདྲ་མིན་སྤྱད་ནས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་གྱི་ཉིང་བཅུད་སྔོག་འདོན་བྱེད་ཅི་ཐུབ་བྱས་ཡོད་པས། སྲོལ་རྒྱུན་གྱི་དྲི་ངད་རབ་ཏུ་འཐུལ་ཞིང་སྒྱུ་རྩལ་གྱི་རིན་ཐང་ཆེས་ཆེར་ལྡན།
དེ་མིན་འཁྲབ་སྟོན་གྱི་བར་མཚམས་དག་ཏུ་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་ཁྲོད་བྱ་དགའ་ཐོབ་པའི་རྡུང་ལེན་པ་དག་ལ་བྱ་དགའ་སྟེར་བའི་ལས་རིམ་གྱིས་ཟུར་བརྒྱན་པས་དགོང་ཚོགས་ལ་ཁ་དོག་གཞན་ཞིག་བསྣན་ཡོད་པ་མ་ཟད། སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱིས་སྒྲ་སྙན་རྡུང་ལེན་དང་འབྲེལ་བའི་བཞད་གར་ཞིག་ཀུན་གྱི་གཟིགས་མོར་བཤམས་པས་དགོང་ཚོགས་ཀྱི་མཛེས་པ་མཐོ་ནས་མཐོ་རུ་བསྟད་ཡོད།
དགོང་ཚོགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ནི་སྒྲ་སྙན་རྡུང་ལེན་གྱི་ཆུ་མགོར་གྲགས་པའི་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་གྱི་སྒྱུ་རྩལ་གྱི་རྣམ་པ་མང་པོ་གུང་བསྒྲིགས་ཤིང་འཁྲབ་སྟོན་བྱས་པས། ཆུ་མགོ་གངས་ལ་གཏུགས་པའི་དཔེ་བཞིན་རིག་གནས་ཀྱི་འབྱུང་ཁུངས་རྙེད་ཐུབ་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་ཐུབ་པ་མ་ཟད། ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ཀྱག་ཀྱོག་གི་ལོ་རྒྱུས་ལ་ཕྱིར་རྟོག་དང་། བོད་ཡུལ་མདོ་དབུས་ཁམས་གསུམ་ནས་རང་རང་གི་འཚོ་བ་དང་འབྲེལ་ནས་སྒྱུ་རྩལ་གྱི་རྣམ་པ་འདིར་གནས་འགྱུར་ཅི་ལྟ་བུ་ཞིག་བྱུང་ཚུལ་གཟུགས་ཅན་བཞིན་ཀུན་གྱི་སྤྱན་ལམ་བསྟར་ཐུབ་པས། ཞིབ་འཇུག་རྒྱུས་ལོན་གྱི་རིན་ཐང་ཆེས་ཆར་ལྡན་པའི་ཁར་ལམ་ཁ་འདིར་ཞུགས་དང་ཞུགས་བཞིན་པ་དག་ལ་སྒྱུ་རྩལ་འཚོལ་སྙེག་གི་ལམ་སྟོན་སྒྲོན་མེ་ལྟ་བུར་འགྱུར་ཐུབ་བསམ།
དགོང་ཚོགས་འདི་ལོ་སར་སྐབས་སུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ནས་ཇི་བཞིན་དུ་རྒྱ་ཆེའི་ལྟད་མཁན་དང་ཉན་མཁན་རྣམས་ལ་ལེགས་སྐྱེས་སུ་འབུལ་རྒྱུ་རེད།