མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པ་ཡོངས་སུ་མཇུག་སྒྲིལ།
མདོ་འཛིན་པ་དག
གསེར་ལྡན་སྟོན་གྱི་རང་སྒྲ་མི་ཡུལ་དུ་བབས་ཤིང་སྣ་ཚོགས་ཁུར་གྱིས་དུད་པའི་འབྲས་བཟང་གི་མགོ་ལྕོགས་ཀུན་ནས་དུད་པའི་དུས་ཡག་ལོ་བཟང་གི་སྐབས་འདིར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའང་ཛ་དྲག་ཆེ་བའི་འགྲན་རྩོད་ཀྱི་སྐད་ངག་དང་དཀྲོལ་རྩལ་ངོམས་པའི་རྩེ་མོར་སོན་ཏེ་ཟླ་འདིའི་ཚེས24ཉིན་རྟིང་རྩོད་རིམ་པ་ཡོངས་སུ་མཇུག་རྫོགས།
དཔྱད་འདེམས་པ་རྣམ་པ།
སྨྱན་བྱད་དཔྱད་འདེམས་པ་དག
བྱ་དགའ་ཨང་དང་པོ་ཐོབ་མཁན་སྐལ་བྷེ།
དེ་ཡང2017ལོའི་ཟླ4བའི་ཚེས1ཉིན་འགྲན་ཚོགས་ཆེན་མོ་འདི་བསྡུ་རྒྱུ་ཡིན་པའི་བརྡ་ཐོ་དངོས་སུ་བཏང་བ་དང་། དེར་མཐུད་ནས་ཟླ་ངོ་གཉིས་ལྷག་གི་རིང་ལ་འབྲེལ་ཡོད་ཀྱི་གསལ་བརྡ་དང་ངོ་སྤྲོད་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཁྱབ་བསྒྲགས་བྱས་ཏེ་འགྲན་སྡུར་གྱི་རྣམ་པ་དང་དམིགས་ཡུལ། འཆར་འགོད་སོགས་ཀུན་ལ་ངོ་སྤྲོད་གསལ་ཐག་ཆོད་པ་ཞིག་བྱས།
བྱ་དགའ་ཨང་གཉིས་པ་ཐོབ་མཁན་ངག་དབང་།
བྱ་དགའ་ཨང་གཉིས་པ་ཐོབ་མཁན་ཚེ་བརྟན།
ཟླ6པའི་ཚེས1ཉིན་ཟི་ལིང་དང་མཚོ་ཤར་འགྲན་ཁུལ་གྱི་གདན་འདྲེན་ཞུ་ཡིག་དངོས་སུ་བཏང་པས་ཐོག་མའི་འགྲན་སྡུར་གྱི་སྒོ་འཕར་ངང་གིས་ཕྱེས་ཤིང་། ཟླ་དེའི་ཚེས8ཉིན་ཟི་ལིང་དང་མཚོ་ཤར་འགྲན་ཁུལ་གྱི་འགྲན་སྡུར་ཟི་ལིང་དུ་བསྡུས།
ཟླ6པའི་ཚེས15ཉིན། མཚོ་འགྲམ་བོད་གྲོང་རྐང་ཚ་ནས་མཚོ་བྱང་དང་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་བསྡུས།
ཟླ6པའི་ཚེས20ཉིན། ཆབ་ཆ་གྲོང་རྡལ་དུ་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་བསྡུས།
ཟླ6པའི་ཚེས25ཉིན། རོང་བོ་གྲོང་རྡལ་དུ་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་བསྡུས།
ཟླ6པའི་ཚེས29ཉིན། ཀན་ལྷོ་བསང་ཆུ་རྫོང་དུ་ཀན་སུའུ་འགྲན་ཁུལ་གྱི་འགྲན་སྡུར་བསྡུས།
ཟླ7པའི་ཚེས4ཉིན། མཛོད་དགེ་རྫོང་དུ་ཟི་ཁྲོན་འགྲན་ཁུལ་གྱི་འགྲན་སྡུར་བསྡུས།
ཟླ7པའི་ཚེས14ཉིན། མགོ་ལོག་རྟ་བོར་གྲོང་རྡལ་དུ་མགོ་ལོག་དང་ཡུལ་ཤུལ་འགྲན་ཁུལ་གྱི་འགྲན་སྡུར་བསྡུས་ཏེ་ཐོག་མའི་འགྲན་སྡུར་གྱི་རིམ་པ་ཡོངས་སུ་མཇུག་སྒྲིལ།
མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་སྒྲ་ལེན་ཕབ་སྐྲུན་ཚན་ཆུང་སྔ་གཞུག་ཏུ་གོང་གསལ་གྱི་འགྲན་ཁུལ་འདི་དག་ལ་བསྐྱོད་དེ་ཐོག་མའི་འགྲན་སྡུར་གྱི་རིམ་པ་ནན་ཏན་གྱིས་སྤེལ་ཞིང་། མཐར་འགྲན་ཁུལ་བདུན་ནས་འགྲན་ཞུགས་པ་རེ་བརྒྱད་བསྐྱར་འགྲན་དུ་ཚུད།
བྱ་དགའ་ཨང་གསུམ་པ་ཐོབ་མཁན་ཚེ་དཔག་སྐྱབས།
བྱ་དགའ་ཨང་གསུམ་པ་ཐོབ་མཁན་མགོན་པོ་སྐྱབས།
བྱ་དགའ་ཨང་གསུམ་པ་ཐོབ་མཁན་བན་དེ་ཚེ་རིང་།
ཟླ9བའི་ཚེས6ཉིན་བསྐྱར་འགྲན་དུ་ཚུད་པའི་འགྲན་ཞུགས་པ་དག་འགྲན་སྐོར་གཉིས་སུ་དགར་ནས་འགྲན་སྡུར་ལ་ཞུགས་ཤིང་། བསྐྱར་འགྲན་ཁྲོད་ཐད་ཀར་འགྲན་རྒྱལ་བྱུང་སྟེ་རྟིང་རྩོད་དུ་ཚུད་མཁན་དང་། འགྲན་སྒུག་གི་རིམ་པ་བརྒྱུད་དེ་འགྲན་ཡ་གང་ལས་རྣམ་པར་རྒྱལ་ཚེ་རྟིང་རྩོད་དུ་ཚུད་ཐུབ་པའི་རིགས་གཉིས་སུ་དགར་ཞིང་། ཉིན་གསུམ་རིང་གི་ཚ་ཚ་འུར་འུར་གྱི་འགྲན་སྡུར་བརྒྱུད་མཐར། ཟླ9བའི་ཚེས་བརྒྱད་ཉིན་བསྐྱར་འགྲན་རིམ་པ་ཡོངས་སུ་མཇུག་རྫོགས། འགྲན་ཞུགས་པ་དག་གིས་རང་རང་གི་འགྲན་བྱའི་ཨང་རིམ་རྒྱན་བླངས་ཏེ་འགྲན་སྡུར་བྱས་ཤིང་། དེའི་ནང་རྟིང་རྩོད་དུ་ཞུགས་ཆོག་པའི་འགྲན་ཞུགས་པ་སོ་གཅིག་བདམས་ཐོན་བྱུང་།
ཕུལ་བྱུང་བྱ་དགའ་ཐོབ་མཁན་དག
ཕུལ་བྱུང་བྱ་དགའ་ཐོབ་མཁན་དབྱངས་ཅན་སྒྲ་སྙན་རོལ་ཚོགས།
ཟླ9བའི་ཚེས23ཉིན་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་རྟིང་རྩོད་འགྲན་སྡུར་གནའ་མཁར་ཟི་ལིང་དུ་སྤེལ། ཐེངས་འདིའི་རྟིང་རྩོད་འགྲན་སྡུར་ཁྲོད་འགྲན་སྡུར་སྔོན་མ་གཉིས་ཀྱི་དཔྱད་འདེམས་པ་དྲུག་པོ་ལྷན་དུ་འཛོམས་ནས་དཔྱད་འདེམས་བྱས་པར་མ་ཟད། ཞིན་ཧྭ་གསར་འགྱུར་ཁང་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་གསར་འགྱུར་སྨྱན་བྱད་ལས་ཁུངས་བཅུ་གཅིག་གདན་ཞུ་བྱས་ནས་འགྲན་ཞུགས་པར་རྟིང་ཐག་གཅོད་པའི་གོ་རིམ་ཁ་སྣོན་བྱས་ཏེ་དཔྱད་འདེམས་སྐར་འགོད་ཀྱི་རྣམ་པ་དྲང་བདེན་དྲང་གཞག་ཡོང་བར་དགོས་ངེས་ཀྱི་ཆ་རྐྱེན་སྣ་ཚོགས་བསྐྲུན། གཞན་ཡང་ཡུལ་དངོས་གཉིས་པ་ཞེས་པ་གསར་དུ་བསྣན་ནས་འགྲན་སྡུར་ཡུལ་དངོས་ཀྱི་གནས་ཚུལ་བརྙན་འཕྲིན་ཇི་བཞིན་དུ་འགྲན་ཞུགས་མི་སྣ་དག་ལ་བསྟན་ནས་གྲ་སྒྲིག་གང་ལེགས་བྱ་རུ་བཅུག་པ་དང་། འགྲན་སྡུར་མ་བྱས་སྔོན་ལ་བཅར་འདྲིའི་ཁ་བརྡ་བྱས་ནས་དངངས་འཚབ་ཀྱི་སེམས་ཁམས་སྙོམས་སྒྲིག་བྱས་ཏེ་འགྲན་ཞུགས་པ་རྣམས་ཀྱིས་རང་རང་གི་རྩལ་ངོམས་ཐུབ་པར་རོགས་འདེགས་གང་ལེགས་བྱས། མཐར་ཆུ་ཚོད་བཞི་རིང་གི་འགྲན་སྡུར་བརྒྱུད་འགྲན་ཞུགས་པ་བཅུ་དྲུག་རྟིང་རྩོད་འཕར་མའི་གྲས་སུ་ཚུད།
དེ་རིང་སྟེ་ཟླ་འདིའི་ཚེས24ཉིན་འགྲན་ཞུགས་པ་དག་གིས་རང་རང་གི་རྩལ་ནུས་ཡོངས་སུ་སྤྲུགས་ཏེ་ལྡེམ་མྱུར་སོར་མོའི་རྩལ་བཏོན་ཞིང་སྙན་མོ་ངག་གི་སྒོ་འཕར་ཕྱེས་ཏེ་འགྲན་སྡུར་མཐའ་འཁྱོལ་བ་བྱས་མཐར། བསང་ཆུ་སྔོན་མོའི་འགྲམ་རྒྱུད་ནས་ཐོན་པའི་འགྲན་ཞུགས་པ་སྐལ་བྷེ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། འགྲན་ཞུགས་པ་ངག་དབང་དང་ཚེ་བརྟན་གཉིས་ལ་ཨང་གཉིས་པའི་བྱ་དགའ་ཐོབ། འགྲན་ཞུགས་པ་ཚེ་དཔག་སྐྱབས་དང་། བན་དེ་ཚེ་རིང་། མགོན་པོ་སྐྱབས་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ། ཕུལ་བྱུང་བྱ་དགའ་ཐོབ་མཁན་ནི་ཛཾ་དཀར་སྐྱིད་དང་། སྐལ་བཟང་། བསྟན་འཛིན། དཔལ་ཆུང་ཀུན་བཟང་སྙན་བསྟན། ཕུར་བ་རྒྱལ། སྐལ་བཟང་རྣམ་གྲོལ། མགོན་པོ་སྐྱབས། དབྱངས་ཅན་སྒྲ་སྙན་རོལ་ཚོགས། གར་དབང་། བླ་མ་བཀྲ་ཤིས་བཅས་ཡིན།
རྟིང་རྩོད་འགྲན་སྡུར་ཁྲོད་ཞུགས་པའི་འགྲན་ཞུགས་པ30ལ་དྲ་ངོས་ནས་འདེམས་ཤོག་འཕང་སྟེ་ཆེས་དགའ་བསུ་ཐོབ་པའི་འགྲན་ཞུགས་པ་གཅིག་འདེམས་རྒྱུ་ཡིན་ལ། འདེམས་ཤོག་འཕེན་པའི་དུས་ཚོད་ནི་ཟླ10བའི་ཚེས1ནས་ཚེས25བར་ཡིན་ལ། འབྲེལ་ཡོད་དྲ་གནས་སྐབས་དེར་ཀུན་ལ་གསལ་སྒྲོག་བྱ་རྒྱུ་ཡིན། གཞན་ཡང་ཟླ་བཅུ་གཅིག་པའི་ཟླ་སྟོད་དུ་ང་ཚོས་ཆེད་དུ་བྱ་དགའ་སྟེར་བའི་སྒྲ་སྙན་དགོང་ཚོགས་བསྡུས་ཏེ། རེབ་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་སྒྲ་སྙན་རྡུང་ལེན་པ་དག་ལ་བྱ་དགའ་སྟེར་རྒྱུ་ཡིན།