མཚོ་སྔོན་གྱི་གླུ་བ་ཨ་ཀྱཱ་ཡི《མཛེས་སྡུག་གི་མཚོ་ལྷོ་ང་ཡི་ཕ་ཡུལ》ཞེས་པའི་རྐྱང་གཞས་འགྲེམ་ལ་ཉེ།
མཚོ་སྔོན་གྱི་བོད་རིགས་གླུ་བ་ཨ་ཀྱཱ།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་བོད་རིགས་གླུ་བ་ཨ་ཀྱཱ་ཡིས《མཛེས་སྡུག་གི་མཚོ་ལྷོ་ང་ཡི་ཕ་ཡུལ》ཞེས་པའི་རྐྱང་གཞས་མི་འགྱངས་པར་སྤེལ་རྒྱུ་ཡིན་པ་རེད།
ཨ་ཀྱཱ་ཡི་མིང་དངོས་ལ་འཕགས་པ་སྐྱབས་ཟེར་ཞིང་། 1985ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་རྩྭ་ཐང་དུ་སྐྱེས་པ་དང་། ཆུང་དུས་ནས་གླུ་གཞས་ལེན་པར་སྤྲོ། 2005ལོར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ནས་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་རྒྱུགས་འཕྲོད། སློབ་གྲྭ་ན་ཡོད་དུས་སྐབས་བཅུ་གསུམ་པའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་གླུ་བ་བཅུའི་འགྲན་བསྡུར་ལས་བྱ་དགའ་ཨང་གཉིས་པ་ཐོབ་མྱོང་བ་མ་ཟད་བྱ་དགའ་གཞན་གང་མང་ཡང་ཐོབ་མྱོང་། དགེ་རྒན་དང་སློབ་གྲོགས་རྣམས་ཀྱི་ཁྲིད་སྟོན་དང་རོགས་སྐྱོར་འོག་དེང་རབས་རྣམ་པའི་བོད་ཀྱི་གླུ་གཞས་གང་མང་གསར་རྩོམ་བྱས་ལ། སློབ་མཐར་ཕྱིན་རྗེས་ཀྱང་སྔར་བཞིན་བོད་ཀྱི་གླུ་གཞས་ལ་སྙེག་པའི་ཕུག་བསམ་ཡིད་ལ་རུམ་ཏེ་ཤཱ་ཏུའུ་གླུ་གར་ལྟེ་གནས་དང་མཉམ་འབྲེལ་ཡིག་རྟགས་བཀོད་དེ་གླུ་བའི་སྣེ་ཁྲིད་པར་བྱས། དེའི་མཚུངས་སུ་གར་སྟེགས་ཀྱི་ཉམས་མྱོང་གསོག་པ་དང་བོད་མི་རིགས་ཀྱི་རོལ་མོ་སྔར་ལས་དར་སྤེལ་གཏོང་བར་སྤྱི་ཚོགས་ཀྱི་སྤྱི་ཕན་འཁྲབ་སྟོན་གང་མང་ལ་ཞུགས་ཤིང་། 2011ལོར་འབའ་རྫོང་བོད་ཀྱི་ལོ་སར་དགོང་ཚོགས་སུ་གདན་དྲངས་པ་ལྟར་འཁྲབ་སྟོན་ལ་ཞུགས་ཏེ་ཡུལ་མི་སྤུན་ཟླ་རྣམས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་མི་དམན་པ་ཐོབ།
ཨ་ཀྱཱ་ཡི་རོལ་མོར་ཁྱད་དུ་འཕགས་པའི་མི་རིགས་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་རྣམ་པ་དོད་ཅིང་། 2013ལོ་ནས་བཟུང་སྟེ་ཕ་ཡུལ་མཚོ་ལྷོ་དང་འབྲེལ་བའི《མཛེས་སྡུག་གི་མཚོ་ལྷོ་ང་ཡི་ཕ་ཡུལ》ཞེས་པའི་གླུ་གཞས་གསར་རྩོམ་བྱས་ཏེ་ད་ལྟ་དངོས་སུ་ལེགས་འགྲུབ་བྱུང་ཟིན་ལ། མི་འགྱངས་པར་རྒྱ་ཆེ་བའི་གཞས་དུངས་གྲོགས་པོ་རྣམས་ཀྱི་སྤྱན་སྔར་ཕུལ་ངེས།