བརྩེ་བའི་འགྱུར་ཁུག་ཅེས་པའི་ཆེད་བསྒྲིགས་ཀྱི་ཐོག་མའི་སྐད་ཆ།
བརྩེ་བའི་འགྱུར་ཁུག་ཅེས་པའི་ཆེད་བསྒྲིགས་ཀྱི་ཐོག་མའི་སྐད་ཆ།
གླུ་བ་བསམ་ཁོ།
བརྩེ་བའི་འགྱུར་ཁུག་ཅེས་པའི་ཆེད་བསྒྲིགས་ཀྱི་ཁྱབ་སྒྲོག་པར་རིས།
བརྩེ་བའི་འགྱུར་ཁུག་ཅེས་པའི་ཆེད་བསྒྲིགས་འདི་ནི་ཁོ་བོའི་ཆེད་བསྒྲིགས་ཨང་གསུམ་པ་ཡིན་ལ། ཕ་སྐད་དང་མ་ཡིག་གཙང་མའི་ཆེད་བསྒྲིགས་ཐོག་མའང་ཡིན་པས། འདིའི་ཐོག་མའི་གྲ་སྒྲིག་དང་བར་གྱི་ལག་བསྟར། མཐའ་མའི་མཇུག་བསྡུ་སོགས་གང་ཅིའི་ཐད་ལའང་གཞན་དང་མི་འདྲ་བའི་སེམས་ཁུར་དང་དཀའ་ལས་བྱས་ཡོད་ལ། སྔོན་དང་མི་མཚུངས་བའི་བཀའ་འདྲི་དང་རྒྱུས་ལོན་ཡང་ཞིབ་ཚགས་ཤིག་བྱ་ཁུལ་དུ་ཡོད་པས། ཅི་ནུས་གང་ནུས་ཀྱིས་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། རྣམ་པར་བཀྲ་བའི་དེང་རབས་ཀྱི་མཐོང་སྣེ་གསར་བ། བདེ་སྐྱིད་ལྡན་པའི་མ་འོངས་ཀྱི་རེ་བ་དྲོན་མོ་བཅས་ཡོད་ཚད་སྙན་མོ་གླུ་ཡི་དབྱངས་རྟ་དང་འགྲོགས་ནས་རྒྱ་ཆེ་བའི་ལྟད་མོ་བ་རྣམ་པའི་ཁྲ་ཆུང་མིག་གི་ལོངས་སྤྱོད་དང་། གསེར་སྙན་བུམ་པའི་བདུད་རྩི། གངས་དཀར་སེམས་ཀྱི་རྒྱགས་ཕྱེ་རུ་ཕུལ་བ་ལགས།
བཅུ་གསུམ་གླུ་ཡི་མཆོད་པ་འདིས་ས་གཞི་ཨ་མར་བཅིངས་བའི་རླབས་ཆེན་གྱི་བརྩེ་བ་ནས། རང་གི་རིགས་ལ་བཟུང་བའི་དཀྱེལ་ཡངས་ཀྱི་མཛའ་བརྩེ། ཆུང་འདྲིས་བྱམས་པར་ཕྱོགས་པའི་ལྷད་མེད་ཀྱི་དུང་བརྩེ་སོགས་རེ་རེ་བཞིན་རི་རབ་ཀྱི་ཟིལ་ཤུགས་དང་། སྤང་ཐང་གི་ཡངས་ཤུགས། རྒྱ་མཚོ་ཡི་ལྡེམ་ཤུགས་བཅས་ཀྱིས་ལྷོ་སྤྲིན་འཁྲིགས་འཁྲིགས་དང་། སྦྲང་ཆར་འབབ་འབབ། གཙང་ཆབ་བཞུར་བཞུར་གྱིས་ལྷགས་ཡོང་གིན་ཡོད་ཀྱང་། ཁྱེད་རྣམ་པ་སྟེ། མཐུན་སྒྲིལ་དང་ཞི་བདེ་ལ་དད་པའི་བདེན་སྟོབས་ཀྱི་མཐུ་མ་ཡལ་བ། སྐད་ཡིག་དང་རིག་གནས་ལ་དུང་བའི་ལྷག་བསམ་གྱི་མདངས་མ་ཉམས་པ། སྙན་ངག་དང་བརྩེ་དུང་ལ་ཞེན་པའི་དུང་སེམས་ཀྱི་དྲོད་མ་ཡལ་བའི་ཕུ་ནུ་མིང་སྲིང་རྣམས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་མེད་ན། ཡོད་ཚད་དགོད་མཁན་མེད་པའི་གར་ཆུང་དང་། ལྟ་མཁན་མེད་པའི་ཞབས་བྲོ། ཉན་མཁན་མེད་པའི་གླུ་བ་ཙམ་དུ་འགྱུར་སྲིད་པས། ཅིས་ཀྱང་འགྲོ་ཕྱོགས་ནོར་ན་ཕྱོགས་སྟོན་དང་། འགྲོ་སྟངས་ནོར་ན་ཡོ་བསྲིངས། འགྲོ་རྟ་ཆད་ན་རོགས་སྐྱོར་བཅས་གནང་བར་མཁྱེན་མཁྱེན་ཞེས་ཞུས་པ་ལགས།